རྒྱལ་ཁབ་ཕྱི་ནང་གི་བྲག་བརྐོས་རི་མོའི་ཆེད་མཁས་པ་ཟི་ལིང་དུ་མཉམ་འཛོམས་ཀྱིས་ཡུལ་ཤུལ་གནའ་བོའི་བྲག་བརྐོས་རི་མོར་ཞིབ་འཇུག་དཔྱད་གླེང་བྱས་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 08-03


        ཟླ8པའི་ཚེས1ཉིན་ཡུལ་ཤུལ་བྲག་བརྐོས་རི་མོར་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་དཔྱད་གླེང་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་བསླབ་གཞི་རྩ་འཛུགས་རྒྱལ་སྤྱིའི་བྲག་བརྐོས་རི་མོའི་ཞིབ་འཇུག་མཉམ་འབྲེལ་ཚོགས་པའི་སྐབས་དང་པོའི་ཀྲུའུ་ཞི་ཨེ་མན་ཉིའར་ཨ་ན་ཏི་དང་ད་ལྟ་ཀྲུའུ་ཞིའི་འགན་འཛིན་པ་པུན་ཅེ་མེན་ཧྲི་མུས་ཟི། རྒྱལ་ནང་བྲག་བརྐོས་རི་མོའི་ཞིབ་འཇུག་ལྟེ་གནས་ཡི་ཀྲུའུ་རིན་ཀྲང་ཡ་ཧྲ། དེ་མིན་ཀྲུང་གོའི་མི་དམངས་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཀྲུང་དབྱང་སློབ་ཆེན་སོགས་རྒྱལ་ནང་གི་སློབ་གྲྭ་ཆེན་མོ་ཁག་གི་བྲག་བརྐོས་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་ཤེས་ལྡན་པ་དག་དཔྱད་གླེང་ལ་ཞུགས་པ་རེད།
ཡུལ་ཤུལ་བྲག་བརྐོས་རི་མོར་ཞིབ་འཇུག་དཔྱད་གླེང་བྱེད་པའི་ཡུལ་དངོས།

        ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། དེ་ཡང་2013ལོའི་ཟླ་12པ་ནས་2016ལོའི་ཟླ་4པའི་དབར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གི་ལས་བྱེད་མི་སྣ་དགུ་ཆུའི་འབབ་ཡུལ་བརྒྱུད་སྔ་གཞུག་ཏུ་ཐེངས་13ལྷག་ལ་བྲག་བརྐོས་རི་མོར་བརྟག་དཔྱད་བྱེད་པའི་བྱ་བ་སྒྲུབ་པ་དང་། དགུ་ཆུའི་འབབ་རྒྱུན་གྱི་ལི་ཁྲི་དང་དབང་ལྷ་སོགས་ས་ཁུལ་དུ་བྲག་བརྐོས་རི་མོ་སྐོར་21གསར་རྙེད་བྱུང་། ས་ཁུལ་30རུ་བྲག་བརྐོས་རི་མོ་ཁྱོན་བསྡོམས་410ལྷག་གསར་རྙེད་བྱུང་བ་དང་དེར་རི་མོ་རིགས་མི་འདྲ་བ་1700ལྷག་ཡོད།
        བྲག་བརྐོས་རི་མོའི་ནང་དོན་མང་ཤོས་ནི་རང་བྱུང་བྱ་དངོས་དང་སྲོག་ཆགས། མི་སྣ། བཟོ་བསྐྲུན། བཟོ་ལས་ཡོ་བྱད། མཚོན་རྟགས། སྐྱེ་འཕེལ་དབང་བོ་སོགས་ཡིན། དེའི་ཁྲོད་སྲོག་ཆགས་ཀྱི་འདྲ་རིས་ཀྱིས་མང་ཤོས་ཟིན་ཡོད་ལ། མི་སྣའི་འདྲ་རིས་ཅུང་ཉུང་། མང་ཤོས་ནི་རྔོན་པས་མདའ་འཕེན་པ་དང་འབྲོག་པ། ཞིང་བ། ལྷ་བ། གར་མཁན། སྐྱ་མི། འཐབ་མོ་བ་སོགས་ཀྱི་སྣང་བརྙན་མང་། མཚོན་རྟགས་འདྲ་རིས་ཅུང་ཕུན་སུམ་ཚོགས་ལ། གཡང་དྲུང་གི་རི་མོ“ 卍”འདི་མང་། བཟོ་བསྐྲུན་སྐོར་གྱི་འདྲ་རིས་ནི་སྤྱིར་བཏང་ནི་སྦྲ་གུར་དང་མཆོད་རྟེན་ཡིན། བཟོ་ལས་ཡོ་བྱད་སྐོར་གྱི་བྲག་བརྐོས་རི་མོ་ནི་སྤྱིར་བཏང་དུ་ཤིང་རྟ་དང་མདའ་འཁོར། རྡོ་བའི་སྟ་རེ་སོགས། རང་བྱུང་དངོས་གཟུགས་ཀྱི་འདྲ་རིས་གསར་རྙེད་བྱུང་བ་ཅུང་ཉུང་ཞིང་། མང་ཤོས་ནི་ཉི་མ་དང་ཟླ་བ། སྡོང་བོ་དང་ནས། པད་མ་སོགས་ཡིན། དེ་ལས་གཞན་ད་རུང་གནའ་བོའི་སྐྱེས་པ་དག་གི་སྐྱེ་འཕེལ་དབང་བོར་དད་མོས་བྱེད་པའི་འདྲ་རིས་ཡང་ཡོད།
  ཡུལ་ཤུལ་བྲག་བརྐོས་རི་མོ་ནི་ཀྲུང་གོའི་བྲག་བརྐོས་རི་མོ་ཧྲིལ་བོའི་སྒྲིག་གཞི་ཆེན་པོའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེར་རང་སྟེང་གི་དམིགས་གསལ་རང་བཞིན་དང་འཐུས་ཚབ་རང་བཞིན་ལྡན། དེ་མིན་གནའ་བོའི་བོད་རིགས་ཚོ་བ་དག་དང་དེའི་ཉེ་འཁོར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་འབྲེལ་བ་དམ་ཟབ་ལྡན། ཡུལ་ཤུལ་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ་དེས་དགུ་ཆུའི་འབབ་རྒྱུད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་དང་སྤྱི་ཚོགས་རིག་པ། མཛེས་རིས་རིག་པ། སྐད་བརྡ་རིག་པ། མིའི་རིགས་རིག་པ། སྐྱེ་ཁམས་ཁོར་ཡུག་རིག་པ་སོགས་རིག་ཚན་ལ་ཞིབ་འཇུག་བྱེད་པར་རིན་ཐང་བྲལ་བའི་བརྡ་འཕྲིན་མཁོ་སྤྲོད་གནང་ཡོད། ན་ནིང་པར་བསྐྲུན་བྱས་པའི་ཡུལ་ཤུལ་དགུ་ཆུའི་འབབ་རྒྱུད་ཀྱི་བྲག་བརྐོས་རི་མོའི་ཆེད་རྩོམ་དེབ་དེར་ཡིག་འབྲུ་ཁྲི40དང་དོན་དངོས་ཀྱི་འདྲ་པར་ཞིབ་འཇུག་དཔྱད་གཞིའི་ཡིག་ཆ་ཡིས་རྒྱལ་ནང་གི་རིག་གཞུང་ལས་རིགས་ཐད་ལ་དོ་སྣང་ཆེན་པོ་བྱུང་དུ་བཅུག་པ་རེད།
  ཤ་བོའི་གཟུགས་ཅན་གྱི་བྲག་བརྐོས་རི་མོའི་འདྲ་རིས། 
  ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ནི་ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྣེ་ཁྲིད་རྩ་འཛུགས་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་མོ་ལྡན་པའི་གནའ་རྫས་རྟོག་ཞིབ་པ་དང་བྲག་བརྐོས་རི་མོའི་ཆེད་མཁས་པ་གདན་འདྲེན་གྱིས་མཚོ་སྔོན་དུ་ཡོང་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དག་གི་རིག་གཞུང་སྟོབས་ཤུགས་ཀྱི་ཟིལ་ཤུགས་བརྒྱུད་ཡུལ་ཤུལ་བྲག་བརྐོས་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་ཡུལ་ཤུལ་གྱི་གནའ་རྫས་རྟོག་ཞིབ་རིག་གནས་ཞིབ་འཇུག་གི་གྲུབ་འབྲས་ལ་རོགས་སྒྲུབ་སྐུལ་འདེད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་བྱེད་པར་ཤུགས་བསྣན་ནས་ཡུལ་ཤུལ་ཀྱི་ཡུལ་སྐོར་རིག་གནས་ཀྱི་གཞི་རྒྱུར་ཁ་སྣོན་བྱས་ཏེ། ཡུལ་ཤུལ་གྱི་རིག་གནས་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་རེད།
  མཉམ་འབྲེལ་རྒྱལ་ཚོགས་བསླབ་གཞི་རྩ་འཛུགས་རྒྱལ་སྤྱིའི་བྲག་བརྐོས་རི་མོ་ཞིབ་འཇུག་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཀྲུའུ་ཞི་ཨེ་མན་ཉིའར་ཨ་ན་ཏི (གཡོན་གྱི་དང་པོ)དང་། ད་ལྟའི་ཀྲུའུ་ཞི་པུན་ཅེ་མེན་ཧྲི་མུས་ཟི།(གཡས་ཀྱི་དང་པོ )
 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1