¤ གནས་ཆེན་གྱི་ཨ་རང་བྱོན།
༡༩༩༧ལོའི་དབྱར་ཟླ་བདུན་པའི་ནང་དུ་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རྗེ་དགྲ་འདུལ་སོགས་དང་མཉམ་དུ་རྒྱལ་རོང་ཡུལ་གྱི་གནས་ཆེན་ཀ་ཀོང་སེང་གེ་གནམ་མཆོང་དུ་གནས་སྐོར་འགྲོ་རྒྱུའི་སྐལ་བ་ཪྙེད་ཅིང་། ང་ཚོ་གཟའ་འཁོར་གཅིག་གི་རིང་དུ་སྒྲུབ་ཕུག་ཏུ་བསྡད་ནས་གནས་སྐོར་ཞིབ་མོ་བྱས་པ་ཡིན། དེ་ཡང་གནས་ཆེན་ཀ་ཀོང་སེང་གེ་གནམ་མཆོང་ནི་ལོ་ཆེན་བཻ་རོ་ཙ་ནས་རྒྱལ་མོ་ཚ་བ་རོང་དུ་གནས་སྒོ་བརྒྱ་རྩ་བརྒྱད་ཕྱེས་པའི་ནང་ནས་གནས་ཆེན་གཙོ་བོ་ཞིག་ཡིན། གནས་ཆེན་འདི་ནི་ད་ལྟ་རྔ་བ་ཁུལ་གྱི་ཆུ་ཆེན་རྫོང་གི་ཀ་ཀོང་འབྲོག་སྡེའི་ཁོངས་གཏོགས་སུ་གནས་ཡོད། ཀ་ཀོང་ཞེས་པ་དེ་ཡུལ་གྱི་མིང་དང་སེང་གེ་གནམ་མཆོང་ཞེས་པ་ནི་སྒྲུབ་གནས་བྲག་ཕུག་གི་གཟུགས་དབྱིབས་སེང་གེ་དཀར་མོ་གནམ་ལ་མཆོང་པ་འདྲ་བས་མཚན་འདི་གསོལ་བ་རེད། ཡུལ་མི་ཚོའི་བསང་ཡིག་སོགས་ལས་ཀ་ཀོང་ཞེས་བ་ལ་ཀ་ཀུན་ཞེས་འབྲི་ཚུལ་གཞན་ཡང་མཐོང་རྒྱུ་ཡོད། དེང་སང་ཡུལ་མི་ཀུན་གྱི་ངག་རྒྱུན་དུ་ཀ་ཀོང་ཞེས་འབོད་སྲོལ་དུ་ཆགས་འདུག
གནས་ཆེན་ཀ་ཀོང་དུ་གནས་སྐོར་དུ་འགྲོ་དགོས་ན། ཐོག་མར་རྒྱལ་རོང་ཡུལ་གྱི་ལྟེ་གནས་འབར་ཁམས་ས་ཁུལ་ནས་རླངས་འཁོར་བསྡད་དེ་ཆུ་ཆེན་ཕྱོགས་སུ་སྤྱི་ལེ༦༠ལྷག་སོང་རྗེས་ཀ་ཀོང་ལུང་མདོར་སླེབས་ཐུབ། ལུང་མདོ་ན་རྒྱལ་རོང་བའི་ཁྱིམ་ཚང་ཁ་ཤས་འཚོ་གནས་བྱས་ཡོད། དེ་ནས་རི་རྐེད་ཀྱི་གྱ་གེ་གྱོག་གེའི་རྐང་ལམ་ཆུང་ཆུང་བརྒྱུད་དེ་དུས་ཚོད་བདུན་ཙམ་སོང་ཚེ། གནས་ཆེན་ཀ་ཀོང་སེང་གེ་གནམ་མཆོང་གི་སྒྲུབ་གནས་དེ་གནས་སྐོར་བ་ཚོའི་འདྲེན་བྱེད་ལམ་དུ་གསལ་ལེར་འཆར་ཡོང་། སྒྲུབ་ཕུག་ནི་གངས་རི་དང་རྫ་རི། སྤང་རིས་མཐའ་ནས་སྐོར་ཞིང་རྩི་ཤིང་ནགས་ཚལ་དང་། འདབ་ཆགས་སྐད་སྙན་གྱི་བྱ་རིགས་སྣ་ཚོགས། བུང་བ་འཁོར་ཞིང་ལོ་འདབ་ཡངས་པའི་མེ་ཏོག་སྣ་ཚོགས་ཀྱིས་གནས་ཆེན་ལ་མཆོད་རྫས་བྱས་ཤིང་། དྭངས་ཤིང་བསིལ་བའི་ལུང་པའི་མཚོ་དང་གསུམ་ཟུར་མཚོ། པད་མིག་མཚོ། སྨན་མཚོ། གྱིམ་ཟུར་མཚོ་སོགས་མཚོ་དང་མཚེའུ་ཉིན་མཚན་འཁོར་མོར་མཆོད་ཆུ་བཤམས་པ་ལྟར་ལགས།དེང་སང་ལྷ་ཁང་ཞིག་གསོ་གནང་ཡོད་པ་དང་ནང་དུ་ཨོ་རྒྱན་རིན་པོ་ཆེན་དང་ལོ་ཆེན་བཻ་རོ་ཙ་ན། ཐང་སྟོང་རྒྱལ་པོ་བཅས་ཀྱི་སྐུ་བཞེངས་པ་དང་། ཟུར་དུ་བན་ལུགས་ཀྱི་དུང་འཁོར་གསར་པ་ཞིག་བཞེངས་འདུག བྲག་ཕུག་ངོས་སུ་སེང་གེ་དང་ལྷ་སྐུ་རང་བྱོན་སོགས་མཆིས་པ་ལ་སྐྱེས་བུ་རང་གིས་དག་སྣང་ལས་མཐོང་སྣང་ཡང་མི་འདྲ་བ་ཡོད་པ་གསུངས། ལོ་ཆེན་བཻ་རོ་ཙ་ནས་སྲིན་མོ་དམ་ལ་བཏགས་ནས་གར་འཁྲབ་པའི་ཞབས་རྗེས་དེ་ཁ་བ་ཐོག་ཏུ་རྐང་རྗེས་བབས་པ་བཞིན་དུ་བྲག་ངོས་སུ་ཁྲ་ལམ་མེར་མངོན་པར་གསལ། བོན་པོ་ཚོས་འཆམ་རྒྱག་པའི་སྤང་ཐང་གྲུ་བཞི་མ་ཞིག་དང་སྲིན་མོ་དམ་ལ་བཏགས་ནས་ཕུར་བ་བཏབ་རྗེས་ཀྱི་ཐང་ཤིང་སྡོང་པོ་གཉིས་སྐྱེས་ཡོད་པ་དེ་སྒྲུབ་ཕུག་གི་མདུན་ངོས་སུ་མཐོང་རྒྱུ་ཡོད། དེ་ནས་གཡས་སྐོར་བྱས་ཏེ་རྒྱབ་ཕྱོགས་སུ་སོང་ན་རྡོ་བརྐོས་ཀྱི་གནས་ཡིག་ཏུ་བྲག་རི་སེང་གེ་འདྲ་བའི་སྟེང་། ཚེ་དབང་རིག་འཛིན་ཆེན་པོ་ཡིས་སྡེ་བརྒྱད་དམ་ལ་བཏགས་པའི་ཕྱིར་ཟིལ་གནོན་དགོངས་པ་བཞུགས་པའི་གནས།། ཚེ་དབང་དྲག་པོའི་ཞབས་རྗེས་རེ།། བཻ་རོ་སྐུ་གསུང་ཐུགས་གསུམ་གྱི།། མཚོན་པའི་ཞབས་རྗེས་རྣམ་གསུམ་དང་།། བཻ་རོ་སྟག་སྤྲུལ་སྟག་རྗེས་དང་།། གཡུ་སྒྲ་ཁྱུང་སྤྲུལ་ཁྱུང་རྗེས་དང་།། དྲན་པ་ཨུ་རྒྱན་ཡབ་ཡུམ་སོགས།། ཞབས་རྗེས་རེ་རེ་མངོན་པར་གསལ།། ཞེས་པ་དང་། སྒོས་སུ་ཨ་ཡིག་རང་བྱོན་ཞིག་བྲག་ངོས་སུ་གསལ་ལེ་བ་ཡོད་པ་དེ་གནས་སྐོར་བ་ཚང་མས་མཇལ་རྒྱུ་མངའ་བ་མ་ཟད། པར་ལེན་འཕྲུལ་ཆས་ཀྱིས་པར་ལེན་ནའང་ཆོག ནང་སྐོར་གྱི་མཇལ་རྟེན་ཁྱད་མཚར་བ་རྣམས་ཕལ་ཆེར་འདི་འདྲ་ཡིན་ནོ།།
¤ གནས་ཆེན་ཀ་ཀོང་སེང་གེ་གནམ་མཆོང་གི་སྒྲུབ་གནས།
བར་སྐོར་ནི་སྒྲུབ་ཕུག་དང་རང་བྱོན། ཕྱག་རྗེས་ཞབས་རྗེས་སོགས་མཇལ་གནས་ཆེས་མང་ས་དང་སྐོར་ཐེངས་རེ་སོང་ན་ཧ་ལམ་དུས་ཚོད་གཉིས་ཙམ་རེ་འགོར། དེ་ཡང་ཐོག་མར་མཇལ་རྒྱུ་ལོན་པ་ནི་འཇའ་གུར་ཕུག་རེད། དེ་ནས་རིམ་བཞིན་དུ་བཻ་རོ་ཙ་ནའི་བྲག་ངོས་སུ་སྐུ་རྗེས་དང་། གཡས་ཕྱོགས་སུ་ཅུང་ཙམ་སོང་ཚེ་བྲག་ཁྲོད་ན་བཀའ་བརྒྱུད་ཀྱི་སྐུ་ཞལ་རང་བྱོན་དང་སྒྲུབ་ཆུ་བསིལ་མ་རང་འབབ་ཡོད། སྒྲུབ་ཕུག་འོག་གི་བྲག་ངོས་སུ་ཆོས་དུང་དཀར་མོ་རང་གསལ་མངོན། དེའི་འོག་ཕྱོགས་སུ་སྐོར་ན་ངོ་མཚར་ཅན་གྱི་རྩ་གསུམ་སྒྲུབ་ཕུག་མཆིས་ཏེ། རྡོ་བརྐོས་ཀྱི་གནས་ཡིག་ཏུ་འདི་ནི་རྩ་གསུམ་རྡོ་རྗེའི་ཕུག་བཻ་རོ་རྩ་གསུམ་བསྒྲུབས་པའི་གནས་རང་བྱུང་རྡོ་ཡི་ཀ་བ་གསུམ་གསང་ལམ་གོམ་པ་སྤོར་ཆོག་ཡོད་དབུས་སུ་བདུད་རྩིའི་ཆུ་ཡང་འབབ་ཟབ་མོའི་གཏེར་ཁ་མང་དུ་བཞུགས་བཻ་རོ་ཙ་ནའི་ཞབས་རྗེས་གཅིག གཏེར་བདག་མཁའ་འགྲོའི་ཞབས་རྗེས་གཉིས་ངོ་མཚར་བཀོད་པ་གྲངས་ལས་འདས་ཞེས་རང་བྱོན་གྱི་རྡོའི་ཀ་བ་གསུམ་དང་བཻ་རོའི་ཞབས་རྗེས་གཅིག མཁའ་འགྲོའི་ཞབས་རྗེས་གཉིས་སོགས་དངོས་སུ་མཇལ་རྒྱུའི་སྐལ་བ་ཪྙེད་སྲིད། དེའི་ཟུར་ན་སྟག་གིས་རྔམ་སྒྲ་སྒྲོག་པའི་རྡོ་གཟུགས་རང་བྱོན་དང་མ་འོངས་པའི་གནས་སྒོ་ཕྱེ་ས་ཞེས་པའི་རྡོ་སྒོ་གྲུ་བཞི་མ་ཞིག་སྣང་། གཡས་སུ་ཅུང་ཙམ་སོང་ན་བོན་པོའི་བྱམས་མ་སྒྲུབ་ཕུག་མཆིས་ཏེ། རྡོ་བརྐོས་ཀྱི་གནས་ཡིག་ཏུ་ཐུགས་རྗེ་བྱམས་མའི་སྒྲུབ་ཕུག་ན། གཡས་སུ་ཨ་རང་བྱོན་དང་སྐུ་གཟུགས་རང་བྱོན། གཡོན་དུ་ཐུགས་བྱམས་ཞབས་རྗེས། ཞེས་བོན་པོའི་བྱམས་མའི་སྒྲུབ་ཕུག་དང་བན་དེའི་སྒྲོལ་མ་སྒྲུབ་ཕུག་ཞེས་པ་ཡུལ་མི་ཀུན་གྱི་ངག་རྒྱུན་དུ་ཆགས་ཡོད།སྒྲུབ་ཕུག་གི་མདུན་ལྗོངས་སུ་ཊ་ཡིག་ཟེར་བའི་གནས་ཤིག་ཡོད་པ་ལ། སྔོན་བཻ་རོས་སྲིན་མོ་དམ་ལ་བཏགས་པའི་ཡུལ་ཡིན་སྟབས། བྲག་རི་དེའི་གཟུགས་དབྱིབས་དེ་ཊ་ཡིག་འདྲ་བའི་གཟུགས་སུ་མཇལ་རྒྱུ་སྣང་ཨགནས་ཆེན་ཀ་ཀོང་སེང་གེ་གནམ་མཆོང་གི་སྒྲུབ་ཕུག་དང་ཕྱག་རྗེས། ཞབས་རྗེས། སྐུ་རྗེས། མཆོད་རྟེན་ལྷ་ཁང་། མ་ཎི་མ་ཏྲིའི་རྡོ་བརྐོས། གྱང་ངོས་སུ་བྲིས་པ་དང་རྡོར་བརྐོས་པའི་སྐུ་བཪྙན། རང་བྱོན་ཀ་བ་དང་དུང་དཀར། རྡོ་ངོས་སུ་ཨ་རང་བྱོན་སོགས་མཇལ་རྟེན་མང་པོ་མངའ་བས། དད་ལྡན་མང་ཚོགས་ཀྱི་ཕྱག་སྐོར་དང་མཆོད་འབུལ། ཡིད་བཅོལ་སྡིག་སྒྲིབ་སེལ་བའི་གནས་མཆོག་ཁྱད་འཕགས་ཅན་ཞིག་ཏུ་གྱུར་ཡོད་དོ།།
¤ གནས་ཆེན་གྱི་རྡོའི་ཀ་བ་རང་བྱོན།