དེ་ཡང་དགེ་རྒན་ཞིག་ཡིན་པ་ནས་བཟུང་སྟེ་ཐོག་མར་རང་གི་བྱ་བའི་རང་བཞིན་དང་བྱ་བའི་ཕན་གནོད། བྱ་བའི་འགན་འཁྲི་བཅས་ལ་ངོས་འཛིན་ལེགས་པོ་དགོས་པ་དང་། དེའི་ཐོག་ཏུ་སློབ་མ་ལ་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་ནི་གནད་ཀྱི་དམ་པ་ཞིག་རེད། ལྷག་པར་དུ་དམའ་འབྲིང་སློབ་མར་གཞིགས་ནས་བཤད་ན་དགེ་རྒན་ལ་བརྟེན་ནས་སློབ་སྦྱོང་བྱ་དགོས་པ་ནི་སྨོས་ཅི་དགོས། དེར་བརྟེན་ང་ཚོ་དམའ་རིམ་སློབ་འབྲིང་གི་དགེ་རྒན་དག་གིས་ཀྱང་གཞན་ལ་ཕན་པའི་སེམས་དང་སློབ་ གསོའི་སློབ་ཁྲིད་ཀྱི་ནུས་པ་ལྡན་པའི་འཁྲིད་སྲོལ་ཡོད་པ་ལ་རེ་བའི་མདའ་མོ་འཕེན་གྱི་ཡོད། ད་ཐེངས་བདག་གིས་བར་དུ་བྱམས་པའི་སེམས་ཀྱིས་ནི། །འཇམ་རྩུབ་རན་པར་སྦྱོར་བ་ཡིས། །རིག་པའི་རྣམ་གྲངས་སློབ་པ་དང་། །བླང་དོར་ཚུལ་བཞིན་སྟོན་པར་བྱ་ཞེས་པའི་མཁས་པ་ཚོའི་གསུངས་ལས་ལྷག་པ་ཞིག་མ་མཆིས་ཀྱང་མེ་ཏོག་ཆུང་རུང་ལྷ་རྫས་ཤིག་གི་ཚུལ་དུ་དམའ་འབྲིང་སློབ་མར་སློབ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་ཆེད། རང་གི་ཉམས་མྱོང་ཕྱོགས་བསྡུས་དང་བསམ་ཚུལ་འགའ་བརྗོད་པར་བྱ།
དང་པོ། སློབ་མ་སོ་སོའི་དགའ་ཁ་མོས་ཕྱོགས་དང་རང་གཤིས་ལ་རྒྱུས་ལོན་བྱས་ནས་སློབ་ཁྲིད་བྱ་དགོས།
སློབ་ཁྲིད་ནི་དགེ་རྒན་གྱིས་དམིགས་ཡུལ་དང་འཆར་གཞི་ཡོད་ པའི་སྒོ་ནས་བཀོད་སྒྲིག་བྱ་དགོས་པས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རང་གི་བསམ་ཚོད་ལྟར་འཆར་འགོད་བྱ་མི་ རུང་ལ་སློབ་མ་ལ་ལར་དགེ་རྒན་གྱི་འུད་བསྟོད་དང་བཟང་རབས་རྒྱན་རབས་ཀྱིས་འཇམ་པོ་འོ་མ་འདྲ་བ་མཁོ་བ་དང་། ཡང་སློབ་མ་ལ་ལར་ངན་རབས་སྡུག་རབས་ཀྱིས་རྩུབ་མོ་ཚེར་མ་འདྲ་བ་ཡང་མཁོ་བས། དེའི་ཕྱིར་དགེ་རྒན་གྱིས་སློབ་མ་སོ་སོའི་དགའ་ཁ་མོས་ཕྱོགས་དང་རང་གཤིས་ལ་རྒྱུས་ལོན་ལེགས་པོ་བྱས་ནས། འཇམ་ལ་འཇམ་པོའི་སྐུལ་མ། རྩུབ་ལ་རྩུབ་མོའི་བཙན་སྐུལ་གྱི་ཐབས་གང་ལ་གང་འཚམ་གྱིས་སློབ་ཁྲིད་གནང་དགོས།
གཉིས་པ། སློབ་ཁྲིད་དངོས་སུ་བྱེད་དུས་གསེད་བཀྲོལ་ལྡན་པའི་སྒོ་ནས་སློབ་ཁྲིད་བྱ་དགོས།
དེང་སྐབས་དགེ་རྒན་མང་ཆེ་བ་ཞིག་གིས་སློབ་ཁྲིད་དངོས་སུ་སློབ་ཕྲུག་གིས་བྱེད་འདོད་ཡོད་མེད་ལ་བསམ་བློ་མི་གཏོང་བར་སློབ་ཚན་རྫོགས་ཐབས་དང་ཡང་ན་ཨུ་ཚུགས་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད། དེའི་དབང་གིས་སློབ་ཕྲུག་ཚོའི་སྦྱངས་འབྲས་ལ་ཡང་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཡོད་པ་དང་སློབ་ཕྲུག་ཚོ་གཉིད་ཁུག་པ། ལེ་ལོ་རྣམ་གཡེང་དུ་འགྲོ་བ་ཡང་རྩ་དོན་འདི་ལ་ཐུག་ཡོད། དེར་བརྟེན་གསེད་བཀྲོལ་ལྡན་པའི་སྒོ་ནས་སློབ་ཁྲིད་བྱ་དགོས་ཚེ་གཤམ་གྱི་ཐབས་ལམ་ཁག་གསུམ་སྤྱོད་ན་ལེགས་པ་སྟེ། དང་པོ་དགེ་རྒན་གྱིས་སློབ་ཁྲིད་གསར་པ་མ་འཁྲིད་གོང་ཐབས་དང་ཆ་རྐྱེན་གང་ལ་གང་འཚམ་གྱིས་ནག་པང་དང་སྨྱན་མང་གཟུགས་སོགས་སྤྱད་ནས་སློབ་ཚན་བསྐྱར་སྦྱོང་བྱ་དགོས་པ་ཡིན། བསྐྱར་སྦྱོང་གི་གནས་སྐབས་སུ་སློབ་ཚན་གསར་པ་ལ་དགའ་ཞེན་དང་སྤྲོ་སྣང་འཕེལ་ཆེད་དངོས་གཞི་འཚོ་བའི་དཔེ་མཚོན་དང་། ཡང་ན་གནའ་རབས་དང་སྒྲུང་གཏམ་སོགས་སུ་འགྲོས་ནས་སློབ་ཚན་སྔོན་མ་ཕྱོགས་བསྡོམས་བྱ་དགོས། གཉིས་པ་ནི་སློབ་ཚན་གསར་པའི་ཁ་བྱང་ནག་པང་དུ་བྲིས་ནས་ངེས་ཤེས་སྐྱེ་བ་བྱ་དགོས་ལ། དམའ་འབྲིང་སློབ་མ་ཞིག་ལ་གཞིགས་ནས་བཤད་ན་ཁོ་ཚོའི་བསམ་བློའི་རྨང་གཞི་ཚད་ངེས་ཅན་ཐོག་ཏུ་སླེབས་ཡོད་པས་དོགས་སློང་གི་ནུས་པ་གསོ་སྐྱོང་བྱ་ཆེད་བསམ་བློ་མང་ཙམ་གཏོང་དུ་འཇུག་པ་དང་དཀའ་གནད་དང་གཙོ་གནད་དམིགས་སུ་བཀར་ནས་སློབ་ཁྲིད་བྱས་ན་སློབ་མའི་སེམས་ཁམས་དང་མཐུན་པའི་ཐབས་ལམ་ཞིག་ཏུ་སྣང་། གསུམ་པ་ནི་སློབ་ཚན་གྱི་དཀའ་གནད་དང་གཙོ་གནད་ལས་དཀྲོལ་ཐབས་སློབ་ཕྲུག་ཚོར་དྲི་བ་དང་ལས་བྱ། གྲོས་བསྡུར་གྱི་དུས་ཚོད་བཀོད་སྒྲིག་བྱ་དགོས། དེ་ལྟར་བཀོད་སྒྲིག་བྱས་པའི་འོག་ཏུ་སློབ་མའི་སྙིང་སྟོབས་དང་སློབ་གྲོགས་ཕན་ཚུན་མཐུན་སྒྲིལ་ཡོང་བར་ནུས་པ་འདོན་པའི་སློབ་གསོ་གཏོང་བ།
གསུམ་པ། དགེ་རྒན་གྱིས་དུས་རྒྱུན་སློབ་ཁྲིད་ཁྲོད་དུ་མེ་ཏོག་ལ་ཆུ་དྲངས་པ་ལྟར་སློབ་ཕྲུག་ཚོར་ཀུན་སྤྱོད་སློབ་གསོ་གཏང་དགོས།
ང་ཚོས་ཁང་པ་ཞིག་ལས་དགོས་ན་དེའི་ཆེས་ཐོག་མའི་ཆ་རྐྱེན་ནི་ཁང་བའི་རྨང་གཞི་བརྟན་པོ་ཞིག་མེད་དུ་མི་རུང་བ་ཡིན། དེ་ནང་བཞིན་དམའ་འབྲིང་གི་འཚོ་བ་ནི་སློབ་ཕྲུག་ཚོའི་སེམས་ཁམས་ལ་ཁང་ས་ཁང་རྩིག་གི་རྨང་གཞི་འཇོག་རན་པ་རེད། དེར་བརྟེན་མི་ཡར་བཞག་མར་བཞག་གི་དུས་སྐབས་ལ་ཀུན་སྤྱོད་སློབ་གསོ་ནི་མེད་དུ་མི་རུང་བ་ཡིན། ཤིང་གི་བསྟན་བཅོས་ལས་ཀྱང་ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ་ཞེས་པས་ཀུན་སྤྱོད་སློབ་གསོ་ནི་ང་ཚོས་སློབ་གསོའི་དམིགས་ཡུལ་ཆེས་གཙིགས་སུ་འཛིན་དགོས་པ་ཞིག་རེད། ལྷག་པར་དུ་གནའ་མིའི་ཁ་དཔེ་ལ་མི་བཅའ་ནི་དགེ་རྒན། ཤིང་གཞོག་ནི་བཟོ་བ། ཞེས་པ་ལྟར་མི་ཡ་རབས་དང་མ་ རབས་གང་དུ་ཡོང་མིན། དེ་དང་འབྲེལ་བའི་དགེ་རྒན་དང་ཕ་མ་ལ་རག་ལས་པས། ང་ཚོས་ངེས་པར་དུ་སློབ་ཁྲིད་དངོས་སུ་བྱེད་དུས་ཀུན་སྤྱོད་སློབ་གསོ་ནི་རྒྱུན་ཤེས་རྩ་ཆེན་པོ་ཞིག་འཇོག་དགོས།
¤ ཕུན་སུམ་ཚོགས་པའི་བསླབ་ཕྱིའི་བྱ་འགུལ།