རྩྭ་ཆུ་འཛོམས་པའི་སྤང་ལྗོངས་སྔོན་མོ། ཀྲང་ཙེ་ཤན་གྱིས་པར་བླངས།
རྟ་མཆོག་གི་རྨིག་སྒྲ་མེ་ཏོག་གི་འཛུམ་བར་ནས་གཉིད་སོང་།
ལུག་ཆུང་གི་འབའ་སྒྲ་རྫི་གླུའི་སྙན་དབྱངས་གིས་ཁྲིད་སོང་།
ན་ཆུང་མའི་ཀེམ་ཀེམ་དུ་གཡོ་བའི་ཟུར་མིག་གི་མདའ་མོ།
བརྒྱ་ཚོགས་སྟོང་འདུས་ཀྱི་ཁྲོད་ན་དམར་ཆུང་གི་བྱུ་རུ་བཞིན།
རྩྭ་ཐང་གི་མཇུག་མཐའི་མེ་ཏོག་གི་དྲི་བསུང་འཐུས་ནས་ག་ལེར་ཕེབས་སོང་།
ཁེར་རྐྱང་གི་ཟླ་བས་དྲན་གདུང་གི་མཚན་མོར་སྨྲེང་གཏམ་བརྗོད་བཞིན།
རི་ཆུ་སྟོང་གི་ཕ་རོལ་ན། རེ་སྒུག་གཅིག་གི་ཚུར་རོལ་ན།
སྙིང་གཏམ་ཞིག་གི་སྣེ་མོ་ན། དྲན་གདུང་འབུམ་གྱི་ཕར་ངོགས་ན།
འབའ་རྫོང་གི་ནམ་མཁས་རྩྭ་ཐང་གི་ས་སྲོད་ཧུབ་ཀྱིས་འཐུང་བཞིན།
མཁའ་མཐའི་མཚམས་སྤྲིན་གྱི་ཀློང་ལ་གྲིབ་གཟུགས་ནག་པོ་ཞིག་བསྐྱུར་ཏེ།
ཁེར་རྐྱང་གི་སྟོན་ནམ་རིང་མོར་སྐྱོ་གདུང་གི་གཞས་ཆུང་བཏང་།
བསིལ་བསིལ་གྱི་གྲང་རླུང་ནམ་མཁའ་དང་མཉམ་པས།
སྒྲོལ་མ་མེད་པའི་རྩྭ་ཐང་གི་ས་སྲོད་ཁ་བའི་གླིང་ཕྲན་བཞིན།
བུ་མོ་རོང་ན་ཡོད་ཀྱང་ཟླ་བ་མཁའ་ན་འཚེར་ཡོད།
ཟླ་བ་སྟོད་ན་བཞུགས་ཀྱང་འཁྲེང་སེམས་རོང་ལ་ཤོར་ཡོད།
དོ་དགོང་། ས་སྲོད་ཀྱི་མུན་པས་རྩྭ་ཐང་གི་འཇིག་རྟེན་ཡོངས་སུ་བཀླུབས་དུས།
བདག་སྙིང་ན་བཞུར་བའི་ཤབ་ཤུབ་ཀྱི་ཞེ་གཏམ་གཉོམ་པོ་རྫ་ཆུ་བཞིན།
དམར་ཆུང་སེམས་པ་བཤགས་ཏེ་གངས་ལ་འདྲེས་ཤིང་གང་དུ་བཞུར་རྒྱུ།
ཟླ་འོད་མེད་པའི་མཚན་མོར་སྐྱོ་གདུང་གི་རྨི་ལམ་ལུག་ལ་འདྲེས་དུས།
ལུག་ཆུང་རྫ་ལ་འཁྱམས་ཤིང་སྙིང་སྡུག་གྲོང་ནས་ལུས་སོང་།
རྫི་གླུ་རི་ནས་བླངས་ཀྱང་ཞེ་གཏམ་བྲག་ལ་ཤོར་སོང་།