རྒྱུན་གཏན་མིན་པའི་དྲིས་ལན།
བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། བཀྲ་ཤིས་བཟང་མོས་བསྒྱུར།
ས་སྲོད་དུ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཆེན་མོ་ཀྲང་ལགས་ཀྱིས་ལག་ཞོར་དུ་ཚ་མོ་ལོ་དགུ་ཅན་དེའི་སྦྱོང་དེབ་ལ་གཟིགས། སྦྱོང་དེབ་ཐོག་ཏུ་རྩིས་ཕྲེང་ཁག་ཅིག་འཁོད་འདུག་པ་གཤམ་གསལ་ལྟར།
1+1=1
2+1=1
3+4=1
4+9=1
5+7=1
6+18=1
དགེ་རྒན་ཆེན་མོ་ཀྲང་ལགས་དེ་ལ་ཡ་མཚན་ཆེན་པོ་སྐྱེས་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་རུང་དེའི་རྒྱུ་མཚན་ཅི་ཡང་མ་རྟོགས་པས། ཁོས་ཚ་མོ་ཚུར་བོས་ཡོང་ནས་སྐད་ཆ་དྲིས།
ཚ་མོས་དེ་མཐོང་མ་ཐག་དགོད་བཞིན་དུ།“སྤོ་བོ་ལགས། ཁྱེད་ཀྱིས་དེ་ཡང་ཤེས་མ་སོང་ངམ། ངས་ཁྱེད་ལ་ཞུའོ”ཞེས་བཤད་ཞོར་སྐད་མཐོན་པོས།“ལེ་གཅིག་གི་ཐོག་ལ་ལེ་གཅིག་བསྣན་ན་སྤྱི་ལེ་གཅིག་རེད། ཟླ་བ་གཉིས་ཀྱི་ཐོག་ལ་ཟླ་བ་གཅིག་བསྣན་ན་དུས་ཚིགས་གཅིག་རེད། ཉིིན་གསུམ་གྱི་ཐོག་ལ་ཉིན་བཞི་བསྣན་ན་གཟའ་འཁོར་གཅིག་རེད། ཆུ་ཚོད་བཞི་པའི་ཐོག་ལ་ཆུ་ཚོད་དགུ་བསྣན་ན་ཕྱི་དྲོའི་ཆུ་ཚོད་དང་པོ་རེད། ཟླ་བ་ལྔའི་ཐོག་ལ་ཟླ་བ་བདུན་བསྣན་ན་ལོ་གཅིག་རེད། ཆུ་ཚོད་དྲུག་གི་ཐོག་ལ་ཆུ་ཚོད་བཅོ་བརྒྱད་བསྣན་ན་ཉིན་གཅིག་རེད”ཅེས་བཤད།
“ཨ། དེ་འདྲ་རེད་དམ།”དགེ་རྒན་ཆེན་མོ་ཀྲང་ལགས་ཀྱིས་རང་ཉིད་ཀྱི་མགོ་ལ་རེག་རེག་བྱེད་པ་ལས་ལན་གདབ་རྒྱུ་མེད་པར་གྱུར།
དེ་ལས་མངོན་ཐུབ་པ་ནི། འཚོ་བའི་ནང་དུ་བྱུང་ངེས་པའི་བློ་ཡུལ་ལས་འདས་པའི་དོན་དག་ཁག་ཅིག་ལ། མི་རྣམས་ཀྱིས་བསམ་གཞིག་གཏོང་སྟངས་བསྒྱུར་ནས་ལྟ་དགོས་པ་དང་ལྟ་ཕྱོགས་བརྗེས་ནས་བསམ་གཞིག་གཏོང་ཤེས་དགོས་པ་དེ་རེད། དེ་ལྟར་བྱས་ན་རྒྱུན་གཏན་མིན་པའི་དྲིས་ལན་གདབ་ཐུབ་ལ། མི་སྲིད་པ་གང་དེ་སྲིད་པར་བསྒྱུར་ཐུབ། །
《文苑》(2010年4月版)དུ་འཁོད་པའི་རྩོམ་པ་པོ裴重生ཡིས་བརྩམས་པའི《异乎寻常的答案》ཞེས་པ་བསྒྱུར།
སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་བཀའ་བཞི།
《མཁས་པ་ལྡེའུའི་ཆོས་འབྱུང》ལས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྲིམས་ལུགས་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུའི་གནད་དོན་ཐོག་བཏོན་པའི་བཀའ་ཁྲིམས་བཞི་སྟེ། ༡.ཤར་སེང་གེ་དཀར་མོ་ལ་ལྕགས་ཐག་མི་གདགས་ཞེས་པ་ཐང་བོད་དབར་གྱི་འགྲིམ་འགྲུལ་ཆེ་སའི་ཟམ་པ་རྣམས་སྲུང་སྐྱོབ་བྱེད་དགོས་པ། ༢.ལྷོ་དོ་སྒྲོམ་ནག་པོ་ཁ་མི་དབྱེ་ཞེས་པ་ལྷོ་ཕྱོགས་ཀྱི་ཀློ་དང་མོན་གཉིས་བར་གཉེན་སྒྲིག་གི་འབྲེལ་བ་མི་འཛུགས་པ། ༣.ནུབ་བྱ་དམར་མོའི་སྐེ་མི་གཅོད་ཞེས་པ་རྒྱ་གར་ནས་བོད་དུ་ཕེབས་པའི་པཎྜི་ཏ་རྣམས་ཕར་ཚུར་ཕེབས་བཞུད་ཀྱི་འགྲུལ་མཚམས་མི་གཅོད་པ། ༤.བྱང་བྱ་སྤགས་སྐྱ་མོ་ལ་ཐིག་མི་གདབ་ཞེས་པ་བྱང་ཕྱོགས་ཀྱི་ཧོར་དང་སོག་པོའི་བར་བོད་ནས་དམག་འཁྲུག་མི་བསླང་བ་བཅས་ཀྱི་གོ་དོན་ཡིན་པར《ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༡༣༩ནས་གསལ་བས་དེར་གཟིགས།
ལྗར་པན་གྱི་མི་དེ་ཅིའི་ཕྱིར་གོ་ལའི་ཁྱོན་ནས་ཚེ་ཐག་ཆེས་རིང་བ་ཡིན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི2015ལོའི་པར་གཞི《འཛམ་གླིང་འཕྲོད་བསྟེན་སྡོམ་རྩིས》ཀྱི་སྙན་ཞུ་ལྟར་ན། 2014ལོར་ལྗར་པན་གྱི་བུད་མེད་དག་གི་ཆ་སྙོམས་ཀྱི་ཚེ་ཐག་ནི་ལོ86.83ཡིན་ལ། སྐྱེས་པའི་ཆ་སྙོམས་ཀྱི་ཚེ་ཐག80.50ཡིན། དེས་ལོ་རྒྱུས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་པ་རེད། རྒྱལ་ཁབ་གཞན་དག་དང་བསྡུར་ན་ལྗར་པན་གྱི་བུད་མེད་དག་གི་ཚེ་ཐག་དེ་བསྟུད་མར་ལོ་གསུམ་ལ་འཛམ་གླིང་གི་ཨང་དང་པོ་ཡིན་ལ། ལྗར་པན་གྱི་སྐྱེས་པའི་མིང་རིམ་ཡང་རིམ་པ་གཅིག་གིས་ཡར་འཕར་ནས་ཨང་རིམ་གསུམ་པའི་ནང་དུ་ཚུད་པས། ལྗར་པན་གྱི་མི་ནི་འཛམ་གླིང་སྟེང་ཚེ་ཐག་ཆེས་རིང་བའི་མི་ཚོགས་སུ་གྱུར།
ལྗར་པན་གྱི་མི་རྣམས་ཚེ་ཐག་རིང་བའི་རྒྱུ་རྐྱེན་ནི་ཅུང་མཐོ་བའི་སྨན་བཅོས་ཆུ་ཚད་དང་སྨན་བཅོས་འགན་སྲུང་ལ་འབྲེལ་བ་ཡོད་པ་ལས་གཞན། ཁོ་ཚོའི་འཚོ་སྟངས་ཁྱད་པར་བ་དེར་ཡང་འབྲེལ་བ་ལྡན་པ་རེད།
ལྗར་པན་པའི་བཟའ་བཅའི་ཁྱད་ཆོས་ནི། ཟས་རིགས་སྣ་མང་ལྡན་ཞིང་ཕྱོགས་རིས་མེད་པ། ཟས་ཐུན་རེ་རེའི་ནང་དུའང་ཚོད་མའི་སྣ་ཁ་མང་ཞིང་གྲངས་ཚད་ཉུང་། འདི་ལྟར་བྱས་ན་ཟས་ཐུན་རེ་རེར་ཡང་སྣ་མང་ཟས་བཅུད་ཀྱི་གྲུབ་ཆ་གང་མང་དོ་མཉམ་པར་སྡུད་ལེན་བྱེད་ཐུབ།
ལྗར་པན་པའི་བཟའ་བཏུང་ལ། འབྲས་དང་སྔོ་ཚལ། མཚོ་ཐོན་དངོས་པོ་བཅས་གཙོ་བོ་བྱེད་པར་མ་ཟད། སྔོ་ཚལ་གྱི་རིགས་ལ་སྣུམ་ཉུང་བ་རེད། ཞོག་ཁོག་དང་། ལ་སེར། ཙོང་རིལ་སོགས་ཟ་བའི་དུས་སུ་ཆུའི་ནང་དུ་ཅུང་ཙམ་བཙོས་རྗེས། བྲོ་རྫས་ཤིག་དང་སྡེབ་ནས་ཟ་བ་ཡིན།
ལྗར་པན་གྱི་བཟའ་བཏུང་ཁྲོད་ཡོངས་ཁྱབ་ཏུ་སྣུམ་ཉུང་ཞིང་། ཚྭ་ཉུང་བ། བྲོ་རྫས་ཉུང་བ་ཡིན། ཁོ་ཚོའི་བཟའ་བཏུང་གི་རྩ་དོན་ནི་བཟའ་བཏུང་གི་རྒྱུ་ཆའི་རིགས་གང་ཡིན་ཡང་གང་ཐུབ་ཀྱིས་རང་གི་བྲོ་བ་སོར་འཇོག་བྱེད་པ་དེ་ཡིན།
ལྗར་པན་གྱི་མི་གང་མང་ཞིག“ཉིན་རེར་གོམ་པ་ཁྲི་ཚོ་གཅིག་ལ་འགྲོ”བའི་ལུས་སྦྱོང་བྱེད་སྟངས་ལ་མོས། ཞིབ་འཇུག་བྱས་པ་ལྟར་ན། འདི་ཡང་ལྗར་པན་གྱི་མིའི་ཚེ་ཐག་ཆ་སྙོམས་ཀྱིས་འཛམ་གླིང་གི་སྔོན་གྲས་སུ་སླེབས་པའི་རྒྱུ་རྐྱེན་གཙོ་བོ་ནང་གི་གཅིག་ཡིན་པར་འདོད།
(《བདེ་ཐང་དུས་གསར》2015.8.5ལས་བདམས)
ཁ་བཏགས་ཀྱི་བྱུང་ཚུལ།
《དུང་དཀར་ཚིག་མཛོད》ལས། འདི་ཡི་སྐོར་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུ་མི་གསལ་ཡང་རྒན་རབས་མི་ཉུང་བ་ཞིག་གི་ངག་རྒྱུན་དུ་གནའ་རབས་བོད་དུ་སྐུ་འགྲོན་ཁྱིམ་དུ་ཕེབས་པ་དང་ཁྱིམ་ནས་ནང་མི་ཡུལ་གཞན་དུ་ཐོན་པ་སོགས་ཀྱི་སྐབས་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་མཚོན་བྱེད་དུ་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱབ་པ་དེར་ཁ་བཏགས་ཟེར་ཞིང་། རྗེས་སུ་སོག་པོས་བོད་ས་གནས་སུ་དབང་སྒྱུར་བྱས་སྐབས་དེའི་ཚབ་ཏུ་དར་སྔོན་པོ་དང་སེར་པོ་སོགས་མགུལ་དུ་གཡོགས་པ་དང་ཕྱག་ཏུ་འབུལ་བ་སོགས་ཀྱི་སྲོལ་དར་ནས་དེའི་མིང་ལ་ཁ་བཏགས་ཞེས་འབོད་སྲོལ་བྱུང་བ་ཡིན་ཞེས་གསུང་མཁན་འདུག་པ་དེའི་དཔྱད་གཞིར་བཀོད།
དུས་ཚོད་སྐར་ཆ་གཅིག་གིས་མང་བ།
ད་ལོ(2015ལོ)ནི་ལོ་སྔོན་མ་དང་སྡུར་ན་སྐར་ཆ་གཅིག་གིས“མང”འདུག རྒྱུ་མཚན་ནི་མི་རྣམས་ཀྱིས་ལོ་རྒྱུས་སྟེང་ཐེངས26པའི་སྐར་ཆ་ལྷག་མ་དེ་བསུས་ཡོང་བ་ཡིན། དུས་ཚོད་ནི་ད་ལོའི་ཟླ6པའི་ཚེས30ཉིན་གྱི་ནམ་གུང་ཡིན། པེ་ཅིན་ནི་ཤར་གྱི་དུས་ཁུལ8པར་གནས་པས། ཟླ7པའི་ཚེས1ཉིན་གྱི་དུས་ཚོད7:59:59ཡི་རྗེས་ལ་སྐར་ཆ་གཅིག་ཇེ་མང་དུ་སོང་སྟེ། སྐབས་ཐོག་དེར་དུས་ཚོད7:59:60ཡི་དམིགས་བསལ་གྱི་སྣང་ཚུལ་འབྱུང་སྲིད།
དུས་ཚོད་ཇི་ལྟར་ཇེ་མང་དུ་སོང་བ་ཡིན་ཞེ་ན། དུས་ད་ལྟའི་བར་འཛམ་གླིང་དུ་དུས་ཚོད་རྩི་སྟངས་ལ་མ་ལག་གཉིས་ཡོད་དེ། གཅིག་ནི་སའི་གོ་ལའི་རང་འཁོར་ལ་བརྟེན་ནས“འཛམ་གླིང་དུས་ཚོད”བརྩི་བ་དང་། གཞན་ཞིག་ནི་མ་རྡུལ་གཡོ་འགུལ་འཁོར་ཡུན་གྱིས་གཏན་ལ་ཕབ་པའི“མ་རྡུལ་དུས་ཚོད”གཉིས་ཡིན། དུས་ཚོད་འཇལ་བྱེད་གཉིས་ཀྱིས་སྐར་ཆ་ལ་ཚད་འཇལ་བའི་ཐབས་ལམ་མི་འདྲ་བའི་དབང་གིས། དུས་ཚོད་ཀྱི་འཁོར་བཞུད་དང་བསྟུན་ནས། དུས་ཚོད་མ་ལག་གཉིས་ཀྱི་བར་ལ་ཁྱད་པར་བྱུང་བ་རེད། 1972ལོར། རྒྱལ་སྤྱིའི་ཚད་འཇལ་ཚོགས་ཆེན་སྟེང་།“འཛམ་གླིང་དུས་ཚོད”དང“མ་རྡུལ་དུས་ཚོད”གཉིས་ཀྱི་བར་ཁྱད་སྐར་ཆ0.9ལས་བརྒལ་བའི་སྐབས་སུ། དུས་ཚོད་དེ་གཉིས་ཕྱོགས་བསྡུས་བྱས་ནས་ཐོན་པའི་འཛམ་གླིང་དུས་ཚོད་སྙོམས་སྒྲིག་གི་སྟེང་དུ་སྐར་ཆ་གཅིག་སྣོན་པ་དང་ཡང་ན་ཕྲིས་ནས(སྐར་ཆ་ཕོ་དང་སྐར་ཆ་མོ)གང་ཐུབ་ཀྱིས་འཛམ་གླིང་དུས་ཚོད་དང་ཉེ་བར་བྱེད་པ་དེ་ལ“སྐར་ཆ་ལྷག་མ”ཟེར།
“ཐག་ཐག”ཅེས་པ་ཙམ་གྱིས་སྐར་ཆ་ལྷག་མ་གཅིག་བྱུང་བ་དེའི་ནུས་ཤུགས་ལ་མཐོང་ཆུང་བྱེད་མི་རུང་ཞིང་། ལྷག་པར་དུ་ཞིབ་ཚད་མཐོ་བའི་མ་ལག་ནང་། དེས་ཕྱོགས་སྟོན་དང་འཕྲིན་གཏོང་མ་ལག་ལ་གཏོར་བརླག་ཐེབས་སྲིད་པ་དང་། དུས་ཚོད་ལ་བརྟེན་པའི་དངུལ་ལོར་ཉོ་ཚོང་ལ་ཡང་བར་ཆད་ཐེབས་སྲིད། འདི་ནི་མཉམ་འབྲེལ་དྲ་རྒྱ་ཀུང་སིས་ལྷག་ཏུ་སེམས་ཁུར་བྱེད་པའི་སྐར་ཆ་གཅིག་ཀྱང་ཡིན། ཐེངས་སྔོན་མའི་སྐར་ཆ་ལྷག་མ་བྱུང་བའི་དུས་ནི2012ལོའི་གཟའ་མཇུག་ཅིག་ཡིན། སྐབས་དེར། གྲགས་ཆེ་བའི་དྲ་ཚིགས་འགའ་ལ་བར་ཆད་བྱུང་མྱོང་། ད་ཐེངས། གའོ་གའུ(谷歌)ཡིས་མ་འོངས་སྔོན་འགོག་བྱེད་ཆེད་ལོ་སྔོན་མར“སྐར་ཆ་ལྷག་མ་ཁ་གསབ”ཀྱི་ལག་རྩལ་སྤྱད་ནས་བསྟུད་མར་སྐར་ཆ་ཧའོ་འགའ་ཁ་སྣོན་བྱས་ནས་མཐར་སྐར་ཆ་གཅིག་བསགས་ཏེ་གནད་དོན་དེ་སེལ་བ་ཡིན།
(གའོ་ཁའུ་དྲ་ཚིགས། (果壳网)༢༠༡༥ལོའི་ཟླ༧པའི་ཚེས༡ཉིན)
མཚོ་སྔོན་མི་རིགས་སློབ་ཆེན2013ལོའི་བོད་རིག་པའི་སློབ་གླིང་གི་དངོས་སྦྱོང་སློབ་མ་བསོད་ནམས་གཡང་སྐྱིད་ཀྱིས་བསྒྱུར།
རྒྱལ་ཆེན་རིགས་བཞི་དང་དེའི་མཚོན་དོན།
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། རི་རབ་ཀྱི་ཕྱོགས་བཞིར་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་གནས་པ་སྟེ། ཤར་ཕྱོགས་སུ་རྒྱལ་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་པི་ཝང་འཛིན་པ། ལྷོ་ཕྱོགས་སུ་རྒྱལ་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་རལ་གྲི་འཛིན་པ། ནུབ་ཕྱོགས་སུ་རྒྱལ་ཆེན་མིག་མི་བཟང་སྐུ་མདོག་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། བྱང་ཕྱོགས་སུ་རྒྱལ་ཆེན་རྣམ་ཐོས་སྲས་སྐུ་མདོག་སེར་པོ་ཞལ་བཙུམ་ཞིང་ཕྱག་ཏུ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་བཅས་ཡོད་པ་དང་། དེ་ཡང་རྒྱལ་པོ་ཡུལ་འཁོར་སྲུང་ལ་ཐོས་པའི་དུག་ཡོད་པས་གཞན་གྱིས་སྨྲས་པའི་གཏམ་རྣམས་ཕྱག་ཏུ་བཟུང་བའི་པི་ཝང་བརྒྱུད་ནས་གོ་དགོས་པ། རྒྱལ་པོ་འཕགས་སྐྱེས་པོ་ལ་རེག་པའི་དུག་ཡོད་པས་གཞན་གྱིས་རང་ལ་རེག་པ་འགོག་ཆེད་རལ་གྲི་བཟུང་དགོས་པ། རྒྱལ་པོ་མིག་མི་བཟང་ལ་མཐོང་བའི་དུག་ཡོད་པས་མིག་གཉིས་པོ་ལག་ཏུ་བཟུང་བའི་མཆོད་རྟེན་ལ་མ་ཡེངས་པར་ལྟ་དགོས་པ། རྒྱལ་པོ་རྣམ་ཐོས་སྲས་ལ་ཁ་རླངས་ཀྱི་དུག་ཡོད་པས་གཞན་ལ་ཁ་རླངས་ཕོག་པ་སྲུང་ཆེད་ཞལ་བཙུམས་ནས་བཞུགས་དགོས་པ་བཅས་ཀྱི་བཤད་སྲོལ་ལྟར་བྲིས་འབུར་གྱི་སྐུ་ལ་ཡང་དེ་དང་མཚུངས་པར་བཟོ་བཀོད་བྱས་ཡོད་ཅིང་། རྒྱལ་པོ་ཆེན་པོ་བཞི་ནི་སངས་རྒྱས་ཆོས་ལུགས་ཀྱི་སྲུང་མ་གཙོ་ཆེ་བའི་གྲས་ཡིན་སྟབས་དགོན་པ་ཚང་མའི་འདུ་ཁང་གི་སྒོ་འགྲམ་གཡས་གཡོན་གཉིས་སུ་ངེས་པར་བཞེངས་པའི་ལུགས་སྲོལ་ཡོད། ཞིབ་ཆ《མངོན་པ་མཛོད》ཀྱི་ལེའུ་གསུམ་པ་འཇིག་རྟེན་ཁམས་བཤད་པའི་ནང་གཟིགས།
སྐད་གཉིས་ཤེས་པའི་དགེ་མཚན།
གཞུང་ལུགས་སྟེང་ནས་བཤད་ན། སྐད་གཉིས་ཤེས་པའི་བྱིས་པས་སྐད་རིགས་ཕན་ཚུན་བརྗེ་སྐབས། ཀླད་པའི་དང་ལེན་ནུས་པར་ཚོད་འཛིན་བྱེད་པར་ཤུགས་བསྣན་པ་དང་། རིམ་པ་མཐོ་བའི་ཤེས་རྟོགས་བརྒྱུད་རིམ་ལ་དོ་དམ་ནུས་ལྡན་ཞིག་བྱེད་ཐུབ་པ་བྱུང་།དཔེར་ན། གནད་དོན་ཐག་གཅོད་པ་དང་། བློར་འཛིན་པ་དང་བསམ་གཞིག་གཏོང་བ་སོགས་ལྟ་བུའོ། ། བྱིས་པའི་ཀླད་པ་དེའི་རྐྱེན་གྱིས་སྐྱེན་པ་དང་བབ་བསྟུན་མྱུར་བ་ཞིག་ཏུ་འགྱུར།
འོན་ཀྱང་གོམ་གང་མདུན་སྤོས་ཀྱི་ཞིབ་འཇུག་ལས་རྟོགས་པ་ལྟར་ན། སྐད་གཉིས་སྨྲ་མཁན་གྱི་ལེགས་ཆ་ངོ་མ་དེ་མི་ཚེ་ཅུང་འཕྱི་བའི་དུས་སྐབས་སུ་འབྱུང་བ་ཡིན། དེ་ནི་སློབ་གཉེར་རྐྱང་རྐྱང་བྱས་པའི་བརྒྱུད་རིམ་གྱིས་གྲུབ་པ་ཞིག་ཡིན་སྲིད་པ་ལས། ཀླད་པའི་ལས་འགན་བརྗེ་རེས་དང་དང་དུ་ལེན་པ། ཚོད་འཛིན་སོགས་བྱེད་པའི་ནུས་པ་དང་འབྲེལ་བ་མེད།
སྐད་གཉིས་ཤེས་པའི་ལེགས་ཆ་མངོན་གསལ་ནི། ཀླད་པ་རྒས་པར་ཕྱོགས་ཀུན་ནས་ལེགས་བཅོས་བྱ་ཐུབ་པ་དེ་རེད། ཡང་ན། སྐད་རིགས་མང་པོ་ཤེས་པའི་དར་མ་དེར་སྐད་རིགས་གཅིག་ཁོ་ན་ཤེས་མཁན་ལས་ལོ་ན་རྒས་པའི་གླེན་ནད(老年痴呆症)བྱུང་ཚད་ཧ་ཅང་ཉུང་བ་རེད། གཞི་གྲངས་ཤིག་ལས་གསལ་བོར་མཚོན་པ་ལྟར་ན། ཚེ་ཧྲིལ་བོར་སྐད་གཉིས་སྨྲ་མཁན་དེ་སྐད་རིགས་སྣ་གཅིག་ཅན་ལས་ནད་ཕོག་ཡུན་ལོ4ཡིས་འཕྱི། དུས་ཚོད་ཀྱི་བར་ཁྱད་འདི་ཧོན་ནད་ཕོག་པའི་མིའི་ཁྲོད་དུ་ལོ4.3ཡིན། དེ་སྐད་ཆ་གཞན་ཞིག་གིས་བཤད་ན། སྐད་རིགས་གཉིས་ཤེས་ན་ཤེས་ཚོར་ཉམས་པར་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པ་རེད།
《པེ་ཅིན་ཞོགས་པའི་ཚགས་པར》2015. 3. 22
མཚོ་སྔོན་མི་རིགས་སློབ་ཆེན2013ལོའི་བོད་རིག་པའི་སློབ་གླིང་གི་དངོས་སྦྱོང་སློབ་མ་པདྨ་གཡུ་མཚོས་བསྒྱུར།