བསླབ་གཞི་གསར་བའི་མཐོ་རྒྱུགས་ཀྱི་ཆབ་སྲིད་རྒྱུགས་གཞིའི་ནང་དོན་ལ་དབྱེ་ཞིབ་བྱེད་པ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་མཐོ་རིམ་སློབ་འབྲིང་། བནྡེ་མཁར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   [གནད་བཏུས] རྩོམ་འདིར་གཙོ་བོ2011ལོ་ནས2015ལོའི་བར་གྱི་རྒྱལ་ཡོངས་མཐོ་རྒྱུགས་ལས་རྒྱུགས་གཞིⅡཔའི་ཆབ་སྲིད་རྒྱུགས་གཞིའི་སྤྱི་ཁོག་དང་གནད་དོན་གཙོ་བོའི་ཆ། རྒྱུ་ཆ་ཇི་ལྟར་ཤེས་རྟོགས་བྱ་ཚུལ། གནད་དོན་ངོས་འཛིན་གྱི་སྐོར། བསམ་གཞིག་གི་གོ་རིམ། དབྱེ་ཞིབ་ཀྱི་ནུས་པ། བསླབ་གཞི་དང་འདྲི་ཚན་གྱི་འབྲེལ་བ། ནང་དོན་གྲུབ་ཚུལ་སོགས་ལ་དཔྱད་པ་བཏང་ཡོད།
   [གནད་ཚིག] མཐོ་རྒྱུགས། ཆབ་སྲིད། རྒྱུགས་གཞི།
   དང་པོ། 2011ལོ་ནས2015ལོའི་བར་གྱི་རྒྱུགས་གཞིའི་སྤྱི་ཁོག
   2011ལོ་ནས་བསླབ་གཞི་གསར་བའི་ནང་དོན་དེ་མཐོ་རྒྱུགས་ཀྱི་བརྗོད་གཞི་གཙོ་བོར་གྱུར་པའི་ཕྱོགས་ཅུང་བརྟན་འཇགས་སུ་གྲུབ་ཡོད། སྐར་མའི་ཆ་ནས་སྐར་མ100ཡིན་པ་ངེས་བརྟན་དང་། རྒྱུགས་གཞིའི་རྣམ་པའི་ཐོག་ནས་གདམ་གསེས12(12—23)དང་སྐར་མ48ཡིན་པ། གདམ་གསེས་མ་ཡིན་པ་རིགས2ཡོད་པ་དང་འདྲི་གཞི་ལྔ་ཡོད། དབྱེ་ཞིབ་རེར་སྐར26དང་སྡོམ་སྐར52དང་། དེའི་ཁྲོད་འདེམ་སྦྱོང་གི་ནང་དོན་མི་འདུས། ནང་དོན་ཡོངས་ཁུངས་ལ་ངེས་སྦྱོང་གི་བསླབ་དེབ་དཔལ་འབྱོར་འཚོ་བ་དང་ཆབ་སྲིད་འཚོ་བ། རིག་གནས་འཚོ་བ། འཚོ་བ་དང་མཚན་ཉིད་རིག་པའི་ཕྱོགས་ཡིན་པ་དང་། གདམ་གསེས་མ་ཡིན་པའི་ནང་དོན་གཙོ་བོ་དེ་བསླབ་གཞི་གཙོར་བཟུང་ཡོད། ལོ་འདི་འགར་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ་དེ་འདྲི་ཚན38དང་དྲི་བ2ཡོད། འཚོ་བ་དང་མཚན་ཉིད་རིག་པ་དང་རིག་གནས་ཀྱི་སྐོར་འདྲི་ཚན39དང་དྲི་བ3ཡོད།
   གཉིས་པ། རྒྱུགས་གཞིའི་ཁྲོད་ཀྱི་འབུར་དུ་ཐོན་པའི་གནད་ས།
   1. རྒྱུ་ཆའི་ཁྲོད་ཀྱི་ཆ་འཕྲིན།
   ནང་དོན་གཙོ་བོ་དེ་དུས་ཚོད་ཀྱི་ཐོག་ནས་གནའ་དེང་གི་ཆ་འདུས་པ་ལས་ཀྲུང་ཕྱིའི་བརྗོད་བྱ་ཐོན་པ། བརྗོད་སྙིང་གི་ཕྱོགས་ནས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་འདུ་བ། དངོས་དོན་གྱི་མཇུག་འབྲས་གསལ་ཐག་ཆོད་པ་ལས་དོན་དངོས་ཀྱི་བརྒྱུད་རིམ་ལ་གསལ་ཆ་ལྡན་པ། ཆ་འཕྲིན་གྱི་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པ། རིམ་པ་མང་ཞིང་བསམ་གཞིག་གི་ནུས་པ་ལྡན་པས། སློབ་མ་རྣམས་ལ་ལྷག་པར་ཡང་དབྱེ་ཞིབ་ཀྱི་རྩལ་ནུས་འཛོམས་དགོས། དཔེར་ན། 2012ལོའི་གླ་ཕོག་གི་བགོ་འགྲེམས་གནད་དོན་དང་། འཕེལ་རྒྱས་དང་གསར་གཏོད་ཀྱི་སྐོར། 2013ལོའི་རིག་གནས་འཛུགས་སྐྲུན་གྱི་ཕྱོགས། 2014ལོར་འཛད་སྤྱོད་དང་ཆ་འཕྲིན། རིག་གནས་གསར་སྐྲུན་ཐད་ཀྱི་ཤེས་བྱ་གནད་དུ་བཟུང་བ་དང་།2015ལོར་ཁེ་ལས་ཀྱི་ཁྲལ་བསྡུ་དང་འཇར་འགོག་དམག་འཁྲུག་གི་ནང་དོན་ལྟ་བུའོ། །
   2.རྒྱུགས་གཞི་གཙོ་བོའི་ཆ་དང་གནད་དོན་གྱི་འདུ་ཤེས་ཟབ་མོ།
   རྒྱུགས་གཞིའི་ནང་གི་འདྲི་གཞི་མང་པོ་དེང་རབས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་དང་སྤྱི་ཚོགས་ལོ་རྒྱུས་རིག་པའི་ནང་དོན་ཡང་འདུ་བ་རེད། རྒྱུགས་གཞིའི་གཙོ་གནད་གང་ཡིན་རུང་ཆེས་གཙོ་བོ་ནི་དངོས་དོན་གྱི་འཚོ་བ་དང་དམ་དུ་འབྲེལ་བ་སྟེ། དཔེར་ན། རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་དང་བསྟུན་ནས་འདྲི་གཞིའི་གནད་བཟུང་བ་དང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཕེལ་རྒྱས་ཀྱི་ཆ་དེ་མ་དོར་བར་དམིགས་སུ་བཟུང་ཡོད། སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཀྱི་དཔེར་ན2012ལོའི་འདྲི་གཞི13、14、15དང2013ལོའི་འདྲི་གཞི13、14、17、38、39པ། 2014ལོའི13、14、17、38、39སོགས་ཅི་ལྟར་དབྱེ་ཞིབ་བྱས་ན་འགྲིག་པའི་བསམ་གཞིག་དགོས་པ་དང་། འདྲི་ཚན་དེ་དག་གི་ནང་དོན་དང་རྒྱབ་ལྗོངས་མི་འདྲ་བ། རིམ་པ་མི་འདྲ་བ། གནད་ལ་དམིགས་པ་མི་འདྲ་བའི་སྒོ་ནས་དྲི་བ་བཏོན་ཡོད་པས་ན་སློབ་མས་གཞུང་ལུགས་དང་འབྲེལ་བ་ཅི་ལྟར་བྱེད་རྒྱུ། གནད་དོན་ཐག་གཅོད་དང་དབྱེ་ཞིབ་བྱེད་ཚུལ་ཐད་ཀྱི་ངེས་པར་དུ་ཐོག་མའི་གསོ་སྐྱོང་ཡོད་དགོས།
   དེའི་ཐབས་ཇུས་ནི། སྦྱོང་བ་བྱེད་པའི་དུས་ན་གནད་དོན་གྱི་འདུ་ཤེས་ཡོད་དགོས་པ་ལས་ཁ་བྱང་གཅིག་པུར་བསམ་ན་མི་འགྲིག་པར་འདུག རྒྱུགས་ཤོག་གི་འདྲི་གཞི་ཕལ་ཆེར་དངོས་ཡོད་ཀྱི་འཚོ་བའི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་ལ་གཞིགས་ནས་དྲི་བ་བཏོན་ཡོད་ཕྱིར་དཔེ་དེབ་བརྗོད་གཞིར་བཟུང་ནས་དབྱེ་ཞིབ་བྱས་ན་གནད་གཙོ་བོ་འདོན་མི་ཐུབ། དེས་ན་སྤྱི་ཚོགས་དང་འཚོ་བའི་གནད་དོན་གཙོ་བོ་གང་ཡིན་དང་ཕལ་བ་དེ་གང་ཡིན་སྐོར་གྱི་འབྲེལ་ཡོད་ཤེས་བྱར་གཞིགས་ནས་དཔལ་འབྱོར་ལས་རིགས་ཀྱི་གནད་དོན་ངོས་འཛིན་པའི་ནུས་པ་དང་། ཆབ་སྲིད་ཐད་ཀྱི་བྱེད་ནུས་གོ་རྟོགས་ཅི་ལྟར་འཛོམས་དགོས་པ། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཚན་རྩལ་དང་རིག་གནས་འཕེལ་རྒྱས་ཀྱི་ཐབས་ལམ་གང་འདྲ་ཡིན་པ་སོགས་ཀྱི་གནད་དོན་ངོས་ཟིན་ཐུབ་དགོས། དཔེར་ན་གནད་དོན་གང་རུང་དེའི་ནང་དོན་མཚོན་དོན་དང་འབྱུང་རྐྱེན་གང་འདྲ་ཡིན་པ་ཤེས་དགོས་པ་མ་ཟད། དེར་ཁ་ཕྱོགས་སྲིད་ཇུས་དང་ཐག་གཅོད་བྱེད་ཐབས་གང་དག་ལྡན་པར་ཡང་བསམ་གཞིག་གཏོང་དགོས། ད་རུང་གནད་དོན་དེ་ཐག་གཅོད་པར་དོན་སྙིང་གལ་ཆེན་གང་ལྡན་པ་ཤེས་རྒྱུ་ལས་གཞན་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཁྲོད་ནས་ནམ་ཡང་སློབ་མར་རྒྱུ་ཆ་མང་པོ་ཞིག་གྲ་སྒྲིག་བཟང་བོས་མཛུབ་སྟོན་བྱས་ཏེ་བསམ་གཞིག་གང་མང་བྱེད་ཐབས་སྟོན་རྒྱུ་གལ་ཆེ། ལྷག་པར་དུ་གནད་དོན་དབྱེ་ཞིབ་ཀྱི་ནུས་པ་གསོ་སྐྱོང་བྱེད་རྒྱུ་གནད་ཀྱི་དོན་ཡང་ཡིན།
   3. བསམ་གཞིག་གི་བརྒྱུད་རིམ་དང་ནུས་པ།
   འདྲི་གཞི་ལ་གཞིགས་ནས་དབྱེ་ཞིབ་བྱེད་པ། ལོ་འདི་དག་གི་རྒྱུགས་གཞིར་བལྟས་ན་རིགས་ཚན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པར་འདུག གདམ་གསེས་དང་གདམ་གསེས་མ་ཡིན་པ་གང་ཡིན་རུང་རྒྱུས་ལོན་བྱས་ཚེ་དཀའ་རྒྱུ་མེད་རུང་བསམ་གཞིག་བྱེད་དུས་ཤིན་ཏུ་ནས་རྙོག་འཛིང་རང་བཞིན་ལྡན་པ་རེད། དེས་བསམ་གཞིག་ནུས་པའི་རེ་འདུན་གྱི་ཚད་ལྷག་ཏུ་མཐོ་བ་ཡང་བཤད་མ་དགོས་པ་རེད། དེར་ཕྱོགས་བསྡུས་ཙམ་བྱས་ན།
   (1)ཤེས་བྱའི་གནད་དེ་གནས་ཚུལ་གྱི་ཁྲོད་དུ་འདུ་བས། དངོས་དོན་རང་བཞིན་དང་གོ་རིམ་རང་བཞིན་གྱི་ཤེས་བྱར་ཞིབ་འཇུག་ཉུང་ཞིང་། གཞུང་ལུགས་དང་འབྲེལ་ནས་དངོས་དོན་ཅན་གྱི་གནད་དོན་ཐག་གཅོད་པའི་རེ་འདུན་ཚད་ཤིན་ཏུ་མཐོ་དགོས།
   (2)སྤྱི་ཚོགས་ཆ་འཕྲིན་རྒྱུས་ལོན་དང་འབྲེལ་ཡོད་ཤེས་བྱ་སྤྱོད་ནུས་པའི་རེ་འདུན་ཤིན་ཏུ་དྲག དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་བརྗོད་པ་དང་དབྱེ་ཞིབ་ཀྱི་སྣ་འཛོམས་ནུས་པ་དེ་བས་ལྡན་དགོས་པའི་རེ་འདུན་ཡོད་པ་དང་། ཡང་ཅིག་བཤད་ན་བསམ་གཞིག་གི་བརྒྱུད་རིམ་དེ་གཙོ་བོ་ཞིག་ཡིན་པར་འདུག རྒྱུ་མཚན་ནི་འདྲི་གཞི་ཡོད་ཚད་རྒྱུ་ཆ་དང་འབྲེལ་བའི་ཤུགས་ཆེ་ཕྱིར་དེ་འགག་སྒོ་ཞིག་ཏུ་ངོས་འཛིན་བྱེད་དགོས། ཆ་འཕྲིན་རྒྱུས་ལོན་གྱི་མཇུག་འབྲས་དེ་གདམ་གསེས་དང་དྲིས་ལན་གྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པས། གལ་ཏེ་ལྟ་ཚུལ་འགྲིག་རུང་རྒྱུ་ཆ་རྒྱུས་ལོན་གྱི་གནད་ལ་མ་རག་པ་ཡིན་ན་དྲིས་ལན་ཡང་དག་ལ་ཤུགས་རྐྱེན་ཆེ་བར་འདུག ལྷག་པར་རྒྱུ་ཆར་བལྟས་ནས་དྲིས་ལན་འདེབས་རྒྱུའི་རིགས་དེ་འདྲི་གཞིའི་རེ་འདུན་ལ་རྒྱུ་ཆ་དང་འབྲེལ་དགོས་པ་དང་། རྒྱུ་ཆ་གཞིར་འཛིན་དགོས་པའི་ཚད་གཞི་ངེས་ཅན་ཡོད་པས། རྒྱུ་ཆ་ཡོད་ཚད་དངོས་ཡོད་ཀྱི་གནས་ཚུལ་ཡིན་པས་གཞུང་ལུགས་ཤེས་བྱས་ཐག་གཅོད་བྱེད་པའི་ཁྲོད་ནས་བསམ་གཞིག་གི་ནུས་པ་དང་བརྒྱུད་རིམ་དེ་གཙོ་བོར་འཛིན་དགོས། རྩོད་སྒྲུབ་རིག་པའི་བརྟག་དཔྱོད་ནུས་པ་ནམ་རྒྱུན་གཞུང་ལུགས་སྦྱོང་བརྡར་ཁྲོད་ནས་བསྡུ་ལེན་བྱེད་ཐུབ་དགོས་ཤིང་། དེ་དང་ལྷན་དུ་རྒྱུན་ཤེས་རིག་ལམ་དེ་དངོས་ཡོད་འཚོ་བ་དང་སྤྱི་ཚོགས་ཉམས་མྱོང་ལས་ཐོབ་དགོས།
   (3)ཚོད་བགམ་རྒྱུགས་ཤོག་གི་ཕན་ནུས། རྒྱུགས་ཤོག་ལ་ཞིབ་འཇུག་བྱས་ནས་དྲིས་ལན་འདེབས་པའི་ནུས་པ་གསོ་སྐྱོང་བྱེད་པ། ལོ་འདི་དག་གི་མཐོ་རྒྱུགས་རྒྱུགས་ཤོག་གི་ཁྱད་ཆོས་འཚོལ་བ་དང་རྒྱུགས་ཤོག་གི་གྲུབ་ཚུལ་གང་ཡིན་རྒྱུས་ལོན་ཐུབ་དགོས། དེ་དང་མཉམ་དུ་རྒྱུགས་ཤོག་གི་གནད་གཙོ་བོར་བཟུང་ནས་ཁ་ཕྱོགས་ གང་འདྲ་ཡིན་པ་གསལ་ཆ་ཡོད་དགོས། རྒྱུགས་གཞི་འདྲ་བའི་རྒྱུགས་ཤོག་ཞིབ་བསྡུར་བྱས་ནས་འགྱུར་ལྡོག་གི་ཆ་དེ་རྒྱུས་ལོན་ཐུབ་དགོས། འདྲི་གཞིའི་ཡང་དག་དྲིས་ལན་ལས་ཆོས་ཉིད་འཚོལ་ཞིབ་དང་ཐབས་ལམ་འཛོམས་པོ་ཡོད་དགོས་ན་ཚོད་རྒྱུགས་གང་མང་བླང་ནས་སྦྱོང་བ་བྱེད་དགོས།
   (4)གདམ་གསེས་ལ་དངོས་ཡོད་རང་བཞིན་ལྡན་པས་ཐབས་ལམ་སྣ་ཚོགས་ཡོད་པས། ཐད་ཀར་ཡང་དག་འདེམ་པ་དང་ནོར་བའི་ཆ་ཕྱིར་ཕུད་ནས་འདེམ་པ། ཚབ་བྱེད་འདེམ་ཐབས། རྒྱུ་ཆ་དང་འབྲེལ་ནས་འདེམ་པ། གཞུང་ལུགས་ཀྱི་གནད་བཟུང་ནས་འདེམ་པའི་བྱེད་ཐབས་སྤྱོད་དགོས། ཟུར་ཟའི་རི་མོར་རྒྱུས་ལོན་བྱེད་པ་དེ་ཡང་རི་མོའི་བརྗོད་དོན་ལ་ལྟ་ཤེས་དགོས་པ་མ་ཟད་ད་དུང་འདྲི་གཞིའི་ནང་དོན་དང་ཞིབ་བསྡུར་བྱེད་ཤེས་དགོས། དྲིས་ལན་འདེབས་ཐབས། རྨང་གཞིའི་རྒྱུགས་གཞི་ཞིབ་མོས་འབྲི་བ་དང་ཅུང་སླ་བའི་རྒྱུགས་གཞི་ནན་ཏན་བྱེད་རྒྱུ་དང་། དཀའ་ཁག་ཅན་གྱི་རྒྱུགས་གཞི་མི་འབྲི་བའམ་ཚོད་བགམ་བྱ་རྒྱུ་ལས་དུས་ཚོད་འཕྲོ་བརླག་མི་གཏོང་བ། ཁྱད་པར་བའི་རྒྱུགས་གཞི་ཡང་དེ་བཞིན་ནོ། ། གཉིས་རེ་ལྷན་འདེམས་ཀྱི་རྒྱུགས་གཞིའི་ཁྱད་ཆོས་ཤེས་རྟོགས་བྱས་ནས་དེའི་གནད་འདོན་ཐུབ་དགོས། གཞན་དེང་རབས་ཚན་རྩལ་རང་བཞིན་གྱི་འདྲི་གཞི་ནམ་ཡང་ཡོད་པས་དེའི་དངོས་ཡོད་རྒྱུ་ཆ་གསལ་ཐག་ཆོད་དགོས་ཤིང་། བྱ་འགུལ་རང་བཞིན་གྱི་འདྲི་གཞིའི་གནད་དོན་མི་མཐུན་པའི་ཆ་ཞིབ་བསྡུར་དང་བརྡར་ཤ་གཅོད་པར་རྩོད་སྒྲུབ་རིག་ལམ་ཡོད་དགོས། རྒྱལ་སྤྱིའི་གནས་ཚུལ་རང་བཞིན་གྱི་འདྲི་གཞིའི་རིགས་ལ་འཚོ་བའི་རྒྱུན་ཤེས་ཀྱི་ཤེས་བྱ་སྤྱད་ནས་དབྱེ་ཞིབ་ཀྱི་ནུས་པ་ཡོད་དགོས།
   གསུམ། གཞུང་ལུགས་དང་འདྲི་ཚན་གྱི་འབྲེལ་བ།
   བསླབ་དེབ་དང་འབྲེལ་ཡོད་ཀྱི་འདྲི་ཚན་གང་ཡིན་པ་དང་དེའི་དྲི་བའི་ཐབས་ཅི་འདྲ་ཡིན་པ་འདྲི་ཚན་རེ་རེའི་ངོས་ཐད་ནས་ཡིད་ལ་འཆར་ཐུབ་དགོས། འདྲི་ཚན་ལ་དངོས་ཡོད་འཚོ་བའི་འདྲེན་ཤུགས་གང་ལྡན་པ་དང་སྤྱི་ཚོགས་ཆོས་ཉིད་གང་ཞིག་མངོན་ཡོད་པ་རྒྱུས་ལོན་བྱས་ཏེ་གཞུང་ལུགས་ཀྱི་ཆ་གང་ཞིག་མངོན་ཡོད་ཚུལ་ཤེས་ཐུབ་དགོས། དབྱེ་ཞིབ་འདྲི་གཞིར་ངོས་འཛིན་ཐབས་ལམ་ལ་བརྟེན་ནས་གཞུང་ལུགས་ཀྱི་ཐ་སྙད་གཙོ་བོ་གང་ཞིག་གིས་དེའི་དགོངས་དོན་གྱི་གནད་གཙོ་བོར་བཟུང་ཡོད་པ་དང་། གདམ་གསེས་ཀྱི་འདྲི་གཞི་ཡིན་ན་དངོས་ཡོད་གནས་ཚུལ་དང་སྤྱི་ཚོགས་བྱ་འགུལ་གཙོ་བོར་བྱས་ཡོད་པས་ན་གཞུང་ལུགས་ན་ དེའི་ཆོས་ཉིད་ཇི་ལྟར་འཆད་པའི་འགག་རྩ་རྟོགས་ཐུབ་དགོས། གཞུང་ལུགས་སུ་ནུས་པ་དང་དོན་སྙིང་། ཤུགས་རྐྱེན། རྒྱུ་རྐྱེན། འབྱུང་སྲོལ། ཅིའི་ཕྱིར། ཕན་ནུས། ངོས་འཛིན། རྒྱུས་ལོན། ལྟ་ཚུལ། རིགས་བཀར་བ་སོགས་ཀྱི་གནད་དོན་འདོན་ཕྱོགས་ཀྱི་ཆ་མང་པོ་ཡོད་པ་དེ་འདྲི་ཚན་རེ་རེའི་ངོས་ཐད་ནས་བརྗོད་དོན་གྱི་གཙོ་བོར་བཟུང་ཡོད་པ་ཕྱོགས་ཡོངས་ནས་བསམ་གཞིག་གཏོང་དགོས། སྐབས་དོན་ཆབ་སྲིད་དེ་གཙོ་བོ་ལོ་སྔོན་མའི་ཟླ3པ་ནས་ལོ་རྗེས་མའི་ཟླ4བའི་བར་གྱི་རྒྱལ་ཕྱིའི་དཔལ་འབྱོར་དང་ཆབ་སྲིད། ཚན་རྩལ་རིག་གནས་ཀྱི་གལ་ཆེའི་དོན་རྐྱེན་དག་ལ་དམིགས་ཡོད་པ་མ་ཟད། དེ་རྒྱུགས་གཞིའི་ཕྱོགས་སོ་སོ་ནས་ཕྱིར་མངོན་ཡོད། དེ་བས་རྒྱུ་ཆ་འཚོལ་བསྡུ་དང་ལྟ་ཀློག་ནི་ཤིན་ཏུ་ནས་གལ་ཆེ་བ་རེད།
   བཞི་བ། 2014—2015ལོའི་རྒྱུགས་གཞིའི་ནང་དོན་གྲུབ་ཚུལ་རེའུ་མིག


   དཔྱད་གཞིའི་ཡིག་ཆ།
[1] 2011ལོའི་མཐོ་རྒྱུགས་སློབ་བསྡུའི་རྒྱུགས་གཞི་གདེང་འཇོག་དང་སྤུས་ཚད་དབྱེ་ཞིབ་སྙན་ཞུ།
[2] 2012ལོའི་མཐོ་རྒྱུགས་སློབ་བསྡུའི་རྒྱུགས་གཞི་གདེང་འཇོག་དང་སྤུས་ཚད་དབྱེ་ཞིབ་སྙན་ཞུ།
[3] 2013ལོའི་མཐོ་རྒྱུགས་སློབ་བསྡུའི་རྒྱུགས་གཞི་གདེང་འཇོག་དང་སྤུས་ཚད་དབྱེ་ཞིབ་སྙན་ཞུ།
[4] 2014ལོའི་མཐོ་རྒྱུགས་སློབ་བསྡུའི་རྒྱུགས་གཞི་གདེང་འཇོག་དང་སྤུས་ཚད་དབྱེ་ཞིབ་སྙན་ཞུ།
[5] མཐོ་འབྲིང་སྤྱིའི་བསྐྱར་སྦྱོང་། ཁྲིད་སྟོན་དང་སྦྱོང་བརྡར། (ཆབ་སྲིད)
[6] འབྲེལ་ཡོད་ཀྱི་དྲ་ལམ་ཡིག་ཆ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1