དངོས་ལུགས་དོན་སྤྱིའི་སློབ་ཁྲིད་ཀྱི་གལ་ཆེན་རང་བཞིན་ཅུང་ཟད་གླེང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། མགོན་པོ་རབ་བརྟན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   [གནད་བཏུས] དངོས་ལུགས་སློབ་ཁྲིད་དུ་དོན་སྤྱི་སློབ་ཁྲིད་ནི་གལ་ཆེ་ལ། དཀའ་གནད་ཀྱང་ཡིན་པས་དངོས་ལུགས་སློབ་ཁྲིད་ཀྱི་འགན་ཁུར་གཙོ་བོ་ནི་དོན་སྤྱི་སློབ་ཁྲིད་ལེགས་པོ་ཞིག་བྱེད་དགོས་པ་དེ་ཡིན། དེའི་ཕྱིར་དཔྱད་རྩོམ་འདིར་དངོས་ལུགས་དོན་སྤྱིའི་ཁྱད་ཆོས་དང་། དངོས་ལུགས་དོན་སྤྱི་སློབ་ཁྲིད་ཀྱི་གལ་ཆེན་རང་བཞིན་ལས་དོན་སྤྱི་སློབ་ཁྲིད་ནི་དངོས་ལུགས་ཤེས་བྱ་རྫོགས་པའི་འགག་སྒོ་ཡིན་ཞིང་། སློབ་མའི་ནུས་པ་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་ཡིན་པ་རགས་ཙམ་གླེང་ཡོད།
   [གནད་ཚིག] དངོས་ལུགས་རིག་པ། དངོས་ལུགས་དོན་སྤྱི། དོན་སྤྱི་སློབ་ཁྲིད།
   གཅིག དངོས་ལུགས་དོན་སྤྱིའི་ཁྱད་ཆོས།
   དངོས་ལུགས་རིག་པའི་དོན་སྤྱི་དེས་དངོས་ལུགས་ཀྱི་སྣང་ཚུལ་དང་བརྒྱུད་རིམ་གྱི་གཞི་རྩའི་ངོ་བོ་ཡང་དག་གིས་མཚོན་པ་དང་། དངོས་ལུགས་དོན་སྤྱི་ནི་ལྟ་ཞིབ་དང་དངོས་བཤེར་རྒྱ་ཆེན་པོའི་རྨང་གཞིའི་སྟེང་དུ་ཚོར་ཤེས་ཀྱི་ངོས་འཛིན་ལ་བརྟེན་ནས་ཐོབ་ཅིང་། གཤིབ་སྡུར་དབྱེ་ཞིབ་དང་། ཕྱོགས་བསྡུས་སྤྱི་སྡོམ་དང་། སྤྱི་བྱེ་བྲག་གི་ཁྱད་པར་དང་། སྣང་ཚུལ་དང་ངོ་བོའི་ཁྱད་པར་བཅས་ལ་གོ་བ་བླངས་ནས། དངོས་ལུགས་སྣང་ཚུལ་དེ་དག་གི་ཐུན་མོང་ལ་ཡོད་པའི་ཁྱད་རྟགས་གཅིག་ཏུ་བསྡུས་པ་ལས་གྲུབ།
   དངོས་ལུགས་དོན་སྤྱི་ནི་དངོས་ལུགས་ཀྱི་རྨང་གཞིའི་གཞུང་ལུགས་ཤེས་བྱའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། སློབ་མས་གཏན་ཚིགས་རིགས་འདེད་ཀྱི་ཐབས་ཤེས་བརྒྱུད་ནས་ཤེས་བྱའི་མ་ལག་སྒྲིག་འཛུགས་བྱེད་པའི་གཞི་རྩའི་གྲུབ་ཆ་ཞིག་ཀྱང་ཡིན། སློབ་མས་དངོས་ལུགས་ཀྱི་ཤེས་བྱ་སྦྱངས་པའི་བརྒྱུད་རིམ་ནི་དངོས་ལུགས་དོན་སྤྱི་མུ་མཐུད་དུ་འཛུགས་སྐྲུན་བྱེད་པ་དང་དངོས་ལུགས་ཆོས་ཉིད་ལ་གོ་བ་གསལ་བོ་ལེན་པ་ཡིན། གལ་ཏེ་དོན་སྤྱི་གསལ་བོ་མིན་ན། དངོས་ལུགས་རིག་པའི་གཞི་རྩའི་ཤེས་བྱ་གསལ་བོར་རྟོགས་མི་ཐུབ་ལ། དངོས་ལུགས་ཀྱི་དཔེ་དབྱིབས་ནུས་ལྡན་ཞིག་མེད་པ་དང་། རིག་ལམ་གསལ་བོ་ཡིན་པའི་བསམ་གཞིགས་བརྒྱུད་རིམ་ཞིག་གྲུབ་མི་ཐུབ། དངོས་ལུགས་གནད་དོན་ཐག་གཅོད་བྱེད་དུས། རྒྱུན་དུ་གདམ་གསེས་དྲི་གཞི་བདམས་པ་ཡང་དག་མིན་ཞིང་ཆ་ཚང་ཡང་མིན། རྩིས་རྒྱག་དྲི་གཞི་ལ་ཞིབ་ལྟ་བྱེད་དུས་སུའང་། དོན་སྤྱི་ཁ་ཤས་ལ་གོ་བ་ལོན་པ་གཏིང་ཟབ་མོ་ཚད་དུ་མ་ཐོན་པས་ཤེས་མ་ཤེས་པའི་དངོས་ལུགས་ཚད་བར་གྱི་འབྲེལ་བ་འཛུགས་པའི་འགྲོས་དལ་ཞིང་། དྲི་གཞི་འགྲེལ་བའི་ལས་ཆོད་དམའ་རུ་འགྲོ་བ་རེད།
   གཉིས། དངོས་ལུགས་དོན་སྤྱི་སློབ་ཁྲིད་ཀྱི་གལ་ཆེན་རང་བཞིན།
   1.དོན་སྤྱི་སློབ་ཁྲིད་ནི་དངོས་ལུགས་ཤེས་བྱ་རྫོགས་པའི་འགག་སྒོ་ཡིན།
   རིག་ཚན་གང་དང་གང་ཞིག་ཡིན་རུང་། གལ་ཏེ་དོན་སྤྱི་ཞིག་མེད་ན། དབྱེ་ཞིབ་དང་ཕྱོགས་བསྡུས། ཤན་འབྱེད་དང་རིགས་འདེད་བཅས་ཀྱི་བསམ་གཞིགས་ཀྱི་མགོ་འཛུགས་ས་མེད། རིག་གཞུང་དེའི་ནང་དོན་གསལ་བོར་བརྗོད་ཀྱང་མི་ནུས་པ་མ་ཟད། རིག་ཚན་དེའི་རིན་ཐང་ཡང་ཤོར་བ་རེད། དེར་བརྟེན། དངོས་ལུགས་རིག་པའང་དེ་ལས་མ་འདས་པས་ཐོག་མར་དངོས་ལུགས་ཀྱི་དོན་སྤྱི་ངེས་པར་འཛུགས་དགོས་པ་དང་། དེ་ནི་བསམ་གཞིགས་ཀྱི་ཕྲ་ཕུང་ལྟ་བུ་དང་ངོས་འཛིན་གྱི་གཞི་རྩའི་རྣམ་པར་བལྟས་ནས། དངོས་ལུགས་རིག་པའི་མ་ལག་དང་གྲུབ་ཚུལ་བྱུང་བ་ཡིན།
   དངོས་ལུགས་དོན་སྤྱི་ནི་དངོས་ལུགས་རྨང་གཞིའི་ཤེས་བྱའི་གྲུབ་ཆ་གལ་ཆེན་ཡིན་པ་མ་ཟད། དངོས་ལུགས་ཆོས་ཉིད་དང་། དངོས་ལུགས་སྤྱི་འགྲོས་དང་།དངོས་ལུགས་གཞུང་ལུགས་བཅས་འཛུགས་སྐྲུན་བྱེད་པའི་རྨང་གཞི་དང་ཐོག་མའི་ཆ་རྐྱེན་ཀྱང་ཡིན། གལ་ཏེ་དངོས་ལུགས་དོན་སྤྱི་ལ་གོ་བ་ལེན་མ་ཐུབ་ན། དངོས་ལུགས་ཆོས་ཉིད་ལ་གོ་བ་ལོན་མི་ཐུབ་ཅིང་། དེའི་ཉེར་སྤྱོད་ནི་དེ་བས་ཀྱང་སྨྲ་མ་དགོས།
   ད་ལྟ་དམའ་འབྲིང་དང་མཐོ་འབྲིང་ཡིན་ནའང་འདྲ། མཐོ་རིམ་སློབ་གྲྭ་ཡིན་ནའང་འདྲ། ཐམས་ཅད་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མས་དངོས་ལུགས་རིག་པ་ནི་སྦྱངས་དཀའ་བ་ཞིག་རེད་ཟེར་བའི་རྒྱུ་ཡང་དངོས་ལུགས་ཀྱི་དོན་སྤྱི་གསལ་བོར་མ་རྟོགས་པའི་རྐྱེན་གྱིས་རེད། སློབ་མ་ཚོས་མཚན་ཉིད་དང་སྤྱི་འགྲོས་བློར་འཛིན་པའི་ཐབས་ཤེས་ལས་གཞན་ཏེ། དངོས་ལུགས་ཀྱི་དོན་སྤྱི་འཛུགས་པའི་བརྒྱུད་རིམ་དང་། གོ་དོན་དང་།ཁྱབ་བྱེད་བཅས་གསལ་བོར་རྟོགས་ཐུབ་ན། དེ་ནི་དངོས་ལུགས་སློབ་སྦྱོང་ལེགས་པོ་ཞིག་བྱེད་ཐུབ་པའི་ཐབས་ལམ་གཙོ་བོ་རེད། དེའི་ཕྱིར་དངོས་ལུགས་ཀྱི་དོན་སྤྱིའི་སློབ་ཁྲིད་ནི་དངོས་ལུགས་ཤེས་བྱ་ཁོང་དུ་ཆུད་པའི་འགག་སྒོ་ཉིད་ཡིན་ཞེས་བཤད་པ་རེད། དཔེར་ན། རྫས་ཚད﹙སྤུས་ཚད﹚ཀྱི་དོན་སྤྱི་ལ་གོ་བ་མ་ལོན་ན། རྫས་ཚེག་དང་རྫས་ལྟེ། རྫས་རྡུལ་དང་རྫས་ནུས་སོགས་ཀྱི་གོ་བ་མི་ལོན་ཞིང་། ཤུགས་དང་འགྲོས་སྣོན་ཚད་ཀྱི་དོན་སྤྱི་གསལ་བོར་མ་རྟོགས་ན། ཉིའུ་ཏུན་གཏན་སྲོལ་གཉིས་པ་ཁོང་དུ་ཆུད་དཀའ་བ་དང་། དེའི་ཉེར་སྤྱོད་དེ་བས་ཀྱང་བྱེད་དཀའ་བ་ལྟ་བུ།
   གོང་གི་དཔེར་བརྗོད་ལས་མཐོང་སླ་བ་སྟེ། དངོས་ལུགས་ཆོས་ཉིད་ཀྱིས་དངོས་ལུགས་དོན་སྤྱི་བར་གྱི་ཕན་ཚུན་འབྲེལ་བ་དང་། བཀག་འཛིན་འབྲེལ་བ་གསལ་སྟོན་བྱས་ཡོད།
   2.དོན་སྤྱིའི་སློབ་ཁྲིད་ནི་སློབ་མའི་ནུས་པ་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་ཡིན།
   དངོས་ལུགས་དོན་སྤྱི་ནི་ལྟ་ཞིབ་དང་། དབྱེ་ཞིབ་དང་། སྤྱི་མཚན་སོགས་རབ་དང་རིམ་པ་བརྒྱུད་པའི་བསམ་གཞིགས་བརྒྱུད་རིམ་ལ་བརྟེན་ནས་གྲུབ་པ་དང་།དེས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ནའང་། དོན་སྤྱི་འཛུགས་པའི་བརྒྱུད་རིམ་དུ་ཚན་རིག་གི་ཐབས་ཤེས་རབ་དང་རིམ་པ་སྤྱོད་དགོས། དོན་སྤྱི་འཛུགས་པ་དང་ཉེར་སྤྱོད་བྱེད་པ། བརྒྱུད་རིམ་བཅས་ཀྱི་ཁྲོད་དུ་སློབ་མས་ཚན་རིག་གི་ཐབས་ཤེས་སྤྱད་ནས་ཐད་ཀར་ལྟ་ཞིབ་བྱ་ཡུལ་གྱི་དངོས་ལུགས་སྣང་ཚུལ་ལ་གཤིབ་སྡུར་དང་།རགས་བསྡུས་སོགས་ཀྱི་བསམ་གཞིགས་བྱེད་སྒོ་སྤེལ་དགོས། ཐབས་ལམ་དེས་སློབ་མའི་ནུས་པ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཞིག་འདོན་ངེས། དངོས་ལུགས་དོན་སྤྱི་ཁ་ཤས་ལ་ད་དུང་གྲངས་རིག་ཤེས་བྱ་དང་གྲངས་རིག་ཐབས་ཤེས་ཀྱིས་མཚོན་པ་སྟེ། དོན་སྤྱི་བར་གྱི་རྒྱུ་འབྲས་འབྲེལ་བ་སྟོན་པ་དང་། དོན་སྤྱི་དེ་དག་ལ་སློབ་སྦྱོང་བྱས་ན་གཏན་ཚིགས་བསམ་གཞིགས་ཀྱི་ནུས་པ་གསོ་སྐྱོང་བྱེད་ཐུབ། དངོས་ལུགས་སློབ་པའི་བརྒྱུད་རིམ་ལ་འཕེལ་རྒྱས་ནུས་པ་ཡོད་དགོས་ཤིང་། འཕེལ་རྒྱས་ནུས་ཤུགས་ཀྱི་གཞི་རྩའི་ཐབས་ལམ་ནི་ཐབས་ཤེས་ཁོང་དུ་ཆུད་དགོས་པ་རེད། དེའི་ཕྱིར་དངོས་ལུགས་དོན་སྤྱི་སློབ་པའི་བརྒྱུད་རིམ་ནི་སློབ་མས་དངོས་ལུགས་སློབ་པ་དང་ཚན་རིག་ཐབས་ཤེས་སྤྱོད་པའི་བརྒྱུད་རིམ་ཡིན་པ་མ་ཟད། སློབ་མའི་ནུས་ཤུགས་འདེགས་བྱེད་ཀྱི་བརྒྱུད་རིམ་ཡང་ཡིན། བསླབ་ཚན་ཚད་གཞི་གསར་བའི་ནང་དུའང་བརྒྱུད་རིམ་དང་ཐབས་ཤེས་དམིགས་སུ་འཛིན་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད།
(本论文为“国家自然科学基金项目”成果之一,项目编号:11365016)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1