གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ། ཚུལ་ཁྲིམས་བཟང་པོ།)སྤྱི་ཟླ་7པའི་ཚེས་20ཉིན། ཡུལ་ཤུལ་ནས་སྔ་ལངས་བྱས་ཏེ་སྡེ་དགེའི་ཕྱོགས་ལ་ཡོང་བ་ཡིན་ལ། ལམ་བར་དུ་སེར་ཤུལ་གྲོང་རྡལ་ལ་ལྟར་སྐོར་དུ་སོང་བ་ཡིན། སེར་ཤུལ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང་གི་ནུབ་བྱང་མཚམས་སུ་ཆགས་ཤིང་། ནུབ་ཏུ་མཚོ་སྔོན་དང་འབྲེལ་ཞིང་རྫོང་དང་བར་ཐག་སྤྱི་ལེ་60ཙམ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1510.2དང་གྲོང་པ་11 མི་གྲངས་བསྡོམས་པས་8048ཡོད་པ་རེད།
སེར་ཤུལ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་འགྱུར་མེད་ཐུབ་བསྟན་དང་གྲོང་རྡལ་གྱི་འགོ་ཁྲིད་ཕྲིན་ལས་རྣམ་རྒྱལ་གཉིས་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ་དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་མཛུབ་སྟོན་འོག གྲོང་རྡལ་དེ་ལ་ཏང་ཡོན་དང་འབྲོག་པ། ཡན་ལག་ཁང་དང་ལྷན་ཚོགས་ཀྱི་རྣམ་པ་ཅན་གྱི་ཆེད་ལས་མཉམ་ལས་ཁང་7སྔ་རྗེས་སུ་བཙུགས་པ་དང་། མཉམ་ལས་ཁང་དུ་ཕྱུགས་ལས་དང་ལག་བཟོའི་སྒྱུ་རྩལ། སྐྱེ་ཁམས་འཛུགས་སྐྲུན་དང་སྔོ་ཚལ་རྟེན་གཞི་སོགས་སྣ་ཁ་བདུན་ཡོད་པ་རེད།
སེར་ཤུལ་གྱི་ཁྱད་ཆོས་དང་ལྡན་པའི་ཚ་ཞྭ་དང་ཚ་སྟོད། ཀོ་ཁུག་སོགས་སྤུས་དག་མང་པོ་ལས་སྣོན་བྱས་འདུག ཧྲུའུ་ཅི་འགྱུར་མེད་ཐུབ་བསྟན་གྱིས་ད་ལོའི་སྤྱི་ཟླ་3པའི་ཚེས་30ཉིན། སེར་ཤུལ་རྫོང་འབྲོག་པའི་ས་ཁུལ་གྱི་གྱོན་གོས་རིག་གནས་གཙོ་བོ་ཡིན་པའི་གྱོན་གོས་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་རྗེས། མི་མང་པོ་ཞིག་གིས་སེར་ཤུལ་གྱི་གྱོན་གོས་ལ་རྒྱུས་ལོན་དང་དོ་སྣང་བྱས་པ་རེད། མཉམ་ལས་ཁང་གིས་གོ་སྐབས་དེ་དམ་འཛིན་བྱས་ནས་སྤུས་ཀ་ལེགས་པའི་ཚོང་རྫས་ཐོན་སྐྱེད་བྱེད་པ་དང་མཉམ་འབྲེལ་དྲ་བ་བརྒྱུད་ནས་བཙོང་ཐུབ་པ་བྱས་ནས་འབྲོག་པ་མང་ཚོགས་ཀྱི་གློ་ཁུག་སྒོར་མོས་གང་བར་བྱ་རྒྱུ་ཡིན་ཟེར།
སྟག་ལུང་ཕྱུགས་ལས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་སྤྱི་ལོ་2014ལོའི་ཟླ་6པར་ཐོ་འགོད་བྱས་ཤིང་། ཐོག་མར་ཏང་ཡོན་ལས་བྱེད་པས་འགོ་ཁྲིད་དེ་དར་དམར་དང་པོའི་དངོས་ཡོད་གནས་ཚུལ་དང་བསྟུན་པ་དང་། དེ་ནས་ཞིང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཚན་རིག་ལྟར་དོ་དམ་དང་གསར་སྐྲུན་ནུས་ཐོན། འབྲོག་པ་ཕྱུག་འགྱུར་དང་རྒྱུན་མཐུད་འཕེལ་རྒྱས་བཅས་རྩ་དོན་ཡིན་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། འཚོལ་ཞིབ་དང་འཕེལ་རྒྱས་རྒྱུན་མི་ཆད་པ་བྱས་རྗེས། དང་ཐོག་དུད་ཚང་14དང་མང་ཚོགས་66ལས་སྤྱི་ལོ་2015ལོར་དུད་ཚང་26དང་མང་ཚོགས་107ལ་འཕེལ་ཞིང་། མ་འོངས་པར་མཉམ་ལས་ཁང་གི་ཞིང་འབྲོག་མང་ཚོགས་རྣམས་ཚོང་ལས་ཚོ་ཆུང་དང་རྩྭ་འདེབས་ཚོ་ཆུང་སོགས་ཚོ་ཆུང་14ལ་བགོ་རྒྱུ་དང་། དེ་རུ་དབུལ་ཕོངས་འབྲོག་པ་196དང་མ་མཐའི་འཚོ་བའི་འགན་ལེན་མི་སྣ་55 དབང་པོ་སྐྱོན་ཅན་མི་སྣ་4བཅས་འདུས།
སེར་ཤུལ་གྲོང་རྡལ་གྱི་ཏང་གི་འཛུགས་སྐྲུན་གཞུང་ལས་ཁང་དུ་དབུལ་ཕོངས་དུད་ཚང་དང་ཐུམ་འབུའི་ནད་པའི་གནས་ཚུལ་ཞིབ་ཕྲལ་བཀོད་པའི་ཡིག་ཆ་དང་པར་རིས་ཀྱིས་ཁེབས་འདུག་ལ། རྒྱུས་ལོན་ཆེན་པོ་མེད་པའི་ང་ཚོས་ཀྱང་དེ་དག་མཐོང་པ་ཙམ་གྱིས་གནས་ཚུལ་རྣམས་གསལ་པོ་ཤེས་ཐུབ་ཀྱིན་འདུག གྲོང་རྡལ་གྱི་འགོ་ཁྲིད་ཕྲིན་ལས་རྣམ་རྒྱལ་གྱིས་ལོ་ངོ་གསུམ་གྱི་འཕེལ་རྒྱས་བརྒྱུད་ནས་མཉམ་ལས་ཁང་འདིས་དབུལ་སྐྱོར་གྱི་ཆེད་དུ་ཐོན་ལས་གསར་སྤེལ་དང་འཕེལ་རྒྱས་ཀྱི་མདུན་བསུས་ནས། སྔ་གཞུག་ཏུ་ལས་ཤེས་བཟོ་རྩལ་གྱི་ཐོན་རྫས་ཁྱད་ཆོས་ལྡན་པ་བཟོ་སྐྲུན་དང་འབྲོག་ས་རུ་དྲོད་ཁང་སྔོ་ཚལ་འདེབས་འཛུགས། ས་ཕག་གི་བཟོ་གྲྭ་དང་ཡུལ་སྐོར་གྱི་ཐོན་ལས་རྒྱ་ཁྱབ་ཏུ་གཏོང་བ་སོགས་ལ་ཤུགས་སྣོན་རྒྱབ་པས། སྔར་གྱི་ཡོང་བབས་ཁྲི་བཅུ་ལྷག་ནས་འཕེལ་རྒྱས་ཕྱིན་ཏེ་སྤྱི་ལོ་2015ལོར་མཉམ་ལས་ཁང་གི་ཡོང་བབས་ཁྲི་87ལ་འཕར་བ་དང་སྤྱི་ལོ་2016ལོར་ཡོང་བབས་དམངས་སྒོར་ཁྲི་253.1ལས་བརྒལ་བ་རེད་ཅེས་ཟེར། སེར་ཤུལ་གྲོང་པའི་གཞུང་ལམ་གྱི་ལོགས་སུ་སྔོ་ཚལ་འདེབས་པའི་དྲོད་ཁང་གིས་ཁྱབ་འདུག་ལ། ཚོད་དཀར་དང་ལ་ཕུག ཞོག་ཁོག་སོགས་སྔོ་ཚལ་རིགས་འདྲ་མིན་སྣ་ཚོགས་མཚོ་ངོས་མཐོ་ཚད་སྨི་4300ལས་བརྒལ་བའི་མཐོ་སྒང་དུ་སྐྱེས་འདུག
ཕྱི་དྲོ་དུས་ཚོད་3ཙམ་ལ་སེར་ཤུལ་རྫོང་ཕྱག་ཚྭ་ཡུལ་ཤོག་ཏུ་སླེབས་ཤིང་། ཕྱག་ཚྭ་དགོན་དུ་རྫོང་ཨུ་དྲིལ་བསྒྲགས་ཚོགས་པས་སི་ཁྲོན་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་རིམ་པའི་འགོ་ཁྲིད་རྣམས་ཀྱི་དགོངས་དོན་གལ་ཆེན་དག་སྒྲོག་བཞིན་འདུག