[གནད་བཏུས] བོད་ཀྱི་སྒྱུ་རྩོམ་གཞུང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་དགོས་ན་མཛེས་དཔྱོད་ཀྱི་ཉམས་ལ་ཞིབ་འཇུག་བྱེད་པ་ཁ་ཚ་དགོས་གཏུགས་སུ་གྱུར་འདུག། རྩོམ་འདི་ལས་བོད་རང་གི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་སྐོར་ལ་ཐོག་མའི་བསམ་ཚུལ་སྤེལ་ཡོད།
[གནད་ཚིག] མཛེས་དཔྱོད་ཀྱི་ཉམས། རིགས་དགར། ཉམས་དགུ།
བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་གཞུང་ལུགས་རྒྱ་གར་ནས་བྱུང་བ་ཡིན། ཤེས་རིག་དར་སྔ་བའི་འཕགས་པའི་ཡུལ་ལ་གནའ་སྔ་མོའི་དུས་ནས་སྒྱུ་རྩལ་གྱི་བསྟན་བཅོས་མང་པོ་བྱུང་ཡང་། དུས་ཀྱི་འཕེལ་འགྲིབ་ཀྱིས་དབང་གིས་བསྟན་བཅོས་ཉུང་ཤས་ལས་ཕལ་མོ་ཆེ་བརླགས་སོང་། སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་སྐབས་ཀྱི《བྷོ་ཉི་ཎི་བསྟན་བཅོས》དང་དུས་རབས་བཞི་བའམ་ལྔ་བའི་དུས་སུ་བྱུང་བའི《ཟློས་གར་གྱི་བསྟན་བཅོས》དང་། དུས་རབས་བདུན་པའི་སྐབས་སུ་བྱུང་བའི《སྙན་ངག་མེ་ལོང་མ》དང་། དུས་རབས་བརྒྱད་པའི་ནང་བྱུང་བའི《རི་མོའི་བསྟན་བཅོས》སོགས་ནི་གྲགས་ཆེ་བ་ཡིན། སྒྱུ་རྩལ་གྱི་བསྟན་བཅོས་འདི་དག་ལས་ཉམས་ཀྱི་སྐོར་རྒྱ་ཆེར་གསུངས་ཡོད་པས་ན། སྐབས་སུ་བབས་པའི་མཛེས་དཔྱོད་ཀྱི་ཉམས་དང་འབྲེལ་བ་ཅི་མཆིས་ཟེར་ན། སྒྱུ་རྩལ་གྱི་ཉམས་ནི་ཤིན་ཏུ་མང་མོད། ཉམས་དེ་དག་མཛེས་དཔྱོད་ཀྱི་དགོས་མཁོའི་དབང་གིས་ཚད་མཐོ་ཉིང་བསྡུས་བྱས་ན་ད་གཟོད་མཛེས་དཔྱོད་ཀྱི་ཉམས་ཡིན་ཞིང་། བོད་ཀྱི་སྒྱུ་རྩལ་ལས་བསྟན་པའི“ཉམས་བརྒྱད”ནི་གནའ་བོའི་རྒྱ་གར་གྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་གྱི་ཕྱི་མོ་ཡིན་འདུག ཉམས་ཀྱི་རིགས་ལ་བརྒྱད་དང་དགུ། བཅུ། བཞི་བཅས་བགྲང་བ་འདི་ནི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་བའང་རེད། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་ཅུང་གཏན་འབེབས་ཅན་ནི་ཉམས་དགུར་དབྱེ་བ་དེ་ཡིན་ཞིང་། ཉམས་དགུ་ཞེས་པའང་རྒྱ་གར་ན་སྔར་ཡོད་པ་ཞིག་ཡིན་མོད། བོད་ཀྱིས་ཉམས་དགུའི་གཞུང་ལུགས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་ཡོད།
གནའ་བོའི་རྒྱ་གར་གྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་འདི་དང་ཐོག་ཕྱི་རོལ་རིག་བྱེད་དང་འབྲེལ་ཞིང་། མཛེས་དཔྱོད་ཀྱི་ཉམས་རེ་རེའང་ཕྱི་རོལ་པའི་ལྷ་དང་ཚོན་མདོག་གི་མཚོན་པ་གཤམ་གྱི་རེའུ་མིག་ལྟར།
བོད་ཀྱི་རིག་གནས་ཆེ་བ་ལྔ་ལས་ནང་དོན་རིག་པ་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་པ་དང་གཞན་དག་ནི་ཐུན་མོང་གི་རིག་གནས་ཡིན་ནོ། །མཛེས་རིག་པའང་ཐུན་མོང་གི་རིག་གནས་ཡིན་པས་སོ་སྐྱེའི་འཚོ་བའི་ཁྲོད་དུ་གནས་ཡོད། ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པ་ལས་མཛེས་དཔྱོད་ཀྱི་སྐབས་སུ་སེམས་ཚོར་རམ་ཡིད་ཚོར་ཡིན་ལ། ཚོར་བ་དེ་ཡང་མི་ལ་ཕན་གནོད་བར་མ་བཅས་གསུམ་དུ་བཀར་བ་ལས། ཕན་པ་ཡོད་ན་ད་གཟོད་མཛེས་ཚོར་ལྡན། མི་རྣམས་ཀྱིས་རང་གི་ཞེན་ཡུལ་དབང་གིས་མི་དགེ་བ་དག་ཀྱང་མཛེས་པར་བརྩི་བ་ཡོད། མིའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མི་རྣམས་ཀྱིས་ཚོར་བ་བདེ་བར་སྙེག་ཅིང་མཛེས་པར་བསམ་མོད། ཚོར་བ་བདེ་བ་སྐྱེས་པ་ན་ཆགས་པ་རྒྱས་པ་དང་། སྡུག་བསྔལ་སྐྱེས་པ་ན་ཁོང་ཁྲོ་འཕེལ་བ་དང་། བདེ་སྡུག་གང་ཡང་མིན་པའི་གནས་ངན་ལེན་དུ་གཏོགས་པའི་ལུས་ལ་མི་རྟག་པ་ལ་རྟག་པ་སོགས་སུ་འཛིན་པས་གཏི་མུག་རྒྱས་པར་འགྱུར་རོ། ། དེའི་གཉེན་པོ་ལ་ཚོར་བ་བདེ་བ་ལ་སྡུག་བསྔལ་དུ་བལྟས་པ་འདོད་ཆགས་དགག ཚོར་བ་སྡུག་བསྔལ་ལ་ཕུང་བོ་འདི་སྡུག་བསྔལ་གྱི་རྒྱུའི་ཚོགས་པ་ཡིན་པས་དེ་ལས་ཟུག་རྔུ་ལྟར་བྱུང་བར་བསམས་ལ་ཞེ་སྡང་དགག ཚོར་བ་བཏང་སྙོམས་ལ་ནི་མི་རྟག་པ་དང་ཟད་ཅིང་འགོག་པའི་རང་བཞིན་དུ་བལྟས་ལ་གཏི་མུག་དགག་སྟེ། ཚོར་བ་གསུམ་དུག་གསུམ་གྱི་རྒྱུར་མི་གཏོང་བའོ། ། ཞེས་ལམ་རིམ་ལས་བསྟན་ནོ། ། བོད་མིའི་བསམ་བློ་ནང་བསྟན་ཤེས་རིག་གིས་མཛུབ་སྟོན་བྱེད་པ་ཡིན་པས། མཛེས་དཔྱོད་བྱེད་དུས་ཆོས་ཀྱི་དགོངས་དོན་ལྟར་མཛེས་དཔྱོད་རོལ་མྱོང་བྱེད། ཚད་མཐོ་ས་ནས་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དག་ཀྱང་དེའི་བྱེད་ནུས་ཐོན་གྱིན་ཡོད། དཔེར་ན། ཁྲོ་བོ་ལ་འཇིགས་རུང་གི་ཉམས་ཡོད་པ་དེའི་ཕྱི་ཚུལ་ཙམ་མ་ཡིན་པར་ནང་དོན་ཟབ་མོ་ལྡན། འཇིགས་རུང་གི་ཉམས་སྟོན་པའི་ཁྲོ་བོ་སོགས་ལ་མཛེས་དཔྱོད་ལྡན་ནམ་ཞེ་ན། ལྡན་ཏེ། མི་ཕལ་བ་ཞིག་གི་ཕྱི་ཚུལ་གྱི་ཉམས་མཐོང་བའི་དབང་གིས་མཛེས་དཔྱོད་མི་ལྡན་ཞེས་ཟེར་ན་ཡང་། ཆོས་ལ་བློ་གོམས་པ་ཞིག་གིས་དེའི་རང་གཞན་མཐར་ཐུག་གི་བདེ་བ་འཐོབ་པར་བྱེད་པའི་ལམ་སྟོན་པ་དང་སྲུང་སྐྱོབ་མཁན་ཞིག་ཏུ་བསམས་པས། དེ་ལ་དད་པ་ཆེས་ཆེར་བྱེད་པར་མ་ཟད་མཛེས་དཔྱོད་ཀྱང་ལྡན་པར་འདོད་པ་ཡིན།
བོད་ཀྱི་སྒྱུ་རྩོམ་ཁྲོད་ཀྱི་ཉམས་ཞེས་པ་ཁྱབ་གདལ་བྱུང་ཡོད་ནའང་། མཛེས་དཔྱོད་ཀྱི་ཉམས་ཞེས་པ་ངོས་འཛིན་བྱས་མེད་སྟབས། སྒྱུ་རྩོམ་གྱི་མིག་སྔར་འཕེལ་རྒྱས་དང་འབྲེལ་མཛེས་དཔྱོད་ཀྱི་ཉམས་ལ་ཞིབ་འཇུག་བྱེད་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་གཏན་འབེབས་མ་བྱས་ན་མཛེས་དཔྱོད་ཀྱི་ཉམས་ཞེས་པ་དོན་སྙིང་དབུལ་བོར་གྱུར་འགྲོ། སྤྱིར་ན་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་ཁག་པོ་ཡིན་པས། གནའ་དེང་ཀྲུང་ཕྱིའི་མཛེས་རིག་སྨྲ་བ་ཚོས་རྩོད་གཞི་ཆེན་པོར་གྱུར་ཡོད་པར་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་བླངས་ཡོད། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་གཏན་འབེབས་བྱེད་དགོས་ན་རང་མི་རིགས་ཀྱི་རྩ་བའི་ཉམས་ཀྱི་རིགས་དགར་ཚུལ་གཞིར་བཞག་ཐོག ཀྲུང་ཕྱིའི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ན་ད་གཟོད་རང་གི་ཁྱད་ཆོས་ལྡན་པའི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཐུབ་པར་སྙམ།
ཡར་སྔོན་བོད་ཀྱི་སྒྱུ་རྩལ་གྱི་རིགས་དག་བཟོ་རིག་པའི་ཁོངས་སུ་གཏོགས། སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བཟོ་རིག་པ་སྦྱང་དགོས་ཏེ། འདི་ལ་འཇུག་ན་གནས་སྐབས་ཀྱི་ཕན་བདེ་འབྱུང་བ་དང་མཁས་པའི་གོ་སར་དབང་བ། ནོར་གྱིས་དབུལ་བ་རྣམས་ལ་ལོངས་སྤྱོད་ཀྱི་སྒོ་ནས་གཞན་ལ་ཕན་གདགས་པར་ནུས་པ། མཐར་ཐུག་ཐམས་ཅད་མཁྱེན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་འགྲུབ་པའི་རྒྱུར་འགྱུར་བ་དང་། དེ་ཉིད་མངོན་དུ་གྱུར་ནས་སེམས་ཅན་ཐམས་ཅད་ཐར་བར་འདྲེན་པ་བཅས་ཀྱི་དགོས་པ་རྒྱ་ཆེན་པོ་ཡོད་གསུངས། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་རེ་རེའང་ཆོས་ཀྱི་དགོངས་པ་དང་སྦྱར་ན་གོ་བ་ཟབ་མོ་ལོན་རྒྱུ་ཡོད་ཅིང་། མཛེས་དཔྱོད་ཀྱི་ཉམས་རང་སྟེང་གི་མཚན་ཉིད་རིག་པའི་ནང་དོན་གཏིང་ཟབ་པ་མཚོན་ནོ། ། ཡིན་ན་ཡང་བོད་ཀྱི་སྲོལ་རྒྱུན་ལྟར་ན་འཇིག་རྟེན་པའི་སྒྱུ་རྩལ་ལ་བཟོ་རིག་ཕལ་བ་ཞེས་བརྗོད་པར་མ་ཟད། འཇིག་རྟེན་པའི་སྒྱུ་རྩལ་ཕྱོགས་ལ་དོ་སྣང་བྱས་པ་ཤིན་ཏུ་ཉུང་བ་ཡིན། མཛེས་རིག་པའི་གཞུང་ལྟར་ན་མཛེས་དཔྱོད་བྱེད་ཡུལ་མཐའ་དག་ལ་ཕྱི་ཚུལ་རང་བཞིན་དང་ཡིད་འགུགས་རང་བཞིན་ལྡན་དགོས་པར་གསུངས་མོད། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་དག་ལ་དེ་འདྲའི་ཕྲ་ཞིང་ཞིབ་པའི་མཛེས་རིག་པའི་ཚད་ཐིག་མེད་དོ། །
མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་ཐད་ལ་ཕལ་ཆེ་བས་ནུབ་ཕྱོགས་ཁོ་ན་གཞིར་འཛིན་པ། ལ་ལས་རང་གཞན་ཟུང་འབྲེལ་བྱེད་པ། འགའ་ཞིག་རང་ཉིད་ཁོ་ནར་མོས་པ་བཅས་གསུམ་ཡོད་དོ། ། དེ་ཡང་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་། སྔ་ཕྱིའི་གློག་ཆས་དུས་རིམ་ནས་བརྡ་འཕྲིན་དུས་རིམ་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། རིག་གནས་འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་ཡངས་པར་ཕྱེས་པས་ན། ནུབ་ཕྱོགས་ནས་འཕེལ་རྒྱས་བྱུང་བའི་མཛེས་རིག་པ་ཉིད་རྒྱལ་ཁབ་སོ་སོས་དང་ལེན་བྱས་པ་རེད། མཛེས་དཔྱོད་ཀྱི་ཉམས་ཐོག་མར་ནུབ་ཕྱོགས་ཀྱི་བསམ་བློའི་སྟེང་བྱུང་བ་ཡིན་ཕྱིན། རིག་གནས་རྒྱབ་ལྗོངས་མི་འདྲ་བའི་མི་རིགས་རྣམས་ཀྱིས་ཟུང་འབྲེལ་གྱི་ཐབས་ལམ་བེད་སྤྱོད་གནང་གིན་ཡོད། ནུབ་ཕྱོགས་ནས་དར་འོངས་པའི་མཛེས་རིག་གཞུང་ལུགས་ཀྱིས་མིའི་འཚོ་བའི་ཁྲོད་ཀྱི་མཛེས་པ་དང་། མཛེས་ཚོར། སྒྱུ་རྩལ། མཛེས་དཔྱོད་སློབ་གསོ། མཛེས་དཔྱོད་བྱ་འགུལ། མཛེས་དཔྱོད་ཀྱི་ཉམས་སོགས་ཞིབ་འཇུག་གནད་དུ་འཁེལ་བ་ཞིག་གནང་ཡོད་ཕྱིར། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་མིག་སྔར་དུས་ཀྱི་འགྲོས་དང་མཐུན་པར་ཕན་ཐོགས་ཆེ་སྙམ། དེང་དུས་ནུབ་ཕྱོགས་ཀྱི་མཛེས་རིག་དང་། སྒྱུ་རྩལ། རྩོམ་རིག་སོགས་རྒྱ་ནག་བརྒྱུད་ནས་བོད་མིའི་སྤྱི་ཚོགས་ནང་འཕེལ་རྒྱས་འབྱུང་བཞིན་ཡོད་པ་དང་། བོད་རང་གི་དངོས་ཡོད་འཚོ་བའི་ཁྲོད་དུའང་ངང་གིས་དང་ལེན་བྱེད་བཞིན་ཡོད། ད་ལྟ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་སོགས་སྤེལ་དུས་སྐྱོ་གར་དང་སྤྲོ་གར་སོགས་བེད་སྤྱོད་གནང་བཞིན་ཡོད་ནའང་། མཛེས་དཔྱོད་ཀྱི་ཉམས་ཀྱི་གོ་དོན་ཡོད་པ་དང་བོད་རང་གི་མཛེས་དཔྱོད་ཀྱི་ཉམས་ཡིན་མིན་བཅས་ལ་བསམ་བློ་གཏོང་མཁན་ཉིན་མོའི་སྐར་མ་ཙམ་མོ། ། སྒྱུ་རྩོམ་སྤྱིའི་འཕེལ་འགྱུར་དང་མཛེས་རིག་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ན། བོད་ཀྱི་རང་རྐྱ་འཕེར་བའི་མཛེས་དཔྱོད་ཀྱི་ཉམས་ལ་ཞིབ་འཇུག་བྱེད་པ་གལ་ཆེ་བར་མཐོང་ངོ་། །
གཅིག སྒེག་པའི་ཉམས།
སྒེག་པའི་ཉམས་ལ་ཕྱི་རོལ་ཡུལ་དང་ནང་སེམས་གཉིས་ཏེ། རིགས་གཏེར་ལས། སྒེག་པ་ལུས་ངག་ཆ་ལུགས་དང་། ། ཡུལ་སོགས་མཛེས་པའི་ཁྱད་པར་ཡིན། །ཞེས་གསུངས་པ་ལྟར། ཕྱི་རོལ་ཡུལ་གྱི་རི་ཆུ་ནགས་གསུམ་དང་རི་དྭགས་ཆེ་འབྲིང་ཆུང་གསུམ། ཉི་ཟླ་སོགས་རང་བྱུང་ཁམས་ཀྱི་ཡིད་འོང་གི་མཛེས་པ་མཐའ་དག་དང་། ནང་སེམས་ཀྱི་གཞོན་ཤ་ཆགས་པའི་བུ་མོ་དང་རང་གཞན་དགེ་ལ་བསྒྱུར་བའི་ཆོས་སོགས་ཤིན་ཏུ་མང་མོད། སྤྱིར་བཏང་གི་བུད་མེད་ཀྱི་མཛེས་པ་ལས་མངོན་ནོ། ། འགྲེལ་བ་འདོད་འཇོ་ལས། སྐྱེས་པར་བུད་མེད་བུད་མེད་ལ། ། སྐྱེས་ལྡན་སོ་སོར་དགའ་བ་གང་། ། དེ་ནི་སྒེག་པ་ཞེས་གྲགས་ཏེ། ། དགའ་མར་རྩེ་བ་སོགས་ཀྱི་རྒྱུ། །ཞེས་པ་བཞིན་དུ། ནུབ་ཕྱོགས་ཀྱི་སྒེག་པའི་ཉམས་ཀྱི་མཚོན་བྱེད་དུའང་བུད་མེད་འཇོག་པར་བྱེད་དེ།“ང་ཚོས་རེ་སྙེག་བྱེད་པ་ནི་ཕོ་མོ་གཉིས་གཞི་གཅིག་ཏུ་སྦྲེལ་བ་དེ་ཡིན། སྐྱེས་མ་གཅིག་གི་ངོས་ནས་བཟང་ཆ་ཚང་མ་ཕྱོགས་གཅིག་ཏུ་བསྡུ་ན། སྒེག་ཉམས་ཀྱི་ཁྱད་ཆོས་མཐོར་འདེགས་བྱེད་པའི་ཆེད་ཡིན། སྒེག་ཉམས་ནི་སྐྱེས་མའི་གཞི་འཛིན་ས་ཞིག་ཡིན་པ་བསྙོན་དུ་མེད་དོ། ། ཡང་སྐྱེས་པའི་གཤིས་རྒྱུད་ནང་དུ་ཁྱད་འཕགས་ཀྱི་མཛེས་པ་འབུར་དུ་ཐོན་ནས་མཚོན་བྱེད་དུ་གྱུར་ཡོད།”①ཅེས་སོ། །
སྒེག་པའི་ཉམས་ལ་ཁྱད་ཆོས་ག་འདྲ་ཡོད་ཟེར་ན། ཆུང་ཞིང་སྤུས་དག་པ་དང་དྭངས་ཤིང་གསལ་བ། དགའ་ཞིང་སྐྱིད་པ། འཇམ་ཞིང་མཉེན་པ་སོགས་ནི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ཡིན། དཔེར་ན། བཅུ་དྲུག་ལང་ཚོ་རྫོགས་པའི་བུ་མོ་མཛེས་མ་ཞིག་དང་འཕྲད་དུས་ཡིད་ལ་བརྗོད་དཀའ་བའི་དགའ་བ་བསྐྱེད་པ་དང་། ཆགས་པའི་ཟུར་མིག་གིས་ལྟ་བ་དང་འདོད་པའི་ཚིག་སྨྲ་བ་ནི་ལུས་ངག་གི་རྣམ་འགྱུར་ཡིན་ཞིང་། ཁྱོད་ནི་མེ་ཏོག་པདྨ་དང་མཚུངས་ཤིང་། ཞལ་ནི་ཟླ་བའི་དཀྱིལ་འཁོར་སྟེ་ཞེས་པ་སོགས་ལས་སྒེག་པའི་ཉམས་ཐོན་ནོ། །ཟླ་བ་དང་པདྨ་སོགས་ནི་སྒེག་པའི་ཉམས་ཀྱི་ཁྱད་ཆོས་དང་མཐུན་ཞིང་། མཛེས་མའི་དཔེ་རུ་ཤིན་ཏུ་འོས་སོ། །ཁྲེར་ཉེ་ཞུ་ཧྥུ་སི་ཅིས་སྒེག་པའི་ཉམས་ཀྱི་ཚོར་བ་ནི་རང་ཉིད་ཆེས་དགའ་བའི་བུ་མོའི་མདུན་དུ་ལྷགས་དུས་ཀྱི་སེམས་ཀྱི་སྤྲོ་སྣང་དང་མཚུངས་པར་བཤད། མེ་ལོང་མའི་རྩ་བའི་དཔེར་བརྗོད་ལས། ཤི་བ་ཞེས་བྱ་ཕ་རོལ་ཏུ། ། གང་དང་འགྲོགས་ཕྱིར་བདག་འཆི་འདོད། ། ཨ་བནྟི་དེ་བདག་གིས་ནི། ། སྐྱེ་འདི་ཉིད་ལ་ཇི་ལྟར་ཐོབ། ། ཅེས་སྒེག་པའི་ཉམས་མཚོན་པ་མངོན་པར་གསལ། དབྱིན་ཇིའི་མཛེས་རིག་སྨྲ་བ་པཱོ་ཁིས་སྒེག་ཉམས་ལ་མཚན་ཉིད་བཞག་པ་ནི་འདི་ལྟར།“ངས་ལྟ་ཚུལ་ལྟར་ན་སྒེག་ཉམས་ནི་དངོས་པོའི་ཁྲོད་དུ་རྩེ་དགའ་སྦྱིན་པ་དང་རྩེ་དགའ་དང་ཆ་འདྲ་བའི་འདོད་ཆགས་ཀྱི་སྦྱིན་པའི་ངོ་བོ་རིགས་གཅིག་གམ་རིགས་ཁ་ཤས་ཡིན། ངའི་མཚན་ཉིད་འདི་དངོས་པོའི་ཚོར་བའི་རང་བཞིན་མ་གཏོགས་འདུས་མེད། ……ངས་རྩེ་དགའ་དང་འདོད་ཆགས་དང་ཆགས་སེམས་སོ་སོར་བཀར་བ་ཡིན། རྩེ་དགའ་ནི་མཛེས་པའི་དངོས་པོ་ཞིག་ལ་ལྟ་དུས་སེམས་ནང་ཚོར་ཐུབ་པའི་དགའ་སྤྲོ་དེ་ལ་གོ་ཞིང་། འདོད་ཆགས་དང་ཆགས་སེམས་ནི་དམིགས་བྱ་ངེས་པར་ཐོབ་འདོད་པའི་སེམས་ཁམས་ཀྱི་སྟོབས་ཤུགས་ཤིག་གོ །”②ཞེས་བསྟན། མཛེས་དཔྱོད་བྱ་འགུལ་ཁྲོད་དུ་སྒེག་པའི་ཉམས་ཀྱི་དམིགས་ས་ལ་མཚོན་ན་ཕྱི་ཚུལ་གྱི་ཆུང་བ་དང་། ལྷོད་པ། ཉམ་ཆུང་། མཉེན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར་མཛེས་དཔྱོད་ཡུལ་ཅན་གྱིས་དོ་སྣང་བྱེད་ངེས། ཆུང་བ་ལས་ཚོར་ཤེས་བྱུང་བ་ནི་དགའ་བར་འོས་པ། ལྷོད་པ་ལས་ཚོར་ཤེས་བྱུང་བ་ནི་ལྷིང་འཇགས་ཀྱི་སེམས་ཁམས། ཉམ་ཆུང་ལས་ཚོར་ཤེས་བྱུང་བ་ནི་སྙིང་རྗེ་བ། མཉེན་པ་ལས་ཚོར་ཤེས་བྱུང་བ་ནི་བྲལ་འདོད་མེད་པ་ལྟ་བུ་ཡིན། སྒེག་པའི་ཉམས་ནི་ཡུལ་དང་ཡུལ་ཅན་བར་ཞི་བའི་ངང་གཞི་གཅིག་ཏུ་སྦྲེལ་ཡོད། ཕྱིའི་སྒེག་པ་དང་ནང་གི་སྒེག་པ་གཉིས་ཆར་མི་རྣམས་ཀྱི་ཡིད་སེམས་དགའ་བར་འཇུག་ནུས་པ་ཡིན་པས་མིའི་འཚོ་བ་ལ་དགའ་སྤྲོ་དང་ཡིད་དུ་འོང་བ་བསྐྲུན་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད། སྒེག་པའི་ཉམས་ལ་རྫོགས་པར་ལོངས་སྤྱོད་དང་བསླུ་བ་གཉིས་སུ་དབྱེ་བའང་ཡོད། ཀཱ་མ་ངྷེ་ནུར་གྱིས། རྫིང་རིང་ཁང་བཟང་སྐྱེད་མོས་ཚལ། ། རྒྱན་དང་ཕྲེང་བ་ཙནྡན་སོགས། ། རྫོགས་ལོངས་སྤྱོད་པའི་རྣམ་སྐྱེད་དེ། ། གང་ཡང་གཞན་དུ་རོལ་བདག་ཉིད། ། ཅེས་པ་ལྟར། ལོངས་སྤྱོད་ཀྱི་འབྱོར་བ་ནི་སྒེག་པའི་ཉམས་ཀྱི་བརྗོད་བྱ་ཡིན་ཞིང་། ཟློས་གར་འཁྲབ་སྟོན་ལས་སྒྱུ་རྩལ་གྱི་ནུས་པ་ཐོན་སྟངས་ལ། ཇི་སྐད་དུ། བསླུ་བའི་རྗེས་སུ་ཞེས་པ་ནི། ། མངོན་པར་འདོད་དང་དེ་བཞིན་སེམས། ། དེ་དྲན་པ་དང་སྒྲོགས་པར་བྱེད། ། སྐྱོ་དང་འཆལ་བར་སྨྲ་བ་དང་། ། སྨྱོ་བ་དང་ནི་གཟིར་བ་ཉིད། ། བླུན་པ་ཉིད་དང་འཆི་བ་སྟེ། ། དྲན་པའི་བདག་ཉིད་གནས་སྐབས་བཅུ། །ཞེས་གསུངས་སོ། །
སྒེག་པའི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འཇུག་ཚུལ་ལ། མཁས་འཇུག་ལས། སྒེག་པའི་རྒྱན་ལ་མི་སྡུག་དང་། ། དྲག་ཤུལ་ངམ་པའི་རྒྱན་མི་སྦྱར། ། ཞེས་གསུངས་པ་ལྟར། མི་སྡུག་པའི་ཉམས་དང་དྲག་ཤུལ་གྱི་ཉམས། ངམ་པའི་ཉམས་བཅས་ནི་སྒེག་པའི་ཉམས་ལ་མི་འཇུག་སྟེ། མི་སྡུག་པ་ནི་མཛེས་པ་འགོག ། ཅེས་པ་བཞིན་མི་སྡུག་པའི་མཚན་གཞི་གདུག་རྩུབ་ཆེ་བའི་སྲིན་པོ་དང་ཡུལ་མི་སྡུག་པ་གཅོང་རོང་ལྟ་བུ་དང་།ཞེ་སྡང་གིས་དགྲ་བོ་འདུལ་བ་ལྟ་བུའི་དྲག་ཤུལ་གྱི་ཉམས་སོགས་ནི་སྒེག་པའི་ཉམས་ལ་མི་འཇུག་གོ ། ཡང་དེ་ཉིད་ལས། སྒེག་པའི་རྒྱན་ལ་སྙིང་རྗེ་དང་། ། ངམ་དང་ཞི་བ་འཇུག་པ་སྲིད། ། ཅེས་པ་ལྟར། སྙིང་རྗེའི་ཉམས་དང་ཞི་བའི་ཉམས། ངམ་པའི་ཉམས་བཅས་ནི་སྒེག་པའི་ཉམས་ལ་འཇུག་པར་སྣང་། སྤྱིར་སྒེག་པའི་ཉམས་ཚད་མཐོན་པོའི་སྟེང་ནས་བདེན་དགེ་མཛེས་གསུམ་གྱི་གྲུབ་པའི་ནང་སྙིང་ཡོད་ཕྱིར། སྒེག་པ་ལ་ནང་དོན་ཕུན་སུམ་ཚོགས་པ་ཡོད་དོ། ། ནུབ་ཕྱོགས་ཀྱི་མཛེས་རིག་ནང་དུ་སྒེག་པའི་ཉམས་དང་ཁྱད་འཕགས་ཁ་གཏད་དུ་བཞག་ཡོད་པ་དང་། ཁྱད་འཕགས་ལ་ཞིབ་འཇུག་གནང་ཞོར་སྒེག་པའི་ཉམས་ཀྱི་གོ་བ་ཇེ་ཟབ་ཏུ་བཏང་ཡོད་དོ། །
གཉིས། དཔའ་བའི་ཉམས།
སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ནི་ཡུལ་ཅན་གྱིས་གཟི་བརྗིད་དང་སྟོབས། མཐུ་ནུས་མཛངས་པ་སོགས་ལ་བརྟེན་ནས། ཕ་རོལ་པོ་ཟིལ་གྱིས་མནན་པས་སྤྲོ་བ་འཕེལ་བའི་སྐབས་སུ་ཐོན་པའི་མཛེས་ཉམས་ཤིག་ཡིན། དཔའ་བའི་ཉམས་མཚོན་སྟེང་ལ་སྦྱིན་པ་ལ་དཔའ་བ་དང་། ཆོས་ལ་དཔའ་བ། གཡུལ་ལ་དཔའ་བ་ཞེས་རྣམ་པ་གསུམ་ཡོད། སྤྱིར་འཇིག་རྟེན་པའི་དཔའ་བ་དང་ཆོས་ཀྱི་དཔའ་བ་གཉིས་སུ་བསྡུས་འདུག
བྷ་ར་ཏས། དཔའ་བའི་ཉམས་དེ་གང་ཟག་རིགས་དང་ཐོབ་ཐང་གོང་མར་གཏོགས་པ་ཞིག་ལས་འབྱུང་བར་བཤད་པས། རྒྱལ་པོ་དང་དམག་དཔོན་ལྟ་བུའི་སྟེང་དུ་སྦྱར་བ་ཤས་ཆེ། སྙན་ངག་མེ་ལོང་མའི་རྩ་ཚིག་ལས། མཚོར་ཞེས་ས་ལས་མ་རྒྱལ་ཞིང་། ། རྣམ་མང་མཆོད་སྦྱིན་མ་བྱས་ལ། ། སློང་ལ་ནོར་རྣམས་མ་བྱིན་པར། ། ས་སྐྱོང་དུ་བདག་ཇི་ལྟར་འགྱུར། ། ཞེས་པ་ལས་རྒྱལ་པོ་རང་ཉིད་ཁོ་ན་དཔའ་ཞིང་ཕ་རོལ་གཟི་བྱིན་གྱིས་མནན་པར་ནུས་པའི་སྟོབས་ཀྱིས་རྒྱལ་པོར་གྱུར་པ་ལ་སྤྲོ་བའི་ཚིག་བརྗོད་པ་ཡིན་ནོ། ། མགར་ཁྲི་འབྲིང་བཙན་བྲོད་ཀྱིས་ཐང་དམག་ཕམ་པར་བརླག་དུས་བླངས་པའི་མགུར《བོད་བློན་མགར་ཁྲི་འབྲིང་བཙན་བྲོད་དང་རྒྱ་བློན་འྭོང་ཀེར་ཞང་ཤེ་གཉིས་ཀྱིས་ཤགས་བཀྱེས་པའི་ཚིག》ཅེས་པ་ལས་དཔའ་བའི་ཉམས་བླ་ལྷག་ཏུ་མཚོན་ནོ། །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《བཙོན་ནས་བླངས་པའི་མགུར》ལྟ་བུར་མཚོན་ན་རྩོམ་པ་པོ་ཁོང་ཉིད་རྒུད་ལ་ཉེ་བའི་སྲིད་དབང་དེའི་གཡོ་སྒྱུས་བཙོན་དུ་བཅུག་ནའང་།རང་དབང་དང་དྲང་བདེན་ལ་གཞོལ་བའི་རྩོམ་པ་པོ་དགྲ་བོའི་མདུན་དུ་ཞུམ་པ་མེད་པའི་དཔའ་ངར་གྱིས་འཐབ་རྩོད་བྱས། རྩོམ་འདིའི་ཚིག་འབྲུ་རེ་རེའི་བར་དུ་རྩོམ་པ་པོས་རང་རིགས་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་མདུན་སྐྱོད་ཀྱི་སྤོབས་པ་མཚོན་ཡོད།
ཆོས་ཀྱི་དཔའ་བ་བོད་ཀྱི་སྒྱུ་རྩལ་ཁྲོད་དུ་དོ་སྣང་ཆེན་པོ་བྱས་ཡོད་དེ། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། ། དེ་ཀུན་གཞན་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་དགོས་ཏེ། ། བྱིས་པ་རང་གི་དོན་བྱེད་དང་། ། ཐུབ་པ་གཞན་གྱི་དོན་མཛད་པ། ། བདག་བདེ་གཞན་གྱི་སྡུག་བསྔལ་དང་། ། ཡང་དག་བརྗེ་བར་མ་བྱས་ན། ། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། ། འཁོར་བ་ན་ཡང་བདེ་བ་མེད། ། ཅེས་གསུངས་པ་བཞིན་ཆོས་ཀྱི་དཔའ་བ་གཞན་དོན་ལྷུར་ལེན་པ་དང་བྱང་སེམས་སྙིང་རྗེ་སོགས་ཀྱི་གྲུབ་པ་ཡིན་ཞིང་། ཇོ་བོ་རྗེས། བདེ་སྐྱིད་བྱུང་ཚད་གཞན་ལ་བྱིན། ། སྡུག་བསྔལ་བྱུང་ཚད་རང་ལ་ལོང་། ། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། ། གྱོང་དང་བུབ་ཁ་རང་གིས་ལོང་། ། ཞེས་གསུངས་པ་ལྟར། རང་དོན་ལས་གཞན་དོན་ཁུར་ཆེན་པོ་དང་ལེན་བྱེད་ནུས་པ་དེས་སྐྱེས་བུ་ཆེན་པོའི་རླབས་ཆེན་གྱི་སྤྱོད་པ་འབའ་ཞིག་ཡིན་ནོ། ། མི་ལ་རས་པས་མཐུ་སློབ་པ་ནས་ཆོས་སློབ་པའི་བར་གྱི་ཀྱག་ཀྱོག་ཆེ་བའི་མི་ཚེ་ལ་མཇལ་ན། ཆོས་ཀྱི་ཆེད་དུ་ལུས་ཀྱི་དཀའ་བ་བརྒྱ་ཕྲག་དང་སེམས་ཀྱི་རྨ་ཁ་ཚད་མེད་དང་ལེན་བྱས་ཤིང་། མི་ལུས་ཐོབ་པ་དོན་ཡོད་བྱས་ཏེ་མཐར་ཚེ་གཅིག་ལུས་གཅིག་སངས་རྒྱས་པ་རེད། མཁར་བརྩིགས་པས་སྒལ་སྟེང་སྣག་ཁྲག་འཛག་ཅིང་ལུས་པོ་ངལ་དུབ་ཀྱི་ཁྱེར་བ་ཅིའི་ཆེད་དུ་ཡིན་ཞེ་ན། གཏན་གྱི་འདུན་མ་མི་ནོར་བ་བྱེད་ན་ཆོས་ལ་བློ་རྩེ་གཅིག་གིས་ཕྱོགས་དགོས་ཤིང་། རང་གཞན་གྱི་དོན་དུ་སྲོག་ཕྲ་མོ་འདི་ཡང་ཕངས་མེད་དུ་གཏོང་ཐུབ་པའི་ཆོས་ཀྱི་དཔའ་བ་མཚོན་ནོ། ། གཞན་ཕྱི་རོལ་པ་དག་གིས་ཆུ་ལ་ལྕེབས་པ་དང་ཟས་བཀག་པ་སོགས་ཀྱི་དཀའ་ཐུབ་ལ་བརྟེན་ནས་ཆོས་ཀྱི་དཔའ་བ་མངོན་པའང་ཡོད་དོ། །
སྦྱིན་པ་ལ་དཔའ་བ་ནི་གཏད་པ་མེད་པའི་མཆོད་སྦྱིན་ལྟ་བུ་ཡིན་གསུངས། དེ་ལ་འཇིག་རྟེན་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་གཉིས་ཡོད། འཇིག་རྟེན་པའི་སྦྱིན་པ་ཟང་ཟིང་ནོར་གྱི་ཕ་རོལ་པོའི་གཟི་བྱིན་ངོམ་པ་ཡིན་ཏེ། སྦྱིན་པ་པོའི་དཔའ་སྙན་གྲགས་རྒྱས་པའང་མཚོན་པར་བྱེད། ཇི་སྐད་དུ། རྟ་དང་གླང་བོ་བརྒྱ་འགྱུར་ཡིན། ། བུ་དང་ཆུང་མ་སྟོང་འགྱུར་ཡིན། ། ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། ། ཞེས་པ་ལྟར་ཆོས་ཀྱི་སྦྱིན་པ་དགེ་བ་བསྒྲུབ་པ་དང་ཚོགས་བསགས་པའི་བྱེད་ལས་འབའ་ཞིག་ཡིན་པས། བདག་འཛིན་སྤངས་པ་གནད་ཀྱི་དམ་པའོ། ། རྗེ་མི་ལས། བདག་འཛིན་སྤངས་པའི་ཕ་རོལ་ན། །
སྦྱིན་པ་བྱ་བ་ལོགས་ན་མེད། ། ཅེས་གསུངས། དེ་ཡང་སེམས་ཅན་རྣམས་ནི་འདོད་ཡོན་ལ་ཆགས་ཤིང་། མ་རིག་པའི་དབང་གིས་བདག་འཛིན་ཇེ་བརྟན་དུ་སོང་།སྦྱིན་པ་ལ་མཚོན་ན་འདོད་ཡོན་དེ་དག་ལ་མི་ཆགས་པས་གཉེན་པོར་གྱུར། དཔའ་བའི་ཉམས་ཀྱི་ཤེས་བྱེད་ལ་འགྲེལ་བ་འདོད་འཇོ་ལས། སྨད་པས་དག་པ་ལ་སོགས་དང་། ། གཏོང་དང་མི་འཇིགས་སོགས་དེ་བཞིན། །བརྟན་དང་ལྡོག་མེད་ལ་སོགས་པས། ། དཔའ་བ་མངོན་པར་རྟོགས་བྱེད་འགྱུར། ། ཞེས་འབྱུང་ངོ་། ། ཕྱིའི་ཤེས་བྱེད་གེ་སར་རྒྱལ་པོ་ལྟ་བུའི་དཔའ་མཛངས་ལྡན་པ་དང་མཐུ་དང་གཟི་བྱིན་འབར་བ་ཞིག་གིས་མངོན་ནོ། ། ནང་གི་ཤེས་བྱེད་ནི་ཞུམ་པ་མེད་པ་དང་དཔའ་བ། བརྟན་པ། མཛངས་པ་སོགས་ཀྱིས་མངོན། རྗེས་སུ་ཤེས་པ་ནི་ཡིད་ཚིམ་པ་དང་ཡིད་ཆེས་པ། ཁེངས་པ། ཁྲོ་བ་སོགས་ཀྱིས་མཚོན་པར་བྱེད།
དཔའ་བའི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། དཔའ་བའི་རྒྱན་ལ་དགོད་པ་དང་། །སྙིང་རྗེ་ཞི་བའི་རྒྱན་རྣམས་སྤངས། །ཞེས་གསུངས་པ་ལྟར། དཔའ་བའི་ཉམས་ཐོན་དགོས་ན་གཟི་བརྗིད་དང་སྟོབས། རྩལ་སོགས་ཀྱིས་མཚོན་དགོས་པ་ལས། 《ར་ལོ》ལྟ་བུའི་དགོད་ཁ་སློང་དུ་འཇུག་པའི་བཞད་གད་ཀྱི་ཉམས་དང་། ཨུ་རུ་སུའི་རི་མོ་གྲགས་ཅན《ཧྥུར་ཇ་ཆུ་བོའི་སྟེང་གི་ཐག་འགྲུལ་མཁན》ཞེས་པ་ལས་ཐག་འགྲུལ་མཁན་ཚོས་ཉམ་ཐག་པའི་འཚོ་བ་རོལ་བ་སྙིང་རྗེའི་ཉམས་དང་། དེ་མིན་ཞི་བའི་ཉམས་བཅས་ལས་དཔའ་བའི་ཉམས་མི་ཐོན་ནོ། ། ཡང་དེ་ཉིད་ལས། དཔའ་བའི་རྒྱན་ལ་དྲག་ཤུལ་དང་། ། འཇིགས་རུང་སྐབས་འགར་འགལ་བ་མེད། ། ཅེས་པ་བཞིན་དུ་དྲག་ཤུལ་གྱི་ཉམས་དང་འཇིགས་རུང་གི་ཉམས་གཉིས་སྐབས་འགར་དཔའ་བའི་ཉམས་ལ་འཇུག་པ་ཡིན་ཞིང་།ཡང་དེ་ཉིད་ལས། དཔའ་དྲག་འཇིགས་རུང་རྣམ་གསུམ་ལ། ། ཁམས་གསུམ་ཟ་བའི་ངང་ཚུལ་ཅན། ། ངོ་བོ་ཉིད་ཀྱིས་འཇིགས་རུང་བ། ། སྤུ་ཟིང་ཞེས་ནི་བྱེད་པའི་ཆོས། ། རྩུབ་པའི་ཚིག་རྒྱན་སྦྱར་བར་བྱ། ། ཞེས་བསྟན།
གསུམ། སྙིང་རྗེའི་ཉམས།
མྱ་ངན་འཕེལ་བ་ལས་སྙིང་རྗེའི་ཉམས་ཐོན་པ་ཡིན། སྙིང་རྗེའི་ཉམས་ནི་མི་རྣམས་ཀྱི་མི་ཚེ་ཁྲོད་དུ་དགའ་སྐྱོ་ཆགས་སྡང་ཉམས་སུ་མྱོང་བ་ལས་བྱུང་ཞིང་།སྐྱོ་སྡུག་གིས་གྲུབ་པའི་འཇིག་རྟེན་གྱི་སྣང་ཚུལ་མངོན་མཚོན་བྱེད་པ་ཡིན། གནམ་འོག་འདིར་རྟོག་གེ་བ་གང་མང་ཞིག་གིས་མི་ཚེའི་དོན་སྙིང་ལ་ལྟ་ཚུལ་མང་པོ་བཏོན་ཡང་། མཐར་ཐུག་ན་སྙིང་བོ་ཅི་ཡང་མེད་པས་སྐྱོ་གར་ཞིག་ཡིན་པར་བཤད། འདིའི་ཐད་ལ་རླབས་ཆེ་བའི་སྟོན་པ་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་འདི་ཐོག་མ་ནས་ཇི་ལྟར་འོངས་པ་དང་། ཐ་མར་ཇི་ལྟར་སེལ་དགོས་ཚུལ་ཕྱོགས་ལ་ཕྲ་ཞིང་ཞིབ་པའི་རིགས་པས་སྒྲུབ་ཅིང་གཏན་འབེབས་གནང་ངོ་། ། སྙིང་རྗེའི་ཉམས་ནི་མི་ཚེའི་ལག་ལེན་ཁྲོད་དུ་གནས་ཡོད་ཕྱིར། སྒྱུ་རྩལ་གྱི་ཁྱབ་ཁོངས་སུའང་ཐོག་མ་ཉིད་ནས་དྲངས་ཤིང་མཐོང་ཆེན་མཛད། འགྲེལ་བ་འདོད་འཇོ་ལས། འདོད་པ་ནོར་ཉམས་ལྷུང་བ་དང་། ། གསོད་དང་འཆིང་དང་བརྡེག་པ་དང་། ། སྨོད་པ་ཉོན་མོངས་གདུང་སོགས་ཀྱིས། ། བསྐྱེད་པའི་ཉམས་གང་སྙིང་རྗེའོ། ། ཞེས་གསུངས། སྙིང་རྗེའི་ཉམས་ཀྱི་ཕྱིའི་ཤེས་བྱེད་ནི་སྨོད་ཕོག་པ་དང་སྡུག་བསྔལ་མྱོང་བ། ཆག་སྒོ་ཐེབས་པ། གཏན་གྲོགས་དང་གསོན་བྲལ་བྱུང་བ། རྒྱུ་ནོར་དང་ཁང་ཁྱིམ་ཤོར་བ། སྲོག་འཕྲོག་པ། བྲོས་བྱོལ་སོགས་ཀྱིས་མངོན་པ་དང་། ནང་གི་ཤེས་བྱེད་ནི། མཆི་འཛག་ཤུགས་རིང་བརྗོད་པ་འཁྲུལ། ། ཡན་ལག་རེངས་དང་དྲན་པ་ཉམས། །མྱ་ངན་སྨྲེ་སྔགས་འདོན་སོགས་ཀྱིས། ། མཁས་པས་དེ་ནི་མངོན་ཤེས་བྱ། ། ཞེས་སོ། ། རྗེས་སུ་ཤེས་པ་ནི། གདུང་བས་གཟིར་བ་དང་སྟོབས་ཉམས་པ། ངལ་དུབ་བ། ལེ་ལོ་བ། ཡིད་ཕམ་པ། སེམས་ཁྲལ་བ། ན་བ། འཆི་བ། མཆི་མ་འབྱིན་པ། གདོང་མདོག་འགྱུར་བ་སོགས་ཀྱིས་མངོན་པར་མཚོན་ནོ། །
རང་རེའི་སྙིང་རྗེ་སྐྱེ་ཡུལ་ལ་མཆོག་གི་སྙིང་རྗེ་དང་དམན་པའི་སྙིང་རྗེ་གཉིས་སུ་དབྱེ། ལོག་པར་ལྟུང་བ་ངན་སོང་གསུམ་དང་། མགོན་མེད་པ་དང་ནད་པ་དང་མྱ་ངན་ཅན་དང་། བཀྲེས་པ་འཕོངས་པ་གཞན་གྱིས་མནར་བ། རྒས་པ་རྒུད་པ་འཆི་བ་སོགས་ལ་སྙིང་བརྩེ་བ་ནི་དམན་པའི་ཡུལ་ཅན་ལ་སྐྱེ་བའི་སྙིང་རྗེ་ཡིན་ལ། བཞི་བརྒྱ་བའི་འགྲེལ་བར། མི་ཡི་དཔའ་བོ་ཐོག་མའི་མཚན་མོ་ནི། ། གང་ན་འཇིག་རྟེན་མངལ་དུ་གནས་གྱུར་པ། ། དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་བཞིན། ། འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། ། ཞེས་པ་བཞིན་དུ་མི་རུ་སྐྱེས་མ་ཐག་ནས་བཟུང་སྐྱེ་རྒ་ན་འཆིས་སྡུག་བསྔལ་རིམ་གྱིས་བསྐྱེད་དོ། ། ང་ཚོས་འདྲེན་བྱེད་དུ་ཉམ་ཐག་བགྲེས་པོ་ཞིག་གི་རི་མོ་དྲངས་ཚེ་ཡིད་སྐྱོ་ལྷང་ངེར་འགྲོ་བ་དང་། བགྲེས་པོ་དེའི་ཧྲལ་ཐག་ཆོད་པའི་ལྭ་བ་གྱོན་ནས་དཀའ་སྡུག་གི་འཚོ་བ་རོལ་བ་ཤེས་ཚེ། སྙིང་རྗེ་བས་མཆི་མ་ཤ་མར་འཛག་འོངས། ང་ཚོས་རྣ་ལམ་དུ་མ་ཎི་གདུང་དབྱངས་དྲངས་ཚེ་མི་ཐམས་ཅད་བདེ་བར་འདུག་དབང་མེད་པར་འཆི་བས་ངེས་ཤེས་བསྐྱེད་པ་དང་། སེམས་ལ་མི་བཟོད་པས་སྡུག་བསྔལ་ཞིག་འཁྱག་སིབ་སིབ་ངང་བྲང་ཁོང་བརྒྱུད་ནས་འོངས། འདས་སོང་བའི་རང་གི་གཉེན་ཚན་དྲན་ཞིང་སྐྱོ་སྣང་འབའ་ཞིག་སྟེར་བར་བྱེད། རྟག་ཏུ་ངུ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐོས་ནས་སེམས་མི་བཟོད་ཅིང་སྤུ་ལྡང་མཆི་མ་གཡོ་ངོ་མཚར་ཞིང་བརྩེ་བ་སྐྱེ་བ་ནི་མཆོག་ལ་སྐྱེ་བའི་སྙིང་རྗེའོ། ། རྗེ་ཙོང་ཁ་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་ནོ། ། ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་ཉེ་རིང་མེད་པར་སྙིང་རྗེ་སྤྱོད་པ་དང་།སྡུག་བསྔལ་འབའ་ཞིག་སྤྱོད་པའི་སེམས་ཅན་རྣམས་ཐར་བ་ལས་འདྲེན་པར་བྱེད་དོ། །
ནུབ་ཕྱོགས་ཀྱི་མཛེས་རིག་ཁྲོད་དུ་སྔ་མོ་ནས་སྙིང་རྗེའི་ཉམས་མཛེས་དཔྱོད་ཀྱི་ཉམས་ཀྱི་གྲས་སུ་བཞག་འདུག ཨ་རི་སི་ཏོ་ཏལ་གྱིས་སྐྱོ་གར་དང་སྤྲོ་གར་གཉིས་ནི་ནུབ་ཕྱོགས་ཟློས་གར་ལ་ཞིབ་འཇུག་གནང་ནས་ཐོན་པའི་མཛེས་དཔྱོད་ཀྱི་ཉམས་ཡིན་པར་ངོས་འཛིན་གནང་། སྐྱོ་གར་དང་སྙིང་རྗེའི་ཉམས་གཉིས་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་གོ་བ་མི་འདྲ་བ་ཆགས་ཡོད་ནའང་། མྱ་ངན་འཕེལ་བ་ལས་ཐོན་པའི་ཉམས་ཡིན་པར་གཉིས་ཀས་ཁས་ལེན་བྱེད། སྐྱོ་གར་ནི་མི་སྣ་ཞིག་གིས་མྱ་ངན་མྱངས་པ་བརྒྱུད་ནས་མི་གཞན་དག་ལ་སྐྱོ་སྣང་ངམ་སྐྱོ་ཚོར་སློང་བར་བྱེད་ནུས་ལྡན་པ་ཞིག་ཡིན། སྐྱོ་གར་ལ་མཚོན་ན་ཟློས་གར་བྱུང་རིམ་ཆ་ཚང་ལས་མྱ་ངན་འབྱུང་བ་གསལ་བར་མཚོན་པ་དང་།མྱ་ངན་འབྱུང་རྐྱེན་གྱིས་རྒྱུ་མཚན་བཀོད་པ་གཙོར་བཟུང་བར་བྱེད། མྱ་ངན་འཕེལ་ནས་སྙིང་རྗེའི་ཉམས་ཐོན་ཚུལ་ཕྱོགས་ལ་དོ་སྣང་ཆེར་བྱས་མེད། ནུབ་ཕྱོགས་ཀྱི་སྐྱོ་གར་ནང་མི་སྣ་གཙོ་བོས་སྟོབས་ཆེ་བའི་དགྲ་བོའི་མདུན་དུ་མགོ་མི་སྒུར་ཞིང་། རང་ཉིད་ཀྱི་ནུས་པ་ཞན་པར་མི་ལྟ་བར་འཐབ་རྩོད་མཐའ་འཁྱོལ་བྱེད་པའི་སྤོབས་པ་མཚོན་ཡོད། དཔེར་ན། 《ཨི་ཏེ་ཕོ་སི》ནང་དུ་ཨི་ཏེ་ཕོ་སིས་ལས་དབང་སྒྱུར་འདོད་པའི་འཐབ་རྩོད་བྱས་པ་ལྟ་བུ། སྐྱོ་གར་གྱི་མཇུག་འབྲས་ཕམ་ཁ་དང་རྨེག་མེད་དུ་སོང་བ་འབའ་ཞིག་ཡིན་ན་ཡང་། ཕམ་ཁ་མྱོང་མཁན་གྱིས་བདེན་ལུགས་དང་ཚེ་སྲོག་ལ་སྙིང་སྟོབས་བཅངས་པ་མཚོན་ཡོད། དེ་བས་གཉིས་ཀའི་ཞིབ་བསྡུར་ལས་མཚན་ཉིད་རིག་པའི་རྨང་གཞི་མི་འདྲ་བ་མཚོན་ཡོད་དེ། རྗེ་ཙོང་ཁ་པས། བདག་གཅེས་པར་འཛིན་པ་རྒུད་པ་ཀུན་གྱི་སྒོ་དང་། གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས། ཞེས་གསུངས་པ་ལྟར། བདག་ཡོད་སྙམ་པའི་ངར་འཛིན་གྱིས་ལས་མི་དགེ་བ་བསྒྲུབ་ཅིང་། མི་དང་མིའི་བར་གྱི་འགལ་བ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམག་འཁྲུག་བྱུང་བ་སོགས་ཀྱང་ངར་འཛིན་ལས་བྱུང་བ་ཡིན། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། ། བདག་གཞན་ཆ་ལས་འཛིན་དང་སྡང་། ། འདི་དག་དང་ནི་ཡོངས་འབྲེལ་ལས། ། ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་བཞིན་ནོ། ། གཞན་ཕན་གྱི་བསམ་བློ་ནི་བྱམས་སྙིང་རྗེ་ལས་བྱུང་བ་ཡིན་པས། མི་ཞིག་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེས་དགོས་པའི་རྒྱུ་མཚན་དེ་ལ་ཐུག སངས་རྒྱས་ཆོས་ནི་སྨན་གྱི་འདུ་ཤེས་བསྐྱེད་ན་སྡུག་བསྔལ་འབའ་ཞིག་ལས་སངས་དྲགས་ཡོང་བར་ཕན་ཞིང་། སྙིང་རྗེ་ནི་ཉོན་མོངས་ཀྱི་གཉེན་པོ་ཡིན་པར་ཤེས་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འདོན་ཞིང་བདེ་བ་ལ་འགོད་ཐུབ། སྙིང་རྗེ་ཆེན་པོ་སེམས་སུ་བཅངས་ཐུབ་ཚེ་སྙིང་སྟོབས་བླ་ན་མེད་པ་ཞིག་ཡིན་པ་གདོན་མི་ཟའོ། །དེ་ཡང་སྐྱོ་གར་འབྱུང་བའི་རྒྱུ་རྐྱེན་ལ་བལྟས་ནས་དབྱེ་ན། ལས་དབང་སྐྱོ་གར་དང་གཤིས་ཀ་སྐྱོ་གར། སྤྱི་ཚོགས་སྐྱོ་གར་དང་རྒྱུན་ལྡན་འཚོ་བའི་སྐྱོ་གར་བཅས་སོ། ། སྤྱིར་ན་སྐྱོ་གར་ལས་སྡུག་བསྔལ་འབའ་ཞིག་བརྗོད་པར་བྱེད་མོད། མཛེས་དཔྱོད་ཀྱི་སྤྲོ་བ་སྦྱིན་ཚུལ་གྱི་ཐད་ལ་ལྟ་ཚུལ་འགའ་ཤས་བྱུང་ཡོད་དེ། དཔེར་ན། ཨ་རི་སི་ཏོ་ཏལ་གྱི་འཁྲུལ་བ་སྨྲ་བ་དང་དག་སྣང་སྨྲ་བ། ཧེ་ཀོར་གྱི་འགལ་བ་སྨྲ་བ་དང་རྟག་བརྟན་བདེན་ལུགས་སྨྲ་བ། ནིས་ཆའི་ཆང་ལྷའི་སྙིང་སྟོབས་སོགས་ཡོད། གོང་གི་ལྟ་ཚུལ་འདི་དག་སྐྱོ་གར་རང་བཞིན་དང་སྐྱོ་གར་མི་སྣ། སྐྱོ་གར་སེམས་ཁམས་བཅས་གསུམ་གྱི་སྟེང་ནས་མཚོན་ཡོད། དེ་ནི་མཛེས་རིག་ཁྲོད་ཀྱི་སྐྱོ་གར་ལ་མཚན་ཉིད་བཞག་པའི་རྩ་བའི་གྲུབ་ཆ་ཡིན་ནོ། །
སྙིང་རྗེའི་ཉམས་མཛེས་དཔྱོད་ཀྱི་ཉམས་ཡིན་པའི་ཆ་ནས། མཛེས་རིག་ངོས་ནས་སྙིང་རྗེའི་ཉམས་ལ་བསམ་གཞིགས་གནང་དུས་ཕྱོགས་གཉིས་ལ་དོ་སྣང་བྱེད་དགོས། གཅིག་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྐྱོ་གར་རང་བཞིན་གྱི་བྱ་བས་མི་རྣམས་ལ་སྐྱོ་སྣང་སྟེར་བར་བྱེད་མོད། དེ་ནི་མཛེས་དཔྱོད་བྱེད་ཡུལ་མིན་ཏེ། མཛེས་རིག་ཁྲོད་ཀྱི་སྙིང་རྗེའི་ཉམས་སྒྱུ་རྩལ་ལ་བརྟེན་ནས་མཚོན་དགོས་པས། སྒྱུ་རྩལ་གྱི་ཕྱོགས་ལ་དོ་སྣང་བྱེད་དགོས། ཅིག་ཤོས་ནི་སྙིང་རྗེའི་ཉམས་ལ་བསམ་གཞིགས་གནང་དུས་སྒྱུ་རྩལ་ཁོ་ན་སྟེང་དུ་མི་ཕྱོགས་པར་མཚན་ཉིད་རིག་པར་དོ་སྣང་བྱེད་དགོས། དེ་འདྲ་མིན་ཚེ་ང་ཚོས་སྒྱུ་རྩལ་གཞུང་ལུགས་ལས་མཛེས་རིག་ལ་བསམ་གཞིགས་མ་བྱས་པར་མཚོན་ནོ། །
སྙིང་རྗེའི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། སྙིང་རྗེ་ཞི་བ་རྣམ་གཉིས་ལ། ། སྒེག་དང་དཔའ་དགོད་དྲག་ཤུལ་དང་། ། འཇིགས་རུང་ངམ་པ་དྲུག་པོ་སྤང་། ། ཞེས་གསུངས་པ་ལྟར་སྒེག་པའི་ཉམས་དང་དཔའ་བོའི་ཉམས། དྲག་ཤུལ་གྱི་ཉམས། བཞད་གད་ཀྱི་ཉམས། འཇིགས་རུང་གི་ཉམས། ངམ་པའི་ཉམས་བཅས་དྲུག་པོ་སྙིང་རྗེའི་ཉམས་ལ་མི་འཇུག་པར་བསྟན། ཡང་དེ་ཉིད་ལས། སྒེག་པའི་རྒྱན་ལ་སྙིང་རྗེ་དང་། ། ངམ་དང་ཞི་བ་འཇུག་པ་སྲིད། ། ཅེས་པ་ལྟར། སྒེག་པའི་ཉམས་དང་ངམ་པའི་ཉམས། ཞི་བའི་ཉམས་བཅས་གསུམ་སྐབས་འགར་སྙིང་རྗེའི་ཉམས་ལ་འཇུག་པ་ཡོད་དོ། །
བཞི། མི་སྡུག་པའི་ཉམས།
སྐྱུག་བྲོ་བ་འཕེལ་བ་མི་སྡུག་པའི་ཉམས་ནི་མཛེས་དཔྱོད་ཀྱི་ཉམས་ཡིན་མིན་ཐད་ལ་བཤད་ཚུལ་མི་མཐུན་པ་མང་མོད། མི་སྡུག་པ་སྒྱུ་རྩལ་གྱི་ཉམས་ཡིན་ཕྱིན་མཛེས་དཔྱོད་རང་བཞིན་ཡོད་པས་འགལ་བ་ཆེར་མེད་སྙམ། མི་སྡུག་པ་ནི་མཛེས་པ་དང་རྒྱབ་འགལ་དུ་གནས་ཡོད་དེ། མཁས་འཇུག་ལས། མི་སྡུག་པ་ནི་མཛེས་པ་འགོག ། ཅེས་གསུངས། འགྲེལ་བ་འདོད་འཇོ་ལས། རྣམ་གྱུར་རུལ་བའི་ཤ་ལ་སོགས། ། མཐོང་དང་ཐོས་དང་གྲགས་པ་ཡི། ། རྣམ་སྐྱེད་རྣམས་ཀྱིས་བསྐྱེད་པ་འདི། ། མི་སྡུག་པ་ཞེས་དམན་པའི་གནས། ། ཞེས་མི་སྡུག་པ་བསྟན་ནོ། ། མི་སྡུག་པའི་ཉམས་ཀྱི་ཕྱིའི་ཤེས་བྱེད་ནི། མཛེས་ཤིང་ཡིད་དུ་འོང་བའི་མི་མཐུན་ཕྱོགས། ལུས་མི་སྡུག་པ་སྒུར་ཞར་ལྦ་བ་ཡོད་པ་སོགས་དང་། ངག་མི་སྡུག་པ་འཛེར་འཛེར་ལྡབ་ལྡིབ་ལ་སོགས། ཡུལ་མི་སྡུག་པ་རད་རོད་དང་སྡོང་དུམ་དང་ཚེར་མ་ཅན་ལ་སོགས་མངོན་པར་བྱེད། ནང་གི་ཤེས་བྱེད་ནི། སྣ་འགེབ་པ་དང་མི་གསལ་བའི། ། ཚིག་ལྡིབ་པ་དང་མི་འགྱུར་བ། ། གྲོགས་ལ་དགའ་མེད་ལ་སོགས་པའི། ། མངོན་ཚུལ་དེ་ཤེས་རྣམས་ཀྱི་འདོད། ། ཅེས་པ་དང་། རྗེས་སུ་ཤེས་པ་ནི། སྨྱོ་སྤྱོད་དང་ཡིད་འཁྲུག་པ། ཟང་ཟིང་། ན་བ་དང་འཆི་བ་སོགས་ཀྱིས་མངོན་པར་བྱེད་དོ། ། ས་པཎ་གྱིས་མི་སྡུག་པའི་ཉམས་སྟེང་དུ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་སྦྱར་ཏེ། མཁས་མཇུག་ལས། མི་སྡུག་པ་ནི་ལུས་ངག་ཡིད། ། ལྷག་ཅིག་སྐྱེས་དང་སྦྱར་བ་ཡི། ། སྐྱོན་དང་འབྲེལ་བའི་ངང་ཚུལ་ཅན། ། ཡིད་འབྱུང་བྱེད་པའི་ཚུལ་ཡིན་ནོ། ། ཞེས་བསྟན། འཁོར་བའི་ཉེས་དམིགས་ཤེས་ན་ཡིད་འབྱུང་སྐྱེས་པ་དང་། མི་སྡུག་པ་ལ་བརྟེན་ནས་ཡིད་འབྱུང་སྐྱེས་ནུས་པ་ཡིན། ལས་དང་ཉོན་མོངས་དབང་གིས་སྐྱེ་བ་སྣ་ཚོགས་བླངས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཞེས་གྲགས། འཁོར་བའི་མི་རྣམས་འཁོར་བར་གནས་ཀྱང་འཁོར་བའི་ངང་ཚུལ་མི་ཤེས་ཏེ། མ་རིག་པའི་དབང་གིས་འདི་ནི་མཛེས་པའོ། ། འདི་ནི་མི་སྡུག་པའོ། ། ལོག་རྟོག་གིས་དྲི་མ་དང་བཅས་ངོས་འཛིན་བྱེད། ཚོར་ཤེས་སྟེང་ནས་མི་སྡུག་པ་འབྱེད་པ་ནི་འཇིག་རྟེན་པ་སྤྱིའི་ཁྱད་ཆོས་ཤིག་ཡིན་པ་དང་། ཚོར་ཤེས་ངོས་འཛིན་བྱེད་སྟངས་ཐད་ནུབ་ཕྱོགས་དང་མི་འདྲ་བར་ཆགས་ཡོད།
1853ལོར་ལུ་སིམ་ཁུ་ལན་ཙིས《བཙོག་པའི་མཛེས་རིག་པ》ཞེས་པའི་དཔེ་དེབ་ཅིག་བརྩམས། དེའི་ནང་ཐེངས་དང་པོར་བཙོག་པ་མཛེས་དཔྱོད་ཀྱི་ཉམས་ཤིག་ལ་ངོས་འཛིན་གསལ་བོར་གནང་། ང་ཚོས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་མཛེས་རིག་པ་འཕེལ་རྒྱས་ཀྱི་འགྲོས་ལས་བཙོག་པ་མཛེས་དཔྱོད་ཀྱི་ཉམས་སུ་གྱུར་པའི་རྗེས་ཤུལ་རྙེད་ཐུབ་སྟེ། ཉེ་རབས་ནུབ་ཕྱོགས་སུ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན། མི་དང་མིའི་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང་། སྔ་ཕྱི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་བྱུང་བ་དང་། དཔལ་འབྱོར་ཉམས་རྒུད་དུ་གྱུར་པ། དམག་འཁྲུག་གི་འགྲན་རྩོད་དབང་གིས་ཉིང་རྡུལ་མཚོན་ཆ་སོགས་བསྐྲུན་ནས། གོ་ལ་ཧྲིལ་བོར་ཐལ་རྡུལ་གཏོང་ཐུབ་པའི་ལག་རྩལ་དར། དེ་བས། མི་རྣམས་ལ་སྔར་མེད་པའི་འཇིགས་པ་ཞིག་འཚོ་བའི་ཁྲོད་ཁྱབ་གདལ་དུ་གནས་ཡོད་ཕྱིར། བདེ་སྐྱིད་ཀྱི་འཚོ་བའི་རེ་འདུན་མཐའ་གཅིག་ཏུ་ཉམ་ཐག་པར་གྱུར་སོང་། མི་རྣམས་ཀྱི་བསམ་བློའི་རླབས་རྒྱུན་རྙོག་དྲ་ཅན་མང་པོ་བྱུང་ཞིང་། མདོར་དྲིལ་ན་འཚོ་གནས་སྙིང་པོ་མེད་པ་བརྗོད་གཞིར་གྱུར་འདུག ནིས་ཆས“དཀོན་མཆོག་ཤི་སོང”ཞེས་བསྟན་ནས་མི་རྣམས་ཡེ་ཤེས་ཆོས་ལུགས་ཀྱི་དད་མོས་ལ་གཡོ་འགུལ་ཐེབས་སུ་བཅུག སི་ཕེན་གྱི་རི་མོ་མཁན་གྲགས་ཅན་ཀི་ཡས《དམག་འཁྲུག་གི་སྡུག་བསྔལ》ཞེས་པའི་རི་མོ་བྲིས་ནས་མི་གཤིས་གཅན་གཟན་ལས་བཙོག་པ་མཚོན་ཞིང་། རྩོམ་པ་པོ་གྲགས་ཅན་ཁ་ཧྥི་ཁས《གཟུགས་འགྱུར་རྟོགས་བརྗོད》ཅེས་པ་བྲིས་ནས་གདུག་རྩུབ་ཆེ་བའི་མིའི་འཚོ་བ་མཚོན་ཡོད། ཡར་སྔོན་རོལ་མོའི་སྙན་འཇེབས་ཀྱི་ཆ་རྨེག་མེད་དུ་བཏང་ཞིང་། སྒྲ་གདངས་དྲག་པོ་རྣ་བར་གཟན་པ་དག་ལ་དགའ་པོ་སྐྱེ་བཞིན་གདའ། ནུབ་ཕྱོགས་ཀྱི་མཛེས་རིག་འཕེལ་འགྱུར་ལས་མི་སྡུག་པའི་ཉམས་ནི་ཉེ་རབས་སྤྱི་ཚོགས་ཀྱི་ཐོན་རྫས་ཤིག་ཡིན་ལ། ནུབ་ཕྱོགས་མཚན་ཉིད་རིག་པའི་འཇིག་རྟེན་ལྟ་ཚུལ་དངོས་ཟུར་ཙམ་མཚོན་འདུག
ནུབ་ཕྱོགས་ཀྱི་མཛེས་རིག་ལས་བསྟན་པའི་བཙོག་པ་དང་མི་སྡུག་པ་གཉིས་ཞིབ་བསྡུར་བྱས་ན། གཉིས་ཀ་མཛེས་པ་དང་རྒྱབ་འགལ་དུ་གནས་ཤིང་། མིའི་འཚོ་བ་ནི་བདེ་སྡུག་མཛེས་བཙོག་སོགས་ཀྱི་གྲུབ་ཡོད་པ་དང་།འཚོ་བ་དངོས་ལས་བདེ་བ་ལ་འཚོལ་སྙེག་དང་མཛེས་པ་ལ་ཡིད་སྨོན་བཅངས་སྲིད། མཛེས་པ་དང་བཙོག་པ་གཉིས་ཀྱི་བར་ལ་འབྲེལ་བ་ཡོད་དེ། མིའི་རིགས་ཀྱི་མཛེས་དཔྱོད་ལག་ལེན་ཁྲོད་དུ་མཛེས་པ་གསར་གཏོད་བྱེད་པའི་བརྒྱུད་རིམ་ནི་བཙོག་པ་འགོག་པའི་བརྒྱུད་རིམ་ཡང་ཡིན། བཙོག་པ་མཛེས་རིག་ཁྲོད་དུ་མ་ཉམས་པར་མཛེས་པ་ལས་ཕལ་བའི་རང་བཞིན་གྱི་གནས་པ་རེད།“བཙོག་པ་ནི་འཐུས་སྒོ་མི་ཚང་བ་ལ་གོ །”③ཞེས་པ་དང་། པོ་མུའུ་ཅ་ཐུན་གྱིས་དངོས་པོའི་རྒྱུན་ལྡན་སྣང་ཚུལ་ལས་བརྒལ་བའམ་གཟུགས་འགྱུར་བ་ཞིག་ལ་གོ་བར་བཤད། དཔེར་ན། དབང་བོ་མི་ཚང་བའི་མི་ཞིག་ལ་བཙོག་པ་ཟེར། རྒྱུ་མཚན་ནི་དངོས་པོའི་རྒྱུན་ལྡན་གྱི་སྣང་ཚུལ་ལས་བརྒལ་བས་སོ། །ཡང་མི་སྡུག་པ་ལ་མཚོན་ན་སྐྱུག་བྲོ་བ་ལས་ཐོན་པ་ཡིན་པས། ཕོ་བ་རི་ལས་ཆེ་ཞིང་མགྲིན་པ་རྟ་རྔ་ལས་ཕྲ་བའི་ཡི་དྭགས་ནི་བཙོག་པ་ཡིན་པར་མ་ཟད། མི་སྡུག་པའི་སྣང་བརྙན་ཞིག་ཀྱང་མཚོན་གྱིན་ཡོད། བཙོག་པ་ཡིན་ཕྱིན་མི་སྡུག་པ་ཡིན་པས་མ་ཁྱབ་སྟེ། མི་ཞིག་ཕྱིའི་རྣམ་པའི་སྟེང་ནས་བཙོག་པ་ཡིན་ཡང་། ནང་སེམས་ཀྱི་ཀུན་སློང་བཟང་པོ་ཅན་ཤིན་ཏུ་མང་པོ་ཡོད་པས། བཙོག་པ་མི་སྡུག་པར་འཛིན་པ་ནོར་འཁྲུལ་ཞིག་གོ ། བཙོག་པ་ཡིན་ཡང་མཛེས་དཔྱོད་མཚོན་པ་ཡོད་དེ། སྒྱུ་རྩལ་སྟེང་ནས་བཙོག་པའི་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད་ནས་མཛེས་དཔྱོད་མཚོན་པ་ཡོད་པས་ཕྱིར་རོ། ། མི་སྡུག་པའང་སྒྱུ་རྩལ་སྟེང་ནས་མཛེས་དཔྱོད་ལྡན་པ་འགལ་བ་མེད་སྙམ་མོ། །
མི་སྡུག་པའི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། མི་སྡུག་པ་ལ་དྲག་ཤུལ་དང་། ། འཇིགས་རུང་སྐབས་འགར་འགལ་བ་མེད། ། ཅེས་པ་ལྟར་དུ། དངོས་པོ་མཛེས་པ་ཞིག་གིས་ཡུལ་ཅན་གྱི་སྣང་ངོར་དྲག་ཤུལ་གྱི་ཉམས་དང་འཇིགས་རུང་གི་ཉམས་སོགས་སྦྱིན་པར་མི་བྱེད་མོད། མི་སྡུག་པའི་ཉམས་ནི་སྐྱུག་བྲོ་བའི་རང་བཞིན་ཡིན་པས་དྲག་ཤུལ་དང་འཇིགས་རུང་སྐབས་འགར་འགལ་བ་མེད་པར་འཇུག་གོ ། ཡང་དེ་ཉིད་ལས། མི་སྡུག་པ་ལ་སྒེག་པ་དང་། ། སྙིང་རྗེ་ཞི་བའི་རྒྱན་མི་སྦྱར། ། ཞེས་པ་བཞིན་དུ། མི་སྡུག་པའི་ཉམས་ནི་མཛེས་པ་དང་འགལ་བ་ཡིན་ལ། སྒེག་པའི་ཉམས་ནི་མཛེས་པ་དང་འབྲེལ་བའི་ཕྱིར་དང་།སྙིང་རྗེའི་ཉམས་དང་ཞི་བའི་ཉམས་ནི་གཞན་ལ་ཕན་འདོགས་ཤིང་དུལ་བའི་ཡན་ལག་ཡིན་ལ། མི་སྡུག་པའི་ཉམས་ནི་སེམས་སུན་འབྱིན་པ་རྣམ་པར་གཡེང་བའི་ཆ་དང་མཐུན་པའི་ཕྱིར་ཕན་ཚུན་འགལ་བ་ཡིན་ནོ། །
ལྔ། བཞད་གད་ཀྱི་ཉམས།
དགོད་བྲོ་བ་ལས་བཞད་གད་ཀྱི་ཉམས་ཐོན་པ་ཡིན་ཞིང་། བཞད་གད་ཀྱི་ཉམས་ནི་མཛེས་དཔྱོད་ཀྱིས་ཆེས་ཆེར་ཕྱུག་པ་ཞིག་གོ ། དགོད་པའི་རྒྱུ་མཚན་ཤིན་ཏུ་མང་སྟེ། མཆན་འོག་ལ་ཟ་འཕྲུག་བསླངས་ནས་དགོད་པ་ནི་ལུས་ཁམས་དབང་གིས་ཡིན་པ་དང་།གྲོགས་པོ་དང་འཕྲད་ནས་དགོད་པ་ནི་བརྩེ་འདང་མཚོན་པ་ཡིན། རང་ཉིད་ལས་དམན་པའི་ཡུལ་ཅན་རྣམས་ལ་འཕྱ་སྨོད་བྱས་ནས་དགོད་པ་སོགས་མང་ངོ་། །འགྲེལ་བ་འདོད་འཇོ་ལས། རྣམ་འགྱུར་སྦེད་བཅས་རྣམ་འགྱུར་བཅས། ། མཛེས་བཅོས་ཡན་ལག་མ་ཚང་མཐོང་། ། འབྲེལ་མེད་དེ་བཞིན་གཏམ་སྨྲ་དང་། ། རྩེད་མོ་སོགས་ཀྱི་དགོད་པར་འགྱུར། ། ཞེས་གསུངས་པ་ལས་བཞད་གད་ཤེས་བྱེད་ཀྱི་རྒྱུ་བསྟན་ནོ། ། བཞད་གད་ཀྱི་ཉམས་ཕྱིའི་ཤེས་བྱེད་ནི། ལུས་སུ་མི་རན་པའི་གོས་དང་རྒྱན་སྤྲོས་པ། བབ་ཅོལ་དང་ཧོལ་རྒྱུག རྨོངས་ཚོད་ཀྱི་གཏམ་སྤྱོད། རྐམ་ཆགས་ཆེ་བ། ཁ་རྩོད་བྱེད་པ། དོན་ལ་མི་གནས་པའི་སྤྱོད་པ་དང་། དོན་ལོག་པའི་གཏམ། སྐྱོན་འཛུགས་པ། ལུས་ཁམས་དང་ཡན་ལག་ལ་སྐྱོན་ཤོར་བ་སོགས་ཀྱིས་མངོན་པ་དང་། ནང་གི་ཤེས་བྱེད་ནི། མ་མཆུ་སོས་བརྫི་བ། སྣ་ཁོང་དང་མཁུར་ཚོས་ཟུང་འདར་བར་བྱེད་པ། མིག་བགྲད་པ། ཟུར་མིག་འཕེན་པ། རྔུལ་ཐིགས་ཟགས་པ། གདོང་མདོག་ཧད་པ། ལག་ཟུང་དཔྱི་ལ་བརྟེན་པ་སོགས་ཀྱིས་མངོན་པ་དང་།རྗེས་སུ་ཤེས་པ་ནི། ལེ་ལོ་དང་རྫུས་པ། གཉིད་མི་ཁུག་པ་དང་གཉིད་དུ་ཡུར་བ། རྨི་ལམ་རྨིས་པ། རྨོངས་མུན་སངས་པ། ཕྲག་དོག་པ་སོགས་ཀྱིས་མཚོན་ནོ། ། གོང་ན་ཟློས་གར་བསྟན་བཅོས་ལས་བཞད་གད་ཀྱི་ཉམས་ཐོན་ཚུལ་གཙོར་བྱས་འདུག་མོད། སྤྱིར་བཞད་གད་ཀྱི་ཉམས་ནི་སྒྱུ་རྩལ་རིགས་སྤྱི་དང་སྤྱི་ཚོགས་འཚོ་བའི་སྟེང་དུ་ཁྱབ་ཆེ་བ་ཞིག་ཡིན།
བཞད་གད་ཀྱི་ཉམས་དང་ཐོག་རྒྱ་གར་གྱི་གནའ་བོའི་ཟློས་གར་ལས་བྱུང་བ་བཞིན་དུ། ནུབ་ཕྱོགས་ཀྱི་བཞད་གད་ཀྱི་ཉམས་ཀྱང་ཟློས་གར་ལས་བྱུང་བ་ཡིན་ཏེ། ཕེ་ལ་ཐོས《ཨོ་ལེ་པོ་སི་ལེའུ》ཞེས་པ་ལས་བཞད་གད་ཀྱི་ཉམས་ནི་སྤྲོ་གར་འཁྲབ་སྟོན་མཁན་གྱིས་རང་ཉིད་ངོས་ཟིན་ཡང་དག་བྱས་མེད་པ་དང་། དངོས་ཡོད་གནས་ཚུལ་དང་འགལ་བའི་བྱ་སྤྱོད་ལས་བྱུང་བ་ཡིན་ཞིང་། སྤྱིར་གླེན་པའི་བྱ་སྤྱོད་བློ་ཕམ་པ་ཞིག་ཡིན་ནའང་། སྤྲོ་གར་འཁྲབ་སྟོན་བྱེད་སྐབས་མི་ལ་དགོད་བྲོ་བའི་ཚོར་བ་སྦྱིན་ཐུབ་པར་གསུངས། དེའི་རྗེས་ཨ་རི་སི་ཏོ་ཏལ་གྱིས་སྤྲོ་གར་ལ་མཚན་ཉིད་འཇོག་སྐབས་བཞད་གད་ཀྱི་ཉམས་ནི་དེའི་རྩ་བའི་གྲུབ་ཆ་ཡིན་པར་བསྟན། ཁོང་གིས་སྤྲོ་གར་ནི་མི་སྣ་གླེན་པ་ལ་ལད་ཟློས་བྱས་ནས་ཐོན་ཞིང་།གླེན་པ་མཐའ་གཅིག་ཏུ་མི་དགེ་བ་སྒྲུབ་མཁན་ལ་མི་འཇུག་པར་བཞད་གད་ལའང་འཇུག བཞད་གད་བཙོག་པའི་ཁོངས་གཏོགས་ཡིན་ཞེས་གསུངས། པོ་ཀུ་སིན་གྱིས《དགོད་པ》ཞེས་པ་ལས་བཞད་གད་ཀྱི་ཉམས་ལ་ཞིབ་འཇུག་གནང་ཡོད།
བཞད་གད་ཀྱི་ཉམས་དང་སྤྲོ་གར་གཉིས་ཀྱི་བར་དུ་འབྲེལ་བ་ག་འདྲ་ཡོད་ཟེར་ན། མཁས་འཇུག་ལས། དགོད་པ་བཞད་གད་འབྱིན་པའི་ཚིག ། ལུས་ངག་ཆ་ལུགས་རྣམ་འགྱུར་དང་། ། སྤྱོད་ཚུལ་ཡོན་ཏན་སྐྱོན་རྣམས་ཀྱི། ། སྒོ་ནས་གཞན་ལ་འཕྱར་བ་ཡིན། ། ཞེས་གསུངས་པ་ལྟར། མཛེས་དཔྱོད་བྱ་འགུལ་ཁྲོད་དུ་ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་བ་མི་མཐུན་པའི་དབང་གིས། བཞད་གད་ནི་རང་ཉིད་ལས་དམན་པའི་ཡུལ་ཅན་སྟེང་དུ་སྦྱོར་བར་བྱེད། བྷ་ར་ཏ་ལྟར་ན་བཞད་གད་ཀྱི་ཉམས་འདི་གཙོ་བོ་བུད་མེད་དང་བྱིས་པ། ཐོབ་ཐང་དམའ་རིམ་ཁྲོད་འབྱུང་སླ་བར་བཤད། སྐུ་ཞབས་ལུའུ་ཞུན་གྱི《ཨQ》ལས་མི་སྣ་གཙོ་བོ་ཨQལྟ་བུར་མཚོན་ན། མི་རྣམས་ཀྱིས་འཕྱ་སྨོད་བྱེད་སའི་གཞི་རུ་གྱུར་འདུག དེ་ནི་རང་ཉིད་གླེན་པ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་པར་ལན་པ་རེད། མཛེས་རིག་ཁྲོད་དུ་བཞད་གད་ཀྱི་ཉམས་ནི་སྤྲོ་གར་གྱི་གྲུབ་ཆ་གཙོ་བོ་ཡིན་པར་བསྟན་ཞིང་། སྤྲོ་གར་གྱི་ཉམས་ཐོན་ཚུལ་ལ་ལྟ་ཚུལ་མང་པོ་ཡོད་དེ། དཔེར་ན། ཧོ་པུ་སིའི་གློ་བོར་གཟི་བརྗིད་འབར་བར་སྨྲ་བ་དང་། ཁན་ཏིག་གི་ཁྱད་མཚར་སྨྲ་བ་དང་སྔོན་དཔག་རེ་ཆད་སྨྲ་བ་དང་། ཧྥི་རེའུ་ཏིའི་སེམས་ཁམས་ཟད་གྲོན་ནུས་ཚད་ཀྱི་གྲོན་ཆུང་སྨྲ་བ། ལུའུ་ཞུན་གྱི་སྤྲོ་གར་ནི་རིན་ཐང་མེད་པ་མི་ལ་ཤེས་སུ་འཇུག་པ་སོགས་ཡོད། བཞད་གད་ཀྱི་ཉམས་དང་སྤྲོ་གར་བར་ལ་ཁྱད་པར་ཡོད་དེ། བཞད་གད་ཀྱི་ཉམས་ནི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་དུས་རྒྱུན་མཐོང་སྲིད་ལ། སྤྲོ་གར་ནི་གལ་ཆེ་བའི་སྤྱི་ཚོགས་ལོ་རྒྱུས་སྣང་ཚུལ་མངོན་པ་ཡིན་པས། བཞད་གད་དང་བསྡུར་ན་གཟབ་ནན་རང་བཞིན་ལྡན།
བཞད་གད་ཀྱི་ཉམས་ལ་སྤྲོ་དགའི་བྱ་སྤྱོད་ཁོ་ན་ལས་མཚོན་པ་མ་ཡིན་པར། སྡུག་བསྔལ་གྱི་བྱ་སྤྱོད་དག་ལས་ཀྱང་ཐོན་སྲིད། ཨ་མེ་རི་ཁའི་སྤྲོ་གར་མཁན་པོ་ཀྲོའུ་པུ་ལིན་གྱི་ལྐུགས་བརྡ་ཟློས་གར་ལྟ་བུར་མཚོན་ན། ཁོས་བླུན་པོའི་བྱ་སྤྱོད་བརྫུས་ནས་མི་རྣམས་ལ་དགོད་ཁ་སློང་བར་མ་ཟད། དུས་སྐབས་དེར་མི་རྣམས་ཀྱི་འཚོ་བ་ཉམ་ཐག་པར་ཡོད་པའང་མཚོན་ཡོད། 《མདོ་མཛངས་བླུན》ལས་ཁྱིམ་བདག་དབྱིག་པ་ཅན་གྱི་ལེའུའི་ནང་དུ། ཁྱིམ་བདག་དབྱིག་པ་ཅན་གྱིས་གླང་བོར་བ་དང་རྟ་བསད་པ། འཐག་མཁན་བསད་པ། སྟེའུ་ཆུ་ལ་བསྐུར་བ། ཁྱེའུ་བསད་པ་སོགས་སྟེས་དབང་གི་དོན་རྐྱེན་མང་པོ་ཞིག་དང་འཕྲད། འདི་དག་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཡིན་པ་བསྙོན་དུ་མེད། རང་རེའི་འདི་དག་ཐམས་ཅད་སྐྱེ་བ་སྔོན་མའི་ལས་ཤིག་ཡིན་པར་ངོས་འཛིན་བྱེད་པ་དང་། ལས་འབྲས་སྨིན་ཚེ་མི་རྟག་པའི་རང་གཟུགས་སྟོན་པ་ལྡོག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པར་འདོད། གཏམ་རྒྱུད་འདིའི་མཇུག་འབྲས་ནི་ཁྱིམ་བདག་དབྱིག་པ་ཅན་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བ་མཚོན་ཡོད་པས། བཞད་གད་ཀྱི་ཉམས་ཐོན་ཡོད་སྙམ། དེ་ཡང་ནུབ་ཕྱོགས་ཀྱི་བསམ་བློ་ལྟར་ན་འདི་ནི་སྐྱོ་གར་ཤ་སྟག་ཏུ་སྣང་ངོ་། ། དེ་བས་བསམ་བློ་འཁྱེར་སོའི་དབང་གིས་བཞད་གད་ཀྱི་ཉམས་ཐོན་ཚུལ་ལ་རང་སྟེང་གི་ཁྱད་ཆོས་རེ་ལྡན། སྒྲུང་གཏམ《ར་ལོ》ལས་བཞད་གད་ཀྱི་ཉམས་ཐོན་ཡོད་མེད་ཐད་ལ་འདོད་ཚུལ་འདྲ་མིན་སྣ་ཚོགས་བྱུང་བ་དང་། འདི་འབྱུང་དགོས་པའི་རྒྱུ་རྐྱེན་ལ་བལྟས་ན་མི་ཚེ་ནི་དགའ་སྐྱོ་འདྲེས་མར་གནས་ཡོད་ཅིང་།མཛེས་དཔྱོད་ནི་མི་ཚེ་ལག་ལེན་དངོས་ལས་བྱུང་བ་ཡིན་ཕྱིར། མཛེས་དཔྱོད་ཀྱི་ཉམས་ལས་དགའ་སྐྱོ་འདྲེས་མར་གནས་པ་ཡོད་རུང་བ་ཤེས་ཐུབ་བོ། །
བཞད་གད་ཀྱི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། དགོད་པའི་རྒྱན་ལ་དྲག་ཤུལ་དང་། ། འཇིགས་རུང་སྙིང་རྗེ་ཞི་བ་སྤང་། ། ཞེས་གསུངས་པ་ལྟར་དྲག་ཤུལ་གྱི་ཉམས་དང་འཇིགས་རུང་གི་ཉམས། སྙིང་རྗེའི་ཉམས། ཞི་བའི་ཉམས་བཅས་ལས་དགོད་བྲོ་བ་འཕེལ་མི་ནུས་པས། བཞད་གད་ཀྱི་ཉམས་ཀྱི་སྐབས་སུ་དེ་དག་སྤང་བྱ་ཡིན་པར་བསྟན། དཔེར་ན། སྲིན་པོ་ལིང་ག་མགྲིན་བཅུ་ལྟ་བུ་དང་སྣང་ས་འོད་འབུམ་ལྟ་བུ་ལས་བཞད་གད་ཀྱི་ཉམས་ཐོན་མི་སྲིད་དོ། ། ཡང་དེ་ཉིད་ལས། དགོད་པའི་རྒྱན་ལ་སྒེག་ཅིང་དཔའ། ། མི་སྡུག་ངམ་པའི་རྒྱན་སྦྱོར་སྲིད། ། ཅེས་གསུངས་པ་ལྟར་སྒེག་པའི་ཉམས་དང་དཔའ་བའི་ཉམས། མི་སྡུག་པའི་ཉམས། ངམ་པའི་ཉམས་བཅས་ལ་མཚོན་ན་སྐབས་འགར་བཞད་གད་ཀྱི་ཉམས་ལ་འཇུག དཔེར་ན། སྲིན་པོའི་ཡུལ་གྱི་བཀོད་པ་ཐོག་མར་བཤད་དུས་ཞེ་མུར་བའི་མི་སྡུག་པ་དང་། འཇིགས་སུ་རུང་བ་ཡིད་ལ་ཤར་མོད། སྲིན་པོའི་ཡུལ་གྱི་བཀོད་པ་སོགས་གཏམ་རྒྱུད་ཡིན་པ་ཤེས་རྗེས་མི་སྡུག་པའི་ཉམས་རིམ་གྱིས་ཡལ་ནས་བཞད་གད་ཀྱི་ཉམས་སུ་འགྱུར་འགྲོ། མར་ཁེ་སིས“ཧེ་ཀོར་གྱིས་གསུང་རྒྱུར། འཛམ་གླིང་ལོ་རྒྱུས་སྟེང་གི་གྲགས་ཆེ་བའི་ལས་འགུལ་དང་མི་སྣ་ཀུན་ཐེངས་གཉིས་ལ་མངོན་གྱིན་ཡོད་གསུངས་མོད། ཁོང་གིས་དེའི་སྟེང་ཁ་སྣོན་བྱེད་པར་བརྗེད་ངས་གྱུར་པ་ནི། ཐེངས་དང་པོ་སྐྱོ་གར་བྱས་ནས་མངོན་པ་དང་། ཐེངས་གཉིས་པར་དགོད་བྲོ་བའི་སྤྲོ་གར་བྱས་ནས་མངོན་པ་རེད།”④ ཅེས་གསུངས་པ་བཞིན་མིའི་ལོ་རྒྱུས་སྟེང་གི་འདས་སོང་བའི་ལྷ་སྒྲུང་སོགས་ཀྱི་གསང་བ་བརྟོལ་ན་བཞད་གད་ཀྱི་ཉམས་རིམ་གྱིས་ཐོན་འོངས།
དྲུག རྨད་བྱུང་གི་ཉམས།
མཛེས་དཔྱོད་ཀྱི་ཉམས་འདི་ལ་མིང་འདོགས་ཚུལ་མི་འདྲ་བ་རིགས་གསུམ་བྱུང་ཡོད་དེ། 《རིན་ཆེན་མཛོད》སོགས་ལས་རྔམས་པའི་ཉམས་སུ་འདོད། ར་བྷ་ས་སོགས་ཀྱིས་རྨད་བྱུང་གི་ཉམས་སུ་འདོད། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ཀྱིས་རྨད་བྱུང་ངམ་ངམ་པའི་ཉམས་བཅས་འདོད་ཚུལ་གསུམ་མོ། ། སྤྱིར་རྨད་བྱུང་དང་རྔམ་པ་གཉིས་གོ་དོན་མི་འདྲ་བར་གནས་ཡོད་ཅིང་། སྐབས་འགར་རྔམ་པ་ངོ་མཚར་བ་ལའང་འཇུག་ཚུལ་ཡོད་པ། དཔེར་ན། གསང་འདུས་རྩ་རྒྱུད་ལེའུ་དགུ་བར། ངམ་ཞིང་མིག་གདངས་ཏེ་ཞེས《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས་མཐོང་ངོ་། ། བདག་ནི་མཐའ་གཅིག་ཏུ་འདིའོ་ཞེས་པའི་སྤོབས་པ་བྲལ་བས་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རྗེས་སུ་འབྲང་བ་ཡིན་ནོ། ། མཛེས་དཔྱོད་ཀྱི་ཉམས་འདིས་ཁྱད་ཆོས་གཙོ་བོ་ངོ་མཚར་བ་ཡིན་པ་དང་། རྨད་བྱུང་དང་རྔམ་པ་གཉིས་ཀར་འཇུག་པར་འདོད། རྔམ་པ་དང་ངམ་པ་དོན་གཅིག་ཡིན་ནོ། །
ངོ་མཚར་བ་ཉེ་བར་འཕེལ་བ་ལས་རྨད་བྱུང་གི་ཉམས་ཐོན་པ་ཡིན་ཞིང་། མཛེས་དཔྱོད་ཡུལ་གྱི་ངོ་མཚར་བའི་ཡོན་ཏན་ཡུལ་ཅན་གྱིས་མཐོང་བའི་དབང་གིས་མཛེས་ཚོར་སྦྱིན་པའི་ཉམས་སྣ་ཚོགས་ཕྱིར་མངོན་པ་རེད། འགྲེལ་བ་འདོད་འཇོ་ལས། ཁང་བཟང་སྐྱེད་ཚལ་རི་བོ་སོགས། ། བགྲོད་དང་མཛེས་པ་མཐོང་བ་དང་། ། འདུན་ཁང་གཞལ་མེད་ཁང་སྒྱུ་མ། ། མིག་འཕྲུལ་བཟོ་སོགས་མཐོང་རྣམས་ཀྱིས། ། ཡིད་ལ་ཚིམ་པ་ཐོབ་པ་ཡི། ། རྣམ་པར་སྐྱེད་ལས་དེ་རབ་བྱུང་། ། ཞེས་གསུངས། མིའི་འཚོ་བ་རུ་སྒྱུ་རྩལ་མ་ཁྱབ་ས་མེད་པ་དང་། གནའ་དུས་དང་དེང་དུས་ཀུན་ལའང་དུས་ཚོད་ཀྱི་བར་བཀག་མེད་པར་སྒྱུ་རྩལ་ལ་འཇུག་སྲིད་པས། མཛེས་དཔྱོད་ཀྱི་ཡུལ་སྔར་ལས་ཕུན་སུམ་ཚོགས་པར་གྱུར་ཡོད། སྔོན་དུས་ནམ་མཁའི་ཟླ་བ་ནི་ལྷའི་བཞུགས་གནས་ལྟ་བུར་ངོས་འཛིན་བྱེད་མོད། ད་ལྟ་ཚན་རིག་ལ་བརྟེན་ནས་ཟླ་བའི་སྟེང་དུ་འགྲོ་ཐུབ་པར་མ་ཟད། དེའི་སྟེང་སྐྱེ་དངོས་སོགས་ཀྱང་འདེབས་བཞིན་ཡོད། ད་ལྟ་ས་སྟེང་ས་འོག་ས་བླ་ཀུན་གྱི་གསང་བའམ་ངོ་མཚར་བའི་གནས་བརྟོལ་དང་རྟོལ་བཞིན་འདུག རྨད་བྱུང་གི་ཉམས་ཀྱི་ཁྱབ་སྒོ་ཡངས་པར་ཕྱེ་ན་དངོས་ཡོད་འཚོ་བ་དང་བསྟུན་པ་གནད་ཀྱི་དམ་པའོ། ། རྨད་བྱུང་གི་ཉམས་ཀྱི་ཕྱིའི་ཤེས་བྱེད་ནི། མངོན་སུམ་མཇལ་བའམ། སེམས་ཀྱི་འདུན་མ་མངོན་དུ་གྱུར་པ། མཛེས་པའི་སྐྱེད་ཚལ་དང་གཙུག་ལག་ཁང་སོགས་སུ་རྒྱུ་བ། ངོ་མཚར་གྱི་ལྟས་མཐོང་བ་སོགས་ཀྱིས་མཚོན་པ་དང་། ནང་གི་ཤེས་བྱེད་ནི། མིག་ཅེར་བ། སྤྱན་མི་གཡོ་བ། སྤུ་ལོང་རྒྱས་པ། མཆི་མ་འཁོར་བ། རྔུལ་འཛགས་པ། ཡི་རང་བ། མངོན་པར་བསྟོད་པ། སྐྱེས་འབུལ་པ། ངོ་མཚར་བརྗོད་པ། རྐང་ལག་གི་གར་སྟབས་བསྒྱུར་བ་དང་། སེ་གོལ་གཏོགས་པ་སོགས་ཀྱིས་མངོན། རྗེས་སུ་ཤེས་པ་ནི། སོ་དང་མིག་ནི་ཡངས་པ་དང་། །དྭངས་ཤིང་ཉེ་བར་ཞི་བ་དང་། ། སྤུ་ལངས་རྔུལ་དགའ་མཆི་མ་འཛག ། ལེགས་པའི་གཏམ་ཡང་བལྟ་བར་བྱ། །ཞེས་སོ། །
རྨད་བྱུང་ངམ་ངམ་པའི་ཉམས་ལ་འཇིག་རྟེན་པའི་ངམ་པ་དང་ཆོས་ཀྱི་ངམ་པ་གཉིས་ཡོད། འཇིག་རྟེན་པའི་ངམ་པ་རིགས་ཀྱི་བཟང་ངན་དང་། གཟུགས་ཀྱི་མཛེས་མི་མཛེས་དང་། སྟོབས་ཆེ་ཆུང་། ལོངས་སྤྱོད་སོགས་ཀྱི་སྟེང་དུ་མངོན་པ་དང་། ཆོས་ཀྱི་ངམ་པ་བློ་གྲོས་དང་ཡོན་ཏན། སྤོབས་པ། སྤངས་པ་དང་ཐོབ་པ་སོགས་གཞན་ལས་ཁྱད་པར་དུ་འཕགས་པས་ཕ་རོལ་ཟིལ་གྱིས་གནོན་པ་ལས་མངོན་པར་བྱེད། མཁས་འཇུག་ལས། ངམ་པ་གཞན་ལས་འཕགས་པའི་སེམས། ། འཇིག་རྟེན་པ་ཡི་འབྱོར་བ་དང་། ། མཁས་པའི་ཡོན་ཏན་ཕུན་ཚོགས་པས། ། ཕ་རོལ་ཟིལ་གྱིས་གནོན་པའོ། ། ཞེས་གསུངས་སོ། །
རྨད་བྱུང་གི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། ངམ་པའི་རྒྱན་ལ་སྙིང་རྗེ་དང་། ། ཞི་བ་གཉིས་ནི་རྣམ་པར་སྤང་། ། ཞེས་པ་ལྟར། ངམ་པའི་ཉམས་ནི་ང་རྒྱལ་གྱི་ཡན་ལག་ཡིན་པ་དང་། སྙིང་རྗེའི་ཉམས་དང་ཞི་བའི་ཉམས་གཉིས་དུལ་བའི་ཡན་ལག་ཡིན་པས། ངམ་པའི་ཉམས་ཐོན་དགོས་ན་སྙིང་རྗེའི་ཉམས་དང་ཞི་བའི་ཉམས་སྤང་དགོས་པར་བསྟན། དཔེར་ན། གཡུལ་ལས་མི་རོ་ཐང་མར་བརྡལ་བ་དང་ཁྲག་ཆུ་བོའི་རྒྱུན་བཞིན་འབབ་པ་མཐོང་ན་མྱ་ངན་འཕེལ་ཞིང་སྙིང་རྗེའི་ཉམས་ཐོན་པ་ལས་ངམ་པའི་ཉམས་མི་ཐོན་པ་ལྟ་བུ་ཡིན། ཡང་དེ་ཉིད་ལས། སྒེག་དགོད་རྔམ་པ་རྣམ་གསུམ་ལ། ། བསྒྱིངས་དང་འཕྱར་དང་ཟིལ་གནོན་དང་། ། དཔེ་རྒྱན་སྒྲོ་བཏགས་སྣ་ཚོགས་པ། ། རོལ་ཅིང་སྒེག་པའི་ཚིག་རྒྱན་འཇུག ། ཅེས་པ་ལས་ཚིག་རྒྱན་གྱི་སྐབས་སུ་སྒྲོ་བཏགས་པའི་དཔེ་དང་ཚིག་གི་རྒྱན་སྣ་ཚོགས་ཕ་རོལ་ལ་ངོ་མཚར་ཞིང་ཟིལ་གྱིས་གནོན་ནུས་པས་ངམ་པའི་ཉམས་ལ་འཇུག་པ་ཡིན་ནོ། །
བདུན། འཇིགས་རུང་གི་ཉམས།
འཇིགས་རུང་གི་ཉམས་འདི་ཉིད་མཛེས་དཔྱོད་ཀྱི་ཉམས་ཡིན་པའི་ཆ་ནས་མཛེས་དཔྱོད་ལྡན་མིན་ཐད་ལ་འདོད་ཚུལ་མི་འདྲ་བ་ཡོད་ནའང་། མཛེས་རིག་པའི་གཞུང་ལས་མཛེས་དཔྱོད་ཀྱི་ཉམས་ཡིན་ཚུལ་མང་པོ་བརྗོད་ཡོད། ཨ་རི་སི་ཏོ་ཏལ་གྱིས་སྐྱོ་གར་གྱིས་འཇིགས་སྐྲག་དང་ཉམ་ང་བ་བསྟན་ནས་མི་རྣམས་ཀྱི་བློ་ངོར་ཁྲུས་གཙང་བྱས་པ་དང་མཚུངས་ཞེས་བསྟན། མཛེས་རིག་སྨྲ་བ་ལེ་ཙུག་ཧུས“སྐྱོ་གར་གྱི་མཛེས་དཔྱོད་ཚོར་བ་ཕྱོགས་གཉིས་ནས་མཚོན་པ་དང་། ད་དུང་ཆེས་འབུར་དུ་ཐོན་པའི་སེམས་ཁམས་སྟོབས་ཤུགས་ཕྱོགས་གཉིས་ཀྱང་ཡོད། མཛེས་དཔྱོད་ལྡན་ཚུལ་ཕྱོགས་གཅིག་ནི། སྐྱོ་གར་ལས་ཕམ་ཁ་མྱངས་པ་མཐོང་བ་ལ་བརྟེན་ནས་དེ་ལ་གདུང་སེམས་དང་སྙིང་རྗེ་སྐྱེས་པ། ཡང་ཕམ་ཁ་མྱོང་མཁན་གྱིས་བདེན་ལུགས་དང་སྙིང་སྟོབས་བསམས་ནས་རང་ཉིད་ལ་ཡར་བསྐྱེད་ཀྱི་ངར་ཤུགས་བསྩལ་པ། ཅིག་ཤོས་ནི་སྐྱོ་གར་ལས་ཕམ་ཁ་མྱངས་པ་མཐོང་བ་ལ་བརྟེན་ནས་དེ་ལ་ཧ་ལས་པ་དང་འཇིགས་སྐྲག་སྐྱེས་པ། དེ་བས་མི་རྣམས་ཀྱིས་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པ་དང་ཆོས་ཉིད་དེ་ཁོང་དུ་ཆུད་པ་ལ་བརྟེན་ནས། ཕམ་ཁ་དང་ཡང་དག་པར་འཐབ་རྩོད་བྱེད་དགོས།”⑤ཞེས་གསུངས་པ་ལྟར། སྐྱོ་གར་གྱི་མཛེས་ཚོར་ནི་ཚོར་འདུ་རྙོག་དྲ་ཅན་སྣ་ཚོགས་ལས་གྲུབ་པའི་མཛེས་ཚོར་ཡིན། སྐྱེ་བོ་ཐམས་ཅད་འཇིགས་པ་མི་འདོད་པ་འདྲ་ཞིང་། འཇིགས་པ་ལས་ཐར་ཚུལ་ཐད་ལ་མི་རིགས་སོ་སོའི་ལྟ་ཚུལ་མི་འདྲ་བ་བྱུང་ཡོད། རང་རེའི་བོད་ཡུལ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཅིང་དེ་ལ་བརྟེན་ནས་ཐར་བ་ཡོད་པ་ཁས་ལེན་པ་དང་།འཇིགས་པ་ཡོད་དོ་ཅོག་ལས་དང་ཉོན་མོངས་དབང་གིས་བྱུང་བར་འདོད། ཚུལ་འདི་གོ་རྟོགས་མཐོ་དམན་གྱི་ཆ་ནས་འཇིག་རྟེན་པ་དང་ཆོས་ཀྱི་འཇིགས་རུང་གཉིས་བྱུང་། མཁས་འཇུག་ལས། འཇིགས་རུང་བག་འཁུམས་བྱེད་པའི་ཚུལ། ། ལུས་ངག་རྣམ་འགྱུར་མི་བཟད་པ། ། སྦྱིན་སོགས་སྤྱད་པར་དཀའ་བ་ཆོས། ། དེ་ལས་གཞན་པ་འཇིག་རྟེན་པ། ། ཞེས་པ་ལྟར། རྒྱལ་པོ་ཟླ་འོད་ཀྱི་མགོ་དང་། རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མིག་དང་། ཐམས་ཅད་སྒྲོལ་གྱི་བུ་དང་བུ་མོ་སོགས་བྱམས་དང་སྙིང་རྗེ་དབང་གིས་སྦྱིན་པར་བྱེད་པ་ཆོས་ཀྱི་འཇིགས་རུང་ཡིན་ཞིང་། འཇིགས་པ་འཕེལ་བས་འཇིགས་རུང་གི་ཉམས་ཐོན་པ་དང་། སྐྱོ་གར་ནི་འཇིགས་རུང་གི་ཉམས་ལས་བློ་ངོར་དག་སྣང་ཡོང་དགོས་པའི་ཁྱད་ཆོས་ལྡན། འགྲེལ་བ་འདོད་འཇོ་ལས་ཀྱང་། འཇིགས་པ་རབ་ཏུ་རྒྱས་པའི་བདག་ཉིད་ནི་འཇིགས་རུང་སྟེ། ། གསང་མཐོ་འཇིགས་པའི་སྒྲ་སྒྲོགས་སྲིན་པོ་ཡི་དྭགས་སོགས་མཐོང་དང་། །
ཁྱིམ་དང་འདུན་ཁང་སྟོང་བ་འབྲོག་དགོན་གསོད་དང་འཆིངས་པ་དང་མཐོང་། ། ལན་གཅིག་མིན་པར་འཇིགས་སྐྱོ་ཅེ་སྤྱང་འུག་པ་སྒྲ་འབྱིན་སོགས། ། རྣམ་སྐྱེད་ཀྱིས་བསྐྱེད་དམན་དང་བུད་མེད་རྣམས་ཀྱི་འཇིགས་བདག་ཉིད། ། ཅེས་པ་ནི་འཇིག་རྟེན་པའི་འཇིགས་རུང་གི་ཕྱིའི་ཤེས་བྱེད་ཡིན་ནོ། ། གཞན་ད་དུང་སྙན་ངག་མེ་ལོང་མའི་རྩ་བར། རྩེ་མོ་དག་ལ་མེ་གནས་པ། ། བརྒྱ་བྱིན་གྱི་ནི་རྡོ་རྗེ་གང་། ། འདི་ནི་དྲན་ན་ལྷ་མིན་གྱི། ། བུད་མེད་མངལ་ནི་ལྷུང་བར་བྱེད། ། ཅེས་པ་ཚིག་རྒྱན་གྱི་ལམ་ནས་མཚོན་པ་དང་། གར་འཁྲབ་སྐབས་སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱར་གདེངས་ཀྱིས་འཇིགས་སུ་རུང་བ་དང་། བརྙན་འཕྲིན་ཟློས་གར་ནང་དུ་འཇིགས་རུང་ཅན་གྱི་བརྙན་འཕྲིན་ཆེད་དུ་བསྒྲིགས་ནས་གཏོང་བ་སོགས་ཤིན་ཏུ་མང་ངོ་། ། འཇིགས་རུང་གི་ཉམས་ཀྱི་ནང་གི་ཤེས་བྱེད་ནི། ལག་པ་རྐང་བ་བཞིན་འདར་ཞིང་། །ལུས་རེངས་སྙིང་ནི་རབ་གཡོ་དང་། ། མཆུ་དང་རྐན་དང་མགྲིན་པ་སྐམ། ། རྟག་ཏུ་འཇིགས་རུང་ཤེས་པར་བྱ། །ཞེས་པ་ལྟར་དུ་མངོན་པ་དང་། རྗེས་སུ་ཤེས་པ་ནི། ལུས་རེངས་དང་རྔུལ་འཛགས་པ། སྤུ་ལོང་རྒྱས་པ། འདར་བ། སྐད་འཛེར་བ། གདོང་མདོག་འགྱུར་བ། དོགས་པ་ཟ་བ། ཡིད་འཁྲུག་པ། ཡིད་ཆད་པ། ཁྲོ་ཐུང་བ། སྐྲག་པ། སྨྱོ་བ། འཆི་བ་སོགས་ཀྱིས་མངོན་མཚོན་བྱེད་དོ། །
འཇིགས་རུང་གི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་གི་འབྲེལ་བ་ལ། མཁས་འཇུག་ལས། དཔའ་དྲག་འཇིགས་རུང་རྣམ་གསུམ་ལ། ། ཁམས་གསུམ་ཟ་བའི་ངང་ཚུལ་ཅན། ། ངོ་བོ་ཉིད་ཀྱིས་འཇིགས་རུང་བ། ། ཞེས་གསུངས་པ་ལྟར། དཔའ་བའི་ཉམས་དང་དྲག་ཤུལ་གྱི་ཉམས་གཉིས་ནི་འཇིགས་རུང་གི་ཉམས་དང་བྱེད་ལས་མཚུངས་པའི་དབང་གིས་ཕན་ཚུན་མི་འགལ་བ་ཡིན། དཔེར་ན། གླིང་གེ་སར་རྒྱལ་པོས་དགྲ་འདུལ་བ་ལྟ་བུ། ཁོང་ནི་དགྲ་བོ་སྟོབས་ལྡན་མདུན་དུ་དཔའ་མི་ཞུམ་པས་དཔའ་བའི་ཉམས་དང་། རྩུབ་པའི་སྒོ་ནས་དགྲ་བོ་ཚར་བཅད་པས་དྲག་ཤུལ་གྱི་ཉམས། ཕ་རོལ་བོ་སྐྲག་ཅིང་བག་འཁུམས་པར་བྱེད་པ་འཇིགས་རུང་གི་ཉམས་ཐོན་པ་ཡིན་ནོ། ། ཡང་དེ་ཉིད་ལས། འཇིགས་རུང་སྙིང་རྗེ་ཞི་བ་སྤང་། ། ཞེས་གསུངས་པ་ལྟར། མཛེས་དཔྱོད་ཀྱི་ཉམས་འདི་ལ་འཇིགས་རུང་གི་བྱེད་ལས་ལྡན་པས། སྙིང་རྗེའི་ཉམས་དང་ཞི་བའི་ཉམས་གཉིས་འགལ་བ་ཡིན། དེ་ཡང་རྨད་བྱུང་ངམ་ངམ་པའི་ཉམས་དང་འཇིགས་རུང་གི་ཉམས་གཉིས་མི་འགལ་ཞིང་། མི་སྡུག་པའི་ཉམས་དང་འཇིགས་རུང་གི་ཉམས་སྐབས་འགར་འགལ་བ་མེད་དེ། མི་སྡུག་པ་ལས་འཇིགས་རུང་ངོ་ཞེས་གསུངས་ཚུལ་ཡོད་པའི་ཕྱིར་རོ། །
བརྒྱད། དྲག་ཤུལ་གྱི་ཉམས།
ཁྲོ་བ་ཉེ་བར་འཕེལ་བ་ལས་དྲག་ཤུལ་གྱི་ཉམས་ཐོན་པ་ཡིན་ཞིང་། འགྲེལ་བ་འདོད་འཇོ་ལས། མཚོན་ཆ་ངག་ལུས་བྱ་བ་ཡིས། ། དྲག་ཤུལ་ལས་བྱེད་བདག་ཉིད་སྐྱེས། ། རབ་དྲེགས་མི་རྣམས་ཕལ་ཆེར་གྱི། ། འཐབ་མོའི་རྒྱུ་བྱེད་དྲག་ཤུལ་ལོ། ། ཐམས་ཅད་སྨོད་དང་འཇུངས་པ་དང་། ། བསམ་པ་དང་ནི་སྤྱི་བརྟོལ་དང་། །གནོད་དང་རྫུན་དང་གཏམ་སྨྲ་དང་། ། ཚིག་རྩུབ་ཁྲོ་བ་སོགས་ལས་འབྱུང་། ། ཞེས་གསུངས། མཛེས་རིག་ལས་མི་སྡུག་པའི་ཉམས་དང་འཇིགས་རུང་གི་ཉམས་སོགས་ལ་མཛེས་དཔྱོད་ལྡན་པར་ངོས་འཛིན་བྱེད་པར་མ་ཟད། མཛེས་དཔྱོད་ཀྱི་ཉམས་སུ་ངོས་འཛིན་བྱེད་པའང་གོང་དུ་ཞུས་ཟིན། སྐྱེ་བོ་ཐམས་ཅད་ཞི་བདེ་ལ་སྙིང་ནས་རེ་སྨོན་འཆང་གིན་ཡོད་ནའང་། མིའི་དངོས་ཡོད་འཚོ་བ་ནི་འགལ་འདུ་དང་འཐབ་འཁྲུག་གིས་ཁེངས་ཡོད་ཕྱིར། དྲག་ཤུལ་གྱི་ཉམས་ཀྱང་མཛེས་དཔྱོད་ལག་ལེན་བརྒྱུད་ནས་ཐོན་པ་ཡིན། དགའ་སྐྱོ་ཆགས་སྡང་གི་གྲུབ་པའི་སྤྱི་ཚོགས་ནང་དུ་ད་གཟོད་ཁྲོ་བ་དང་མྱ་ངན། སྐྱུག་བྲོ་བ་དང་འཇིགས་པ་སོགས་མཛེས་དཔྱོད་ཀྱི་གྲས་སུ་འདྲེན་པའི་ཞིང་ས་གཤིན་པོར་གྱུར་ཏོ། ། དྲག་ཤུལ་ནི་རྩུབ་པའི་སྒོ་ནས་མི་མཐུན་ཕྱོགས་འདུལ་བར་བྱེད། མཁས་འཇུག་ལས། དྲག་ཤུལ་རྩུབ་པར་སྤྱོད་པ་སྟེ། ། སྒྲིབ་པ་རྣམ་གཉིས་བག་ཆགས་དང་། ། བཅས་པ་འབད་པས་འཇོམས་པ་སོགས། ། ཆོས་ཡིན་ཕ་རོལ་གནོད་པ་དང་། ། ལུས་ངག་ཡིད་ཀྱི་རྩུབ་པའི་ཆོས། ། འཇིག་རྟེན་པ་ཡི་དྲག་ཤུལ་ཡིན། ། ཞེས་གསུངས་པ་ལྟར། ཉོན་མོངས་ཀྱི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྩད་ནས་གཅོད་པ་དང་། སངས་རྒྱས་ཀྱིས་གདུལ་བྱའི་ངོར་བདུད་བཏུལ་བ་སོགས་ཆོས་དང་མཐུན་པའི་དྲག་ཤུལ་ཡིན་པ་དང་།ཕ་རོལ་གནོན་པའི་སྒོ་ནས་ལུས་ངག་ཡིད་རྣམ་པར་འཁྲུགས་པའི་ཞེ་སྡང་གིས་དགྲ་འདུལ་བ་ནི་འཇིག་རྟེན་པའི་དྲག་ཤུལ་ལོ། ། དྲག་ཤུལ་གྱི་ཉམས་ཀྱི་ཕྱིའི་ཤེས་བྱེད་ནི། སྲིན་པོ་དང་གནོད་སྦྱིན་སོགས་རང་བཞིན་དྲག་ཤུལ་ཅན་དུ་ཡོད་ཅིང་། ཕྱག་ཞལ་མང་བ། སྐྲ་ལོ་འཛིངས་ཤིང་དམར་སེར་ཡིན་པ། ཁྲག་ལྟར་དམར་བའི་མིག་ཟུང་བགྲད་པ། ལུས་པོ་ནག་པ་སོགས་དང་། ཧི་ཧི་དང་ཧཱུཾ་ཕཊ་སྒྲོག་པས་དྲག་ཤུལ་གྱི་ཉམས་ཐོན་པ་དང་། བོད་མཁས་པས། རབ་འཇིགས་བདུད་ཀྱི་མགོན་པོ་སེང་གེའི་ཞལ། །དམར་བའི་སྤྱན་གསུམ་ཡོན་པོར་བལྟ་བ་ཡི། ། མདུན་སར་ཉམས་པ་བདུན་ལྡན་བསྟན་པའི་དགྲ། ། སྲོག་རྩ་རྡོ་རྗེར་སོང་ཡང་ཚུགས་སམ་ཅི། ། ཞེས་པ་ལྟ་བུ། ནང་གི་ཤེས་བྱེད་ནི། བརྡེག་པ་དང་གཤེགས་པ། གནོན་པ། གཅོད་པ། གཡུག་པ། འཛིན་པ། མེར་བསྲེགས་པ། ཁྲག་འཛག་པ། མིག་དམར་བོར་འགྱུར་བ། རྔུལ་ཆུ་ཟགས་པ། ཁྲོ་གཉེར་བསྡུ་བ། སོ་བཅིངས་པ་སོགས་ཀྱིས་མངོན་པ་དང་། རྗེས་སུ་ཤེས་པ་ནི། ཟང་ཟིང་། སེམས་འཁྲུགས་པ། དཔའ་བ། རྔུལ་ཟགས་པ། འདར་བ། གཏུམ་དྲག སྤུ་ལོང་རྒྱས་པ། སྐད་འཛེར་བ་སོགས་ཀྱིས་མཚོན་ནོ། །
དྲག་ཤུལ་གྱི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་བར་གྱི་འབྲེལ་བ་ལ། དྲག་ཤུལ་གྱི་ཉམས་དང་དཔའ་བའི་ཉམས། འཇིགས་རུང་གི་ཉམས་དང་ངམ་པའི་ཉམས་བཅས་ནི་ཕན་ཚུན་འཇུག་ཅིང་། བཞད་གད་ཀྱི་ཉམས་དང་སྙིང་རྗེའི་ཉམས། སྒེག་པའི་ཉམས་དང་ཞི་བའི་ཉམས་བཅས་ནི་དྲག་ཤུལ་གྱི་ཉམས་ཀྱི་སྐབས་སུ་སྤང་བྱ་ཡིན། དྲག་ཤུལ་གྱི་ཉམས་དང་མི་སྡུག་པའི་ཉམས་སྐབས་འགར་འཇུག་པ་ཡིན་ནོ། །
དགུ། ཞི་བའི་ཉམས།
ཞི་བའི་ཉམས་ནི་བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་གཙོ་གྲས་ཤིག་ཡིན། སངས་རྒྱས་ཆོས་ལུགས་དར་འཕེལ་བྱུང་བ་དང་བསྟུན། བོད་ཀྱི་སྒྱུ་རྩལ་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཇི་སྐད་དུ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། ། ཞེས་པ་ལྟར། ཞི་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་མཐར་ཐུག་གི་བསྙེག་བྱ་ཡིན་ཞིང་།མཛེས་དཔྱོད་ཕུགས་བསམ་གྱི་ཡང་རྩེ་ཡིན་ནོ། ། ཞི་བ་ཐོབ་དགོས་ན་བདེན་བཞིའི་རྟོགས་པ་དང་སྒྲིབ་གཉིས་སྤང་དགོས། ཞི་བ་ནི་སོ་སྐྱེ་ཕལ་བ་རྣམས་ཀྱི་བློ་ཡིད་ལས་རིང་དུ་བརྒལ་ཡོད་ཕྱིར། འདི་ནི་ཚད་མཐོན་པོར་སོན་པའི་མི་ཚེ་ཕུགས་བསམ་ཡིན་པ་དང་། བོད་ཀྱི་མཛེས་དཔྱོད་ཕུགས་བསམ་གཞན་ལས་ཁྱད་དུ་འཕགས་པའི་གནད་ཅིག་ཡིན་ནོ། །
ཞི་བའི་མཚན་ཉིད་ནི་ང་རྒྱལ་ཁེངས་པའི་ངོ་བོ་བཅོམ་ནས་ཞི་དུལ་རང་བཞིན་ཅན་གྱི་ཆོས་ཡིན་ལ། མཁས་འཇུག་ལས། ཞི་བ་ང་རྒྱལ་བཅོམ་པའི་ཆོས། ། ངམ་པ་བཟློག་པ་ཉིད་དུ་འདོད། ། ཅེས་གསུངས། ཞི་བ་ལ་དབྱེ་ན། འཇིག་རྟེན་པའི་དྲེགས་པ་དང་། ཆོས་ཀྱི་དྲེགས་པ་སྤང་བ་གཉིས་ཡོད། ཞི་བའི་ཉམས་ཀྱི་ཕྱིའི་ཤེས་བྱེད་ནི། བྱ་བཏང་བ་དང་དཀའ་ཐུབ་པ་སོགས་ལ་སྦྱར་ནས། ནགས་ཁྲོད་དང་དགོན་གནས། དུར་ཁྲོད་དང་སྒྲུབ་ཕུག་སོགས་སུ་སྒོམ་ལ་ཞུགས་པ། བདེན་བཞིའི་རྟོགས་པ་དང་ཉོན་མོངས་སྤངས་ནས་སེམས་ཞི་གནས་ལ་འགོད་པ་སོགས་ལས་མངོན་པ་དང་། ནང་གི་ཤེས་བྱེད་ལ། རང་སེམས་གྱོང་བོ་འདུལ་བ། ཚུལ་ཁྲིམས་བསྲུང་བ། སྒོམ་པ། སེམས་དུལ་བ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་པ་སོགས་ལུས་ངག་དང་ཆ་ལུགས་རྣམ་འགྱུར་ལས་མཚོན་པ་དང་། རྗེས་སུ་ཤེས་བྱེད་ནི། ཡིད་རྨོངས་པ། ཕྱིར་དྲན། ཡིད་ཚིམ་པ། ཞི་གནས་སུ་དུལ་བར་གནས་པ། དད་པའི་སྤུ་ལོང་རྒྱས་པ་སོགས་ཀྱིས་མཚོན་ནོ། །
ཞི་བའི་ཉམས་དང་མཛེས་དཔྱོད་ཀྱི་ཉམས་གཞན་དག་བར་གྱི་འཇུག་ཚུལ་ལ། མཁས་འཇུག་ལས། སྙིང་རྗེ་ཞི་བ་རྣམ་གཉིས་ལ། ། སྒེག་དང་དཔའ་དགོད་དྲག་ཤུལ་དང་། ། འཇིགས་རུང་ངམ་པ་དྲུག་པོ་སྤང་། ། ཞེས་པ་ལྟར། ཞི་བའི་ཉམས་ནི་དུལ་བའི་ཡན་ལག་ཡིན་པས། སྒེག་པའི་ཉམས་སོགས་དྲུག་ལ་མི་འཇུག་གོ ། ཡང་དེ་ཉིད་ལས། སྙིང་རྗེ་ཞི་བའི་རྒྱན་ཕན་ཚུན། ། སྐབས་ཀྱིས་འགལ་བ་མེད་པའང་སྲིད། ། ཅེས་པ་ལྟར་སྙིང་རྗེའི་ཉམས་དང་ཞི་བའི་ཉམས་གཉིས་ཕན་ཚུན་མི་འགལ་ལོ། ། ཡང་དེ་ཉིད་ལས། སྒེག་པའི་རྒྱན་ལ་སྙིང་རྗེ་དང་། ། ངམ་དང་ཞི་བ་འཇུག་པ་སྲིད། ། ཅེས་པ་ལྟར་སྐབས་འགར་སྒེག་པའི་ཉམས་ཞི་བའི་ཉམས་ལ་འཇུག་པའང་ཡོད་དོ། །
གོང་དུ་བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་བརྗོད་ཁུལ་བྱས་མོད། མཛེས་དཔྱོད་ཀྱི་ཉམས་དགུ་རེ་རེ་ལ་གཞན་དང་མི་མཚུངས་པའི་མཛེས་དཔྱོད་འཛིན་སྟངས་རེ་ཡོད་འདུག མིའི་རིགས་སྤྱིའི་མཛེས་དཔྱོད་ལག་ལེན་ལ་གཞིགས་ན། དེ་དག་ལ་ཐུན་མོང་གི་ཆ་ཡང་ལྡན་ནོ། ། མ་གཞིར་མཛེས་དཔྱོད་ཀྱི་ཉམས་རེ་རེའང་འཕོ་འགྱུར་ཅི་རིགས་འབྱུང་སྲིད་པ་ཡིན། བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ལ་ཞིབ་འཇུག་བྱེད་དུས་ངེས་པར་དུ་མི་རིགས་གཞན་དག་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས་ཤིང་། སྙིགས་དོར་བཅུད་ལེན་གྱི་བྱེད་ཐབས་བཀོལ་ནས་ལེགས་ཆ་འདྲེན་པར་འབད་པ་བྱེད་དགོས། 《མཛེས་རིག་མདོར་བསྟན》ཞེས་པའི་ནང་དུ་རྒྱ་གར་ནག་དང་ནུབ་ཕྱོགས་ཀྱི་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་མཛེས་རིག་པའི་གཞུང་ལུགས་སྟེང་ནས་ཐུན་མོང་གི་ཆ་འཚོལ་ཞིབ་ཕྱོགས་གསུམ་ནས་གནང་ཡོད་དེ། དང་པོ། རིག་གནས་མི་འདྲ་བའི་དབང་གིས་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་མི་འདྲ་ཡང་། དེ་དག་གི་སྤྱི་མཐུན་རང་བཞིན་འཚོལ་ཞིབ་བྱེད་པ། གཉིས་པ། མིའི་ལོ་རྒྱུས་སྟེང་དུ་ཐོན་སྐྱེད་བྱ་འགུལ་གྱི་རྨང་གཞི་ཐོག་བྱུང་བའི་མཛེས་དཔྱོད་བྱེད་ཡུལ་གྱི་ལོ་རྒྱུས་བྱུང་རིམ་གཞིར་བཟུང་བ། གསུམ་པ། མཛེས་དཔྱོད་བྱེད་པོ་དང་བྱ་ཡུལ་གཉིས་ཀྱི་འབྲེལ་བ་མི་འདྲ་བ་གཞིར་བཟུང་བ། ཕྱོགས་གསུམ་པོ་འདི་གཞིར་བཟུང་ནས་ཁོང་གིས་མཛེས་དཔྱོད་ཀྱི་ཉམས་ཀྱི་རིགས་དགར་ཚུལ་བཏོན་པ་གཤམ་གྱི་རེའུ་མིག⑥ལྟར།
ཁོང་གིས་མཛེས་པ་དང་སྐྱོ་བ། སྤྲོ་བ་བཅས་གསུམ་གཙོ་བོར་བཟུང་ནས་རིགས་དགར་ཡོད། འདི་གསུམ་ནི་མིའི་རིགས་ཀྱི་མཛེས་དཔྱོད་བྱེད་སྟངས་དང་མཛེས་དཔྱོད་སེམས་ཁམས་མཚོན་བྱེད་གཙོ་བོ་ཡིན་པར་ངོས་འཛིན་གནང་འདུག དེ་ཡང་བོད་ཀྱི་མཛེས་དཔྱོད་ཀྱི་ཉམས་ལས་མཛེས་པ་དང་། སྐྱོ་བ། སྤྲོ་བ་བཅས་ཡོད་ཅིང་། ཁྱབ་ཆེ་ས་ནས་མཛེས་དཔྱོད་ཀྱི་ཉམས་དགུ་འདི་གསུམ་གའི་ནང་དུ་བསྡུས་ན་ཆོག་སྙམ། མཛེས་དཔྱོད་ཀྱི་ཉམས་དགུའི་ནང་གསེས་སུ་མཛེས་པར་གཏོགས་པ་སྒེག་པའི་ཉམས་དང་། དཔའ་བའི་ཉམས། རྨད་བྱུང་གི་ཉམས། ཞི་བའི་ཉམས་བཅས་དང་། སྐྱོ་བར་གཏོགས་པ་སྙིང་རྗེའི་ཉམས་དང་། དྲག་ཤུལ་གྱི་ཉམས། འཇིགས་རུང་གི་ཉམས། མི་སྡུག་པའི་ཉམས་བཅས་དང་།སྤྲོ་བར་གཏོགས་པ་བཞད་གད་ཀྱི་ཉམས་བཅས་ཡིན། འདི་ནི་རྨོངས་བློ་བདག་གི་བསམ་ཚུལ་ཁོ་ན་སྟེ། རང་རེའི་མཛེས་དཔྱོད་ཀྱི་ཉམས་ལ་རིགས་དགར་བའི་ཞིབ་འཇུག་གི་ཁྱབ་ཁོངས་ཡངས་པར་འབྱེད་པའི་ཐོག་མའི་སྟ་གོན་ཙམ་མོ། །
① 康德:《论优美感和崇高感》,商务印书馆,2009:P29
② 邢建昌、姜文振 :《美学》,昆仑出版社,2004:P181
③ 张法、王旭晓:《美学原理》,中国人民大学出版社,2005:P163
④ 马克思、恩格斯:《〈黑格尔评判哲学〉导言》《马克思恩格斯选集》(第一卷),人民出版社,1995:P5
⑤ 李泽厚:《美学论集》,上海文艺出版社,1980:P218
⑥ 张法、王旭晓:《美学原理》,中国人民大学出版社,2005:P107