མིང་ཚིག་ཡི་གེའི་ཚོགས་གསུམ་གྱི་རྣམ་གཞག་སྐོར་གྱི་མུ་བཞི།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། ལྕགས་ཐར་རྒྱལ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   ༡.དབྱངས་ཡིག་དང་གསལ་བྱེད་གཉིས་ཀྱི་མུ་བཞི།
   དབྱངས་ཡིག་དང་གསལ་བྱེད་གཉིས་ཀ་མུ་བཞི་བཞག་ཏུ་ཡོད་དེ། དབྱངས་ཡིག་ཡིན་ལ་གསལ་བྱེད་མ་ཡིན་པ། ཨི་ཨུ་ཨེ་ཨོ་ལྟ་བུ་དང་། གསལ་བྱེད་ཡིན་ལ་དབྱངས་ཡིག་མ་ཡིན་པ། ཀ་ནས་ཧའི་བར་གྱི་གསལ་བྱེད་ཉེར་དགུ་དང་། དབྱངས་གསལ་གཉིས་ཀ་ཡིན་པ། ཨ་ལྟ་བུ་དང་། དབྱངས་གསལ་གང་ཡང་མ་ཡིན་པ། བསྒྲིགས། ཀག ཧུར་ལྟ་བུའོ། །
   ༢.མགོ་ཅན་དང་འདོགས་ཅན་གཉིས་ཀྱི་མུ་བཞི།
   མགོ་ཅན་དང་འདོགས་ཅན་གྱི་ཡི་གེ་དག་ལ་མུ་བཞི་བཞག་ཏུ་ཡོད་དེ། མགོ་ཅན་ཡིན་ལ་འདོགས་ཅན་མ་ཡིན་པ། ས་མགོ་དང་། འདོགས་ཅན་ཡིན་ལ་མགོ་ཅན་མ་ཡིན་པ། ཡ་བཏགས་དང་ཝ་བཏགས། མགོ་འདོགས་གཉིས་ཀ་ཡིན་པ། ར་ལ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུའོ། །
   ༣.སྔོན་འཇུག་དང་ཡང་འཇུག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་དང་ཡང་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་ཡིན་ལ་ཡང་འཇུག་མ་ཡིན་པ། ག་བ་མ་འ་ལྟ་བུ་དང། ཡང་འཇུག་ཡིན་ལ་སྔོན་འཇུག་མ་ཡིན་པ། ས་ཡིག་དང་། གཉིས་ཀ་ཡིན་པ། ད་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཝ་ཧ་ཨ་ལྟ་བུའོ། །
   ༤.མིང་གཞི་རྐྱང་བ་དང་འདོགས་ཅན་གཉིས་ཀྱི་མུ་བཞི།
   མིང་གཞི་རྐྱང་བ་དང་འདོགས་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མིང་གཞི་རྐྱང་བ་ཡིན་ལ་འདོགས་ཅན་མ་ཡིན་པ། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཞ་ཟ་ཤ་ཧ་ཨ་བཅས་བཅོ་བརྒྱད་དང་། འདོགས་ཅན་ཡིན་ལ་མིང་གཞི་རྐྱང་བ་མ་ཡིན་པ། ར་ལ་གཉིས་དང་། གཉིས་ཀ་ཡིན་པ། ཝ་ཡ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ག་ད་བ་མ་འ་ལྟ་བུའོ། །
   ༥.མགོ་ཅན་དང་ཡང་འཇུག་གི་འཇུག་ཡུལ་གྱི་མུ་བཞི།
   མགོ་ཅན་དང་ཡང་འཇུག་གི་འཇུག་ཡུལ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མགོ་ཅན་ཡིན་ལ་ཡང་འཇུག་གི་འཇུག་ཡུལ་མ་ཡིན་པ། ས་ཡིག་དང་། ཡང་འཇུག་གི་འཇུག་ཡུལ་ཡིན་ལ་མགོ་ཅན་མ་ཡིན་པ། ག་ང་བ་མ་དང་། གཉིས་ཀ་ཡིན་པ། ར་ལ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུའོ། །
   ༦.འདོགས་ཅན་དང་ཡང་འཇུག་གི་འཇུག་ཡུལ་གཉིས་ཀྱི་མུ་བཞི།
   འདོགས་ཅན་དང་ཡང་འཇུག་གི་འཇུག་ཡུལ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། འདོགས་ཅན་ཡིན་ལ་ཡང་འཇུག་གི་འཇུག་ཡུལ་མ་ཡིན་པ། ཡ་ཝ་གཉིས་དང་། ཡང་འཇུག་གི་འཇུག་ཡུལ་ཡིན་ལ་འདོགས་ཅན་མ་ཡིན་པ། ག་ང་བ་མ་འ་ན་རྣམས་དང་། གཉིས་ཀ་ཡིན་པ། ར་ལ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཅ་ཆ་ཇ་ཉ་ལྟ་བུའོ། །
   ༧.ཡང་འཇུག་དང་མགོ་ཅན་གཉིས་ཀྱི་མུ་བཞི།
   ཡང་འཇུག་དང་མགོ་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཡང་འཇུག་ཡིན་ལ་མགོ་ཅན་མ་ཡིན་པ། ད་ཡིག་དང་། མགོ་ཅན་ཡིན་ལ་ཡང་འཇུག་མ་ཡིན་པ། ར་ལ་གཉིས་དང་། གཉིས་ཀ་ཡིན་པ། ས་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཁ་ག་ང་ལྟ་བུའོ། །
   ༨.ཀ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ཀྱི་མུ་བཞི།
   ཀ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཀ་སྡེའི་ཡི་གེ་ཡིན་ལ་སྔོན་འཇུག་མ་ཡིན་པ། ཀ་ཁ་ང་གསུམ་དང་། སྔོན་འཇུག་ཡིན་ལ་ཀ་སྡེའི་ཡི་གེ་མ་ཡིན་པ། ད་བ་མ་འ་བཞི་དང་། གཉིས་ཀ་ཡིན་པ། ག་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཞ་ཟ་ཧ་ཨ་ལྟ་བུའོ། །
   ༩.ཏ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ཀྱི་མུ་བཞི།
   ཏ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཏ་སྡེའི་ཡི་གེ་ཡིན་ལ་སྔོན་འཇུག་མ་ཡིན་པ། ཏ་ཐ་ན་གསུམ་དང་། སྔོན་འཇུག་ཡིན་ལ་ཏ་སྡེའི་ཡི་གེ་མ་ཡིན་པ། ག་བ་མ་འ་བཞི་དང་། གཉིས་ཀ་ཡིན་པ། ད་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཙ་ཚ་ཛ་ཝ་ལྟ་བུའོ། །
   ༡༠.པ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ཀྱི་མུ་བཞི།
   པ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། པ་སྡེའི་ཡི་གེ་ཡིན་ལ་སྔོན་འཇུག་མ་ཡིན་པ། པ་ཕ་གཉིས་དང་། སྔོན་འཇུག་ཡིན་ལ་པ་སྡེའི་ཡི་གེ་མ་ཡིན་པ། ག་ད་འ་གསུམ་དང་། གཉིས་ཀ་ཡིན་པ། བ་མ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཙ་ཚ་ཛ་ཝ་ལྟ་བུའོ། །
   ༡༡.ཞ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ཀྱི་མུ་བཞི།
   ཞ་སྡེའི་ཡི་གེ་དང་སྔོན་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཞ་སྡེའི་ཡི་གེ་ཡིན་ལ་སྔོན་འཇུག་མ་ཡིན་པ། ཞ་ཟ་ཡ་གསུམ་དང་། སྔོན་འཇུག་ཡིན་ལ་ཞ་སྡེའི་ཡི་གེ་མ་ཡིན་པ། ག་ད་བ་མ་བཞི་དང་། གཉིས་ཀ་ཡིན་པ། འ་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུའོ། །
   ༡༢.ཀ་སྡེའི་ཡི་གེ་དང་རྗེས་འཇུག་གི་མུ་བཞི།
   ཀ་སྡེའི་ཡི་གེ་དང་རྗེས་འཇུག་གཉིས་ལ་མུ་བཞི་བ་བཞག་ཏུ་ཡོད་དེ། ཀ་སྡེའི་ཡི་གེ་ཡིན་ལ་རྗེས་འཇུག་མ་ཡིན་པ་ནི། ཀ་ཁ་གཉིས་དང་། རྗེས་འཇུག་ཡིན་ལ་ཀ་སྡེའི་ཡི་གེ་མ་ཡིན་པ་ནི། ད་ན་བ་མ་འ་ར་ལ་ས་བརྒྱད་དང་། གཉིས་ཀ་ཡིན་པ། ག་ང་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ་ནི། ཧ་ཨ་ལྟ་བུས་མཚོན་ཏེ། རྗེས་འཇུག་གི་ཡི་གེ་སོ་སོ་དང་རང་སྡེའི་ཡི་གེ་དག་ལ་ཡིན་མིན་གྱི་མུ་བཞི་དབྱེ་རྒྱུ་ཡོད་པ་རིགས་བསྒྲེའོ། །
   ༡༣.ར་སྡེའི་ཡི་གེ་དང་འདོགས་ཅན་གཉིས་ཀྱི་མུ་བཞི།
   ར་སྡེའི་ཡི་གེ་དང་འདོགས་ཅན་གྱི་ཡི་གེ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ར་སྡེའི་ཡི་གེ་ཡིན་ལ་འདོགས་ཅན་མ་ཡིན་པ། ཤ་ས་གཉིས་དང་། འདོགས་ཅན་གྱི་ཡི་གེ་ཡིན་ལ་ར་སྡེའི་ཡི་གེ་མ་ཡིན་པ། ཡ་ཝ་གཉིས་དང་། གཉིས་ཀ་ཡིན་པ། ར་ལ་གཉིས་དང་།གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཁ་ག་ང་ལྟ་བུའི་མཚོན་ཏེ། འདོགས་ཅན་གྱི་ཡི་གེ་སོ་སོ་དང་རང་སྡེའི་ཡི་གེ་དག་ལ་ཡིན་མིན་གྱི་མུ་བཞི་དབྱེ་རུང་བ་སྒྲེས་ཤིག
   ༡༤.ར་སྡེའི་ཡི་གེ་དང་ཡང་འཇུག་གཉིས་ཀྱི་མུ་བཞི།
   ར་སྡེའི་ཡི་གེ་དང་ཡང་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ར་སྡེའི་ཡི་གེ་ཡིན་ལ་ཡང་འཇུག་མ་ཡིན་པ། ར་ལ་ཤ་གསུམ་དང་། ཡང་འཇུག་ཡིན་ལ་ར་སྡེའི་ཡི་གེ་མ་ཡིན་པ། ད་ཡིག་དང་། གཉིས་ཀ་ཡིན་པ། ས་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཞ་ཟ་འ་ཡ་ལྟ་བུས་མཚོན་ཏེ། ཏ་སྡེའི་ཡི་གེ་དང་ཡང་འཇུག་གཉིས་ལའང་ཡིན་མིན་གྱི་མུ་བཞི་བརྩི་རྒྱུ་ཡོད་དོ། །
   ༡༥.ཡ་ར་ལ་གསུམ་གའི་འཇུག་ཡུལ་དང་མིང་གཞི་རྐྱང་བ་གཉིས་ཀྱི་མུ་བཞི།
   ཡ་ར་ལ་གསུམ་གྱི་འཇུག་ཡུལ་དང་མིང་གཞི་རྐྱང་བའི་ཡི་གེ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཡ་ར་ལ་གསུམ་གྱི་འཇུག་ཡུལ་ཡིན་ལ་མིང་གཞི་རྐྱང་བའི་ཡི་གེ་མ་ཡིན་པ། ག་བ་ལྟ་བུ་དང་། མིང་གཞི་རྐྱང་བའི་ཡི་གེ་ཡིན་ལ་ཡ་ར་ལ་གསུམ་གྱི་འཇུག་ཡུལ་མ་ཡིན་པ། ཙ་ཚ་ཛ་ཝ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ང་ལ་ལྟ་བུའོ། །
   ༡༦.མགོ་ཅན་གྱི་འཇུག་ཡུལ་དང་མིང་གཞི་རྐྱང་བ་གཉིས་ཀྱི་མུ་བཞི།
   མགོ་ཅན་གྱི་འཇུག་ཡུལ་དང་མིང་གཞི་རྐྱང་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། མགོ་ཅན་གྱི་འཇུག་ཡུལ་ཡིན་ལ་མིང་གཞི་རྐྱང་བ་མ་ཡིན་པ། ག་ང་ད་ན་བ་མ་ལྟ་བུ་དང་། མིང་གཞི་ཡིན་ལ་མགོ་ཅན་གྱི་འཇུག་ཡུལ་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུ་དང་། གཉིས་ཀ་མ་ཡིན་པ། ར་ལ་ས་འ་ལྟ་བུའོ། །
   ༡༧.འདོགས་ཅན་གྱི་འཇུག་ཡུལ་དང་མིང་གཞི་རྐྱང་བ་གཉིས་ཀྱི་མུ་བཞི།
   འདོགས་ཅན་གྱི་འཇུག་ཡུལ་དང་མིང་གཞི་རྐྱང་བ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། འདོགས་ཅན་གྱི་འཇུག་ཡུལ་ཡིན་ལ་མིང་གཞི་རྐྱང་བ་མ་ཡིན་པ། ག་ད་བ་མ་ར་ས་ལྟ་བུ་དང་། མིང་གཞི་རྐྱང་བ་ཡིན་ལ་འདོགས་ཅན་གྱི་འཇུག་ཡུལ་མ་ཡིན་པ། ཆ་ཚ་ཨ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་ཏ་པ་ཕ་ཧ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ང་འ་ལ་ལྟ་བུའོ། །
   ༡༨.མགོ་ཅན་གྱི་འཇུག་ཡུལ་དང་མོ་ཡི་ཡི་གེ་གཉིས་ཀྱི་མུ་བཞི།
   མགོ་ཅན་གྱི་འཇུག་ཡུལ་དང་མོ་ཡི་ཡི་གེ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མགོ་ཅན་གྱི་འཇུག་ཡུལ་ཡིན་ལ་མོ་ཡིག་མ་ཡིན་པ། ཀ་ཅ་ཏ་པ་ཙ་རྣམས་དང་། མོ་ཡིག་ཡིན་ལ་མགོ་ཅན་གྱི་འཇུག་ཡུལ་མ་ཡིན་པ། ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ་རྣམས་དང་། གཉིས་ཀ་ཡིན་པ། ག་ང་ཇ་ཉ་ད་ན་བ་མ་ཛ་རྣམས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་རྣམས་སོ། །
   ༡༩.འདོགས་ཅན་གྱི་འཇུག་ཡུལ་དང་ཕོ་ཡི་ཡི་གེ་གཉིས་ཀྱི་མུ་བཞི།
   འདོགས་ཅན་གྱི་འཇུག་ཡུལ་དང་ཕོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། འདོགས་ཅན་གྱི་འཇུག་ཡུལ་ཡིན་ལ་ཕོ་ཡིག་མ་ཡིན་པ། ཁ་ག་ཕ་བ་མ་ལྟ་བུ་དང་། ཕོ་ཡིག་ཡིན་ལ་འདོགས་ཅན་གྱི་འཇུག་ཡུལ་མ་ཡིན་པ། ཅ་ཙ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་པ་ཏ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཆ་ང་ཛ་ཝ་འ་ཡ་ཨ་ལྟ་བུ་རྣམས་སོ། །
   ༢༠.སྔོན་འཇུག་གི་འཇུག་ཡུལ་དང་མོ་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་གི་འཇུག་ཡུལ་དང་མོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་གི་འཇུག་ཡུལ་ཡིན་ལ་མོ་ཡིག་མ་ཡིན་པ། ཀ་ཅ་ཏ་པ་ཙ་དང་། ཁ་ཆ་ཐ་ཕ་ཚ་རྣམས་སོ། ། མོ་ཡིག་ཡིན་ལ་སྔོན་འཇུག་གི་འཇུག་ཡུལ་མ་ཡིན་པ། ཝ་འ་ཧ་ཨ་རྣམས་སོ། ། གཉིས་ཀ་ཡིན་པ། ག་ང་ཇ་ཉ་ད་ན་བ་མ་ཛ་ཞ་ཟ་ཡ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བསྐྲུན། རྩྭ། གྲྭ་ལྟ་བུའོ། །
   ༢༡.བས་འཕུལ་གྱི་འཇུག་ཡུལ་དང་བརྩེགས་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་བ་ཡིག་གི་འཇུག་ཡུལ་དང་བརྩེགས་ཡིག་གཉིས་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་གི་འཇུག་ཡུལ་ཡིན་ལ་བརྩེགས་ཡིག་མ་ཡིན་པ། ཞ་ཟ་ཤ་ས་ལྟ་བུ་དང་། བརྩེགས་ཡིག་ཡིན་ལ་སྔོན་འཇུག་བ་ཡིག་གི་འཇུག་ཡུལ་མ་ཡིན་པ། སྤྱ་སྦྱ་སྨྱ་སྤྲ་སྦྲ་སྨྲ་ལྟ་བུ་དང་། གཉིས་ཀ་ཡིན་པ། སྐྱ་སྐྲ་སྒྱ་སྒྲ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུའོ། །
   ༢༢.འས་འཕུལ་གྱི་འཇུག་ཡུལ་དང་མོ་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་འ་ཡིག་གི་འཇུག་ཡུལ་དང་མོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཁ་ཆ་ཐ་ཕ་ཚ་རྣམས་དང་། མོ་ཡིག་ཡིན་ལ་འས་འཕུལ་གྱི་འཇུག་ཡུལ་མ་ཡིན་པ། ཞ་ཟ་འ་ཡ་ལྟ་བུ་དང་། གཉིས་ཀ་ཡིན་པ། ག་ད་ཇ་བ་ཛ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུའོ། །
   ༢༣.སྔོན་འཇུག་མ་ནིང་ད་ཡིག་གི་འཇུག་ཡུལ་དང་མིང་གཞི་ཕོ་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་མ་ནིང་ད་ཡིག་གི་འཇུག་ཡུལ་དང་མིང་གཞི་ཕོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་མ་ནིང་ད་ཡིག་གི་འཇུག་ཡུལ་ཡིན་ལ་མིང་གཞི་ཕོ་ཡིག་མ་ཡིན་པ། ག་ང་བ་མ་ལྟ་བུ་དང་། མིང་གཞི་ཕོ་ཡིག་ཡིན་ལ་དས་འཕུལ་གྱི་འཇུག་ཡུལ་མ་ཡིན་པ། ཅ་ཏ་ཙ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་པ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུའོ། །
   ༢༤.གས་འཕུལ་གྱི་འཇུག་ཡུལ་དང་མིང་གཞི་མོ་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་ག་ཡིག་གི་འཇུག་ཡུལ་དང་མིང་གཞི་མོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། གས་འཕུལ་གྱི་འཇུག་ཡུལ་ཡིན་ལ་མིང་གཞི་མོ་ཡིག་མ་ཡིན་པ། ཅ་ཏ་ཙ་ལྟ་བུ་དང་། མིང་གཞི་མོ་ཡིག་ཡིན་ལ་གས་འཕུལ་གྱི་འཇུག་ཡུལ་མ་ཡིན་པ། ག་ང་ཇ་བ་མ་ཛ་ཝ་འ་ར་ལ་ཧ་ཨ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཉ་ད་ན་ཞ་ཟ་ཡ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུའོ། །
   ༢༥.མས་འཕུལ་གྱི་འཇུག་ཡུལ་དང་མིང་གཞི་མོ་ཡིག་གཉིས་ཀྱི་མུ་བཞི།
   སྔོན་འཇུག་མ་ཡིག་གི་འཇུག་ཡུལ་དང་མིང་གཞི་མོ་ཡིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་མ་ཡིག་གི་འཇུག་ཡུལ་ཡིན་ལ་མིང་གཞི་མོ་ཡིག་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུ་དང་། མིང་གཞི་མོ་ཡིག་ཡིན་ལ་མས་འཕུལ་གྱི་འཇུག་ཡུལ་མ་ཡིན་པ། བ་མ་ཝ་ཞ་ཟ་འ་ཡ་ཤ་ས་ཧ་ཨ་ལྟ་བུ་དང་། གཉིས་ཀ་ཡིན་པ། ག་ང་ཇ་ཉ་ད་ན་ཛ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུའོ། །
   ༢༦.རྣམ་དབྱེ་དང་ཚིག་ཕྲད་གཉིས་ཀྱི་མུ་བཞི།
   རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། རྣམ་དབྱེ་ཡིན་ལ་ཚིག་ཕྲད་མ་ཡིན་པ། རྣམ་དབྱེ་དང་པོ་ཆོས་དངོས་དང་། བརྒྱད་པ་བོད་པ་དང་། ཚིག་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ། ལྷག་བཅས་དང་། རྒྱན་སྡུད་སོགས་དང་། གཉིས་ཀ་ཡིན་པ། ལ་དོན་དང་། འབྲེལ་སྒྲ། བྱེད་སྒྲ། འབྱུང་ཁུངས་བཞི་དང་། གཉིས་ཀའི་གང་ཡང་མ་ཡིན་པ། དབྱངས་ཡིག་བཞི་ལྟ་བུའོ། །
   ༢༧.ལ་དོན་དང་རྣམ་དབྱེ་གཉིས་ཀྱི་མུ་བཞི།
   ལ་དོན་དང་རྣམ་དབྱེ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ལ་དོན་ཡིན་ལ་རྣམ་དབྱེ་མ་ཡིན་པ། དེ་ཉིད་དང་ཚེ་སྐབས། རྣམ་དབྱེ་ཡིན་ལ་ལ་དོན་མ་ཡིན་པ། འབྲེལ་སྒྲ། བྱེད་སྒྲ། འབྱུང་ཁུངས་ལྟ་བུ་དང་། གཉིས་ཀ་ཡིན་པ། ལས་སུ་བྱ་བ། དགོས་ཆེད། རྟེན་གཞི། གཉིས་ཀའི་གང་ཡང་མ་ཡིན་པ། ནི་སྒྲ་དང་། དང་སྒྲ་ལྟ་བུའོ། །
   ༢༨.ལ་དོན་དང་ཚིག་ཕྲད་རང་དབང་ཅན་གྱི་མུ་བཞི།
   ལ་དོན་དང་ཚིག་ཕྲད་རང་དབང་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ལ་དོན་ཡིན་ལ་ཚིག་ཕྲད་རང་དབང་ཅན་མ་ཡིན་པ། སུ་ར་རུ་ཏུ་དུ་རྣམས་དང། ཚིག་ཕྲད་རང་དབང་ཅན་ཡིན་ལ་ལ་དོན་མ་ཡིན་པ། དང་སྒྲ། ནི་སྒྲ། ནས་ལས་ལྟ་བུ་དང་། གཉིས་ཀ་ཡིན་པ། ན་ལ་གཉིས་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གམ་སོགས་ལྟ་བུའོ། །
   ༢༩.ལ་དོན་དང་ཚིག་ཕྲད་གཞན་དབང་ཅན་གཉིས་ཀྱི་མུ་བཞི།
   ལ་དོན་དང་ཚིག་ཕྲད་གཞན་དབང་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ལ་དོན་ཡིན་ལ་ཚིག་ཕྲད་གཞན་དབང་ཅན་མ་ཡིན་པ། ན་ལ་གཉིས་དང་། ཚིག་ཕྲད་གཞན་དབང་ཅན་ཡིན་ལ་ལ་དོན་མ་ཡིན་པ། འབྲེལ་སྒྲ་ལྟ་བུ་དང། གཉིས་ཀ་ཡིན་པ། སུ་ར་རུ་ཏུ་དུ་ལྔ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ནས་ལས་ལྟ་བུའོ། །
   ༣༠.ནས་ལས་གཉིས་དང་འབྱུང་ཁུངས་ཀྱི་མུ་བཞི།
   ནས་ལས་གཉིས་དང་འབྱུང་ཁུངས་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། ནས་ལས་ཀྱི་ཚིག་ཕྲད་ཡིན་ལ་འབྱུང་ཁུངས་མ་ཡིན་པ། ནས་སྒྲ་མཚམས་སྦྱོར་དང་། ལས་སྒྲ་རྒྱུ་མཚན་ལ་འཇུག་པ་ལྟ་བུ་དང་། འབྱུང་ཁུངས་ཡིན་ལ་ནས་ལས་གཉིས་ཀྱི་ཚིག་ཕྲད་མ་ཡིན་པ། ལ་སྒྲ་འབྱུང་ཁུངས་ལ་འཇུག་པ་དང་། གཉིས་ཀ་ཡིན་པ། ནས་ལས་གཉིས་འབྱུང་ཁུངས་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བྱེད་སྒྲ། འབྲེལ་སྒྲ་ལྟ་བུའོ། །
   ༣༡.ཚིག་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་མུ་བཞི།
   ཚིག་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཚིག་ཕྲད་རང་དབང་ཅན་ཡིན་ལ་གཞན་དབང་ཅན་མ་ཡིན་པ། ན་ལ་དང་ ནས་ལས། ནི། དང་ལྟ་བུ་དང་། ཚིག་ཕྲད་གཞན་དབང་ཅན་ཡིན་ལ་རང་དབང་ཅན་མ་ཡིན་པ། འབྲེལ་སྒྲ། བྱེད་སྒྲ། ལྷག་བཅས། རྒྱན་སྡུད་ལྟ་བུ་དང། གཉིས་ཀ་ཡིན་པ། དེ་སྒྲ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཨི་ཨུ་ཨེ་ཨོ་བཞི་ལྟ་བུའོ། །
   ༣༢.སྟེ་ཏེ་དེ་གསུམ་དང་མཚམས་སྦྱོར་བའི་ལྷག་བཅས་གཉིས་ཀྱི་མུ་བཞི།
   སྟེ་ཏེ་དེ་གསུམ་དང་མཚམས་སྦྱོར་བའི་ལྷག་བཅས་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྟེ་ཏེ་དེ་གསུམ་ཡིན་ལ་མཚམས་སྦྱོར་བའི་ལྷག་བཅས་མ་ཡིན་པ། དམ་བཅའ་བའི་ལྷག་བཅས་དང་། གཞན་འདྲེན་པའི་ལྷག་བཅས་དང། མཚམས་སྦྱོར་བའི་ལྷག་བཅས་ཡིན་ལ་སྟེ་ཏེ་དེ་གསུམ་མ་ཡིན་པ། ནས་སྒྲ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ། གཉིས་ཀ་ཡིན་པ། སྟེ་ཏེ་དེ་གསུམ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གོ་སོགས་ལྟ་བུའོ། །
   ༣༣.གམ་སོགས་དང་དྲི་བའི་དོན་གཉིས་ཀྱི་མུ་བཞི།
   གམ་སོགས་བཅུ་གཅིག་དང་དྲི་བའི་དོན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། གམ་སོགས་ཀྱི་ཕྲད་ཡིན་ལ་དྲི་བའི་དོན་ལ་འཇུག་པ་མ་ཡིན་པ། གམ་སོགས་འབྱེད་པ་ལ་འཇུག་པ་ལྟ་བུ་དང་། དྲི་བའི་དོན་ལ་འཇུག་པ་ཡིན་ལ་གམ་སོགས་མ་ཡིན་པ། གང་ཅི་ཇི་སུ་དུ་ནམ་ཨེ་བཅས་དྲི་བ་ལ་འཇུག་པ་ལྟ་བུ་དང་། གཉིས་ཀ་ཡིན་པ། གམ་སོགས་དྲི་བའི་དོན་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ནས་ལས་འབྱུང་ཁུངས་ལ་འཇུག་པ་ལྟ་བུའོ། །
   ༣༤.པ་པོ་བ་བོ་དང་བདག་སྒྲ་གཉིས་ཀྱི་མུ་བཞི།
   པ་པོ་བ་བོ་བཞི་དང་བདག་སྒྲ་གཉིས་ལ་ཡིན་མིན་ཀྱི་མུ་བཞི་བཞག་ཏུ་ཡོད་དེ། པ་པོ་བ་བོ་ཡིན་ལ་བདག་སྒྲ་མ་ཡིན་པ། ཐག་པ། སྔོན་པོ། མང་བ། སེར་བོ་ལྟ་བུ་དང་།བདག་སྒྲ་ཡིན་ལ་པ་པོ་བ་བོ་བཞི་མ་ཡིན་པ། ཡོན་ཏན་ཅན། ཤིང་མཁན། འབྱོར་ལྡན་ལྟ་བུ་དང་། གཉིས་ཀ་ཡིན་པ། ཕྱུག་པོ། ལོ་ཙཱ་བ། ལྷ་བ། རྩོམ་པ་པོ། ཁམས་པ། བཟོ་བོ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གསལ་བྱེད་སུམ་ཅུ་ལྟ་བུའོ། །
   ༣༥.དེ་སྒྲ་དང་རང་དབང་ཅན་གཉིས་ཀྱི་མུ་བཞི།
   དེ་སྒྲ་དང་རང་དབང་ཅན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དེ་སྒྲ་ཡིན་ལ་རང་དབང་ཅན་མ་ཡིན་པ། དེ་སྒྲ་ལྷག་བཅས་ལ་འཇུག་པ་དང་། རང་དབང་ཅན་ཡིན་ལ་དེ་སྒྲ་མ་ཡིན་པ། དང་སྒྲ་ལྟ་བུ་དང་། གཉིས་ཀ་ཡིན་པ། དེ་སྒྲ་དངོས་པོའི་དབང་གི་བཞི་དང་། དུས་ཀྱི་དབང་གི་གཉིས་ལ་འཇུག་པ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གོ་སོགས་ལྟ་བུའོ། །
   ༣༦.བདག་སྒྲ་དང་བྱེད་པ་པོ་གཉིས་ཀྱི་མུ་བཞི།
   བདག་སྒྲ་དང་བྱེད་པ་པོ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། བདག་སྒྲ་ཡིན་ལ་བྱེད་པ་པོ་མ་ཡིན་པ། འབྲོག་པ། ཞིང་བ། ཚད་མ་མཁན། སློབ་མ་ལྟ་བུ་དང་།བྱེད་པ་པོ་ཡིན་ལ་བདག་སྒྲ་མ་ཡིན་པ། འབྲོང་གིས་རྩྭ་ཟ་ཞེས་པའི་ཟ་བ་བོ་དང་། ཉ་མོ་ཆུ་ལ་འཛུལ་ཞེས་པའི་འཛུལ་མཁན་ལྟ་བུ་དང་། གཉིས་ཀ་ཡིན་པ། སློབ་ཁྲིད་བྱེད་ཅེས་པའི་བྱེད་པ་པོ་དང་། ཡི་གེ་འབྲི་ཞེས་པའི་འབྲི་མཁན་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། སྤང་ལྗོངས། འདབ་ཆགས་ལྟ་བུའི་ཐ་སྙད་དག་གོ།
   ༣༧.ལ་དོན་དང་དགོས་ཆེད་གཉིས་ཀྱི་མུ་བཞི།
   ལ་དོན་དང་དགོས་ཆེད་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ལ་དོན་གྱི་ཕྲད་ཡིན་ལ་དགོས་ཆེད་མ་ཡིན་པ། ལས་སུ་བྱ་བ་དང་། རྟེན་གཞི། དེ་ཉིད། ཚེ་སྐབས་སོགས་དང་། དགོས་ཆེད་ལ་འཇུག་པ་ཡིན་ལ་ལ་དོན་མ་ཡིན་པ། རྒྱ་མཚོར་བརྒལ་ཕྱིར་གྲུ་བསྒྲིག ཉོ་ཚོང་བྱེད་སླད་ཁྲོམ་ལ་ཕྱིན། ཡི་གེ་བྲི་ཆེད་སྨྱུ་གུ་ཉོས་ལྟ་བུ་དང་། གཉིས་ཀ་ཡིན་པ། ལ་དོན་དགོས་ཆེད་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། མ་མི་དགག་སྒྲ་ལྟ་བུའོ། །
   ༣༨.ལ་དོན་དང་ཚེ་སྐབས་གཉིས་ཀྱི་མུ་བཞི།
   ལ་དོན་དང་ཚེ་སྐབས་ཀྱི་དོན་ལ་མུ་བཞི་བཞག་ཏུ་ཡོད་པ་སྟེ། ལ་དོན་ཡིན་ལ་ཚེ་སྐབས་ལ་འཇུག་པ་མ་ཡིན་པ། ལས་སུ་བྱ་བ་དང་། དགོས་ཆེད། རྟེན་གཞི། དེ་ཉིད་རྣམས་དང་། ཚེ་སྐབས་ཡིན་ལ་ལ་དོན་གྱི་ཚིག་ཕྲད་མ་ཡིན་པ། དང་སྒྲ་ཚེ་སྐབས་ལ་འཇུག་པ་དང་། གཉིས་ཀ་ཡིན་པ། ལ་དོན་ཚེ་སྐབས་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ནས་ལས་འབྱུང་ཁུངས་ལ་འཇུག་པ་ལྟ་བུའོ། །
   ༣༩.གམ་སོགས་དང་སྡུད་པའི་དོན་གྱི་མུ་བཞི།
   གམ་སོགས་དང་སྡུད་པའི་དོན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། གམ་སོགས་ཀྱི་ཚིག་ཕྲད་ཡིན་ལ་སྡུད་པའི་དོན་ལ་འཇུག་པ་མ་ཡིན་པ། གམ་སོགས་འབྱེད་པ་དང་། དྲི་བ་ལ་འཇུག་པ་ལྟ་བུ་དང་། སྡུད་པའི་དོན་ལ་འཇུག་པ་ཡིན་ལ་གམ་སོགས་ཀྱི་ཚིག་ཕྲད་མ་ཡིན་པ། ཀྱང་འང་ཡང་གསུམ་དང་ནས་ལས་དང་སྒྲ་བཅས་སྡུད་པ་ལ་འཇུག་པ་ལྟ་བུ་དང་། གཉིས་ཀ་ཡིན་པ། གམ་སོགས་སྡུད་པའི་དོན་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གིས་སོགས་ཀྱིས་བྱེད་པ་པོ་དང་བྱེད་པ་སྟོན་པ་ལྟ་བུའོ། །
   ༤༠.དང་སྒྲ་དང་རྒྱུ་མཚན་གྱི་དོན་གཉིས་ཀྱི་མུ་བཞི།
   དང་སྒྲ་དང་རྒྱུ་མཚན་གྱི་དོན་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དང་སྒྲ་ཡིན་ལ་རྒྱུ་མཚན་གྱི་དོན་ལ་འཇུག་པ་མ་ཡིན་པ། དང་སྒྲ་འབྱེད་པ་དང་སྡུད་པ་སོགས་ལ་འཇུག་པ་ལྟ་བུ་དང་། རྒྱུ་མཚན་ལ་འཇུག་པ་ཡིན་ལ་དང་སྒྲ་མ་ཡིན་པ། གིས་སོགས་དང་། ལས་སྒྲ། ན་སྒྲ་རྒྱུ་མཚན་ལ་འཇུག་པ་ལྟ་བུ་དང། གཉིས་ཀ་ཡིན་པ། དང་སྒྲ་རྒྱུ་མཚན་ལ་འཇུག་པ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གོ་སོགས་དང་། གམ་སོགས་ལྟ་བུའོ། །
   ༤༡.མོ་ཡི་ཡི་གེ་དང་གསལ་བྱེད་གཉིས་ཀྱི་མུ་བཞི།
   མོ་ཡི་ཡི་གེ་དང་གསལ་བྱེད་སུམ་ཅུ་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། མོ་ཡིག་ཡིན་ལ་གསལ་བྱེད་ཀྱི་ཡི་གེ་མ་ཡིན་པ། དབྱངས་ཡིག་བཞི་དང་། གསལ་བྱེད་ཀྱི་ཡི་གེ་ཡིན་ལ་མོ་ཡིག་མ་ཡིན་པ། ཀ་ཅ་ཏ་པ་ཙ་ཕོ་ཡིག་དང་། ཁ་ཆ་ཐ་ཕ་ཚ་མ་ནིང་དང་། གཉིས་ཀ་ཡིན་པ། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ་བཅས་སྤྱིར་མོ་ཡིག་ཉི་ཤུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། སྐྱ་སྒྱ་སྤྱ་སྦྱ་སྨྲ་ལྟ་བུས་མཚོན་ཏེ། མོ་ཡིག་དང་རྗེས་འཇུག མོ་ཡིག་དང་སྔོན་འཇུག་བཅས་ཀྱི་མུ་བཞིའང་གཞག་རུང་ངོ་། །
   ༤༢.ཕོ་ཡི་ཡི་གེ་དང་སྔོན་འཇུག་གཉིས་ཀྱི་མུ་བཞི།
   ཕོ་ཡི་ཡི་གེ་དང་སྔོན་འཇུག་ལྔ་བོ་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། ཕོ་ཡིག་ཡིན་ལ་སྔོན་འཇུག་མ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུ་དང་། སྔོན་འཇུག་ཡིན་ལ་ཕོ་ཡིག་མ་ཡིན་པ། ག་ད་མ་འ་བཞི་དང་། གཉིས་ཀ་ཡིན་པ། བ་ཡིག་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁ་ཆ་ཐ་ཕ་ཙ་ལྟ་བུས་མཚོན་ཏེ། ཕོ་ཡིག་དང་རྗེས་འཇུག་གཉིས་ཀྱི་མུ་བཞིའང་གཞག་ཏུ་ཡོད་དོ། །
   ༤༣.མ་ནིང་གི་ཡི་གེ་དང་རྗེས་འཇུག་གཉིས་ཀྱི་མུ་བཞི།
   མ་ནིང་གི་ཡི་གེ་དང་རྗེས་འཇུག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མ་ནིང་གི་ཡི་གེ་ཡིན་ལ་རྗེས་འཇུག་གི་ཡི་གེ་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུ་དང་།རྗེས་འཇུག་གི་ཡི་གེ་ཡིན་ལ་མ་ནིང་མ་ཡིན་པ། ག་ད་བ་ས་ལྟ་བུ་དང་། གཉིས་ཀ་ཡིན་པ། ན་ར་ལ(སུ་ཏུའི་ལུགས)དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཀ་ཅ་ཏ་པ་ཙ་ལྟ་བུས་མཚོན་ཏེ། མ་ནིང་གི་ཡི་གེ་དང་སྔོན་འཇུག་གཉིས་ལའང་མུ་བཞི་བཞག་རུང་བའོ། །
   ༤༤.ཕོ་ཡི་ཡི་གེ་དང་མིང་གཞི་རྐྱང་བ་གཉིས་ཀྱི་མུ་བཞི།
   ཕོ་ཡི་ཡི་གེ་དང་མིང་གཞི་རྐྱང་བ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་པ་སྟེ། ཕོ་ཡིག་ཡིན་ལ་མིང་གཞི་རྐྱང་བ་མ་ཡིན་པ། སྔོན་འཇུག་གི་ཕོ་ཡིག་བ་དང་། རྗེས་འཇུག་གི་ཕོ་ག་ད་བ་ས་བཞི(སུ་ཏུའི་ལུགས)དང་། མིང་བཞི་རྐྱང་བ་ཡིན་ལ་ཕོ་ཡིག་མ་ཡིན་པ། ཁ་ཆ་ཐ་ཕ་ཚ་ལྟ་བུ་དང་། གཉིས་ཀ་ཡིན་པ། ཀ་ཅ་ཏ་པ་ཙ་ལྔ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ང་ན་མ་ལྟ་བུས་མཚོན་ཏེ། མོ་ཡིག་དང་མིང་གཞི་རྐྱང་བ། མ་ནིང་དང་མིང་གཞི་རྐྱང་བ། ཤིན་ཏུ་མོ་དང་མིང་གཞི་རྐྱང་བ། མོ་གཤམ་དང་མིང་གཞི་རྐྱང་བ་བཅས་ལའང་མུ་བཞི་བཞག་རུང་བའོ། །
   ༤༥.སྔོན་འཇུག་ཕོ་ཡིག་བ་ཡིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ཀྱི་མུ་བཞི།
   སྔོན་འཇུག་གི་ཕོ་ཡིག་བ་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་ཕོ་བ་ཡིག་ཐོབ་པ་ཡིན་ལ་དུས་གསུམ་སྤྱི་ཙམ་པ་ཡིན་པ། བཀུར་བྱ་བཀུར་བྱེད་བཀུར་ཟིན་བཀུར་ཅིག་ལྟ་བུ་དུས་གསུམ་བྱེ་བྲག་པ་དང་། དུས་གསུམ་སྤྱི་ཙམ་པ་ཡིན་ལ་སྔོན་འཇུག་གི་ཕོ་བ་ཡིག་ཐོབ་པ་མ་ཡིན་པ། དབྱུང་བྱ་འབྱིན་བྱེད་ཕྱུང་ཟིན་ཕྱུངས་ཤིག་ལྟ་བུ་མིང་གཞི་པ་སྡེའི་འདས་པ་ལ་བས་འཕུལ་མི་ཐོབ་པ་ལྟ་བུ་དང་། གཉིས་ཀ་ཡིན་པ། དགག་བྱ་འགོག་བྱེད་བཀག་ཟིན་ཁོག་ཅིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། འཛོམ་བྱ་འཛོམ་བྱེད་ལྟ་བུས་མཚོན་ཏེ། སྔོན་འཇུག་མ་ནིང་དང་དུས་གསུམ་སྤྱི་ཙམ་པ། སྔོན་འཇུག་མོ་ཡིག་དང་དུས་གསུམ་སྤྱི་ཙམ་གཉིས་ཀྱི་མུ་བཞིའང་བཞག་རུང་བའོ། །
   ༤༦.སྔོན་འཇུག་མོ་ཡིག་འ་ཡིག་དང་དུས་གསུམ་བྱེ་བྲག་པའི་མུ་བཞི།
   སྔོན་འཇུག་མོ་ཡིག་འ་ཡིག་ཐོབ་པའི་ལས་ཚིག་དང་དུས་གསུམ་བྱེ་བྲག་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་པ་སྟེ། སྔོན་འཇུག་འ་ཡིག་ཐོབ་པའི་ལས་ཚིག་ཡིན་ལ་དུས་གསུམ་བྱེ་བྲག་པ་མ་ཡིན་པ། གདོན་བྱ་འདོན་བྱེད་བཏོན་ཟིན་ཐོན་ཅིག་ལྟ་བུའི་དུས་གསུམ་སྤྱི་ཙམ་པ་དང་། དུས་གསུམ་བྱེ་བྲག་པ་ཡིན་ལ་སྔོན་འཇུག་འ་ཡིག་འཐོབ་པའི་ལས་ཚིག་མ་ཡིན་པ། བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་ཟིན་སྒྲུབས་ཤིག་ལྟ་བུ་དང་། གཉིས་ཀ་ཡིན་པ། བཀྲུ་བྱ་འཁྲུད་བྱེད་བཀྲུས་ཟིན་ཁྲུས་ཤིག་ལྟ་བུ་དང་།གཉིས་ཀའི་གང་ཡང་མ་ཡིན་པ། གསད་བྱ་གསོད་བྱེད་བསད་པ་སོད་ཅིག་ལྟ་བུས་མཚོན་ཏེ། སྔོན་འཇུག་འ་ཡིག་འཐོབ་པའི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་པ། སྔོན་འཇུག་འ་ཡིག་འཐོབ་པའི་ལས་ཚིག་དང་དུས་གསུམ་ཐོར་བུ་བའི་མུ་བཞི་ཡང་བཞག་ཏུ་ཡོད་པའོ། །
   ༤༧.སྔོན་འཇུག་མ་ནིང་ད་ཡིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ཀྱི་མུ་བཞི།
   སྔོན་འཇུག་མ་ནིང་ད་ཡིག་ཐོབ་པའི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྔོན་འཇུག་མ་ནིང་ད་ཡིག་ཐོབ་པའི་ལས་ཚིག་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། དཀྲོལ་བྱ་འཁྲོལ་བྱེད་དཀྲོལ་ཟིན་ཁྲོམས་ཤིག་ལྟ་བུ་ཐོར་བུ་བ་དང་།དུས་གསུམ་སྤྱི་ཙམ་པ་ཡིན་ལ་སྔོན་འཇུག་ད་ཡིག་ཐོབ་པའི་ལས་ཚིག་མ་ཡིན་པ། གཅད་བྱ་གཅོད་བྱེད་བཅད་པ་ཆོད་ཅིག་ལྟ་བུ་དང་། གཉིས་ཀ་ཡིན་པ། དགྲམ་བྱ་འགྲེམ་བྱེད་བཀྲམ་པ་ཁྲོམས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བལྟ་བྱ་ལྟ་བྱེད་བལྟས་པ་ལྟོས་ཤིག་ལྟ་བུ་བྱེ་བྲག་པས་མཚོན་ཏེ། སྔོན་འཇུག་མ་ནིང་ག་ཡིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལའང་མུ་བཞི་བཞག་ཏུ་ཡོད་དོ། །
   ༤༨.མགོ་ཅན་གྱི་ལས་ཚིག་དང་དུས་གསུམ་བྱེ་བྲག་པའི་མུ་བཞི།
   མགོ་ཅན་ཐོབ་པའི་ལས་ཚིག་དང་དུས་གསུམ་བྱེ་བྲག་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མགོ་ཅན་ཐོབ་པའི་ལས་ཚིག་ཡིན་ལ་དུས་གསུམ་བྱེ་བྲག་པ་མ་ཡིན་པ། སྤྱད་བྱ་སྤྱོད་བྱེད་སྤྱད་ཟིན་སྤྱོད་ཅིག་ལྟ་བུ་ཐོར་བུ་བ་དང་། དུས་གསུམ་བྱེ་བྲག་པ་ཡིན་ལ་མགོ་ཅན་ཐོབ་པའི་ལས་ཚིག་མ་ཡིན་པ། བསྲིང་བྱ་སྲིང་བྱེད་བསྲིངས་པ་སྲུངས་ཤིག་ལྟ་བུ་དང་། གཉིས་ཀ་ཡིན་པ། བསྐྲུན་བྱ་སྐྲུན་བྱེད་བསྐྲུན་པ་སྐྲུནད་ཅིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། དབུལ་བྱ་འབུལ་བྱེད་ཕུལ་ཟིན་ཕུལ་ཅིག་ལྟ་བུས་མཚོན་ཏེ། འདོགས་ཅན་གྱི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་པ། འདོགས་ཅན་གྱི་ལས་ཚིག་དང་དུས་གསུམ་བྱེ་བྲག་པ། འདོགས་ཅན་གྱི་ལས་ཚིག་དང་དུས་གསུམ་ཐོར་བུ་བ་བཅས་ལའང་མུ་བཞི་གཞག་ཏུ་ཡོད་དོ། །
   ༤༩.མིང་གཞི་ཀ་སྡེའི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་པའི་མུ་བཞི།
   མིང་གཞི་ཀ་སྡེའི་ཡི་གེ་ཅན་གྱི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མིང་གཞི་ཀ་སྡེའི་ཡི་གེ་ཅན་གྱི་ལས་ཚིག་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། འཁྲིད་བྱ་འཁྲིད་བྱེད་ཁྲིད་པ་ཁྲིད་ཅིག་ལྟ་བུ་དུས་གསུམ་ཐོར་བུ་བ་དང་། དུས་གསུམ་སྤྱི་ཙམ་པའི་ལས་ཚིག་ཡིན་ལ་མིང་གཞི་ཀ་སྡེའི་ཡི་གེ་མ་ཡིན་པ། གཞོམ་བྱ་འཇོམས་བྱེད་བཅོམ་ཟིན་ཆོམས་ཤིག་ལྟ་བུ་དང་། གཉིས་ཀ་ཡིན་པ། བསྐྱལ་བྱ་སྐྱེལ་བྱེད་བསྐྱལ་བ་སྐྱོལ་ཅིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། དྲི་བྱ་འདྲི་བྱེད་དྲིས་ཟིན་དྲིས་ཤིག་ལྟ་བུས་མཚོན་ཏེ། མིང་གཞི་སྡེ་བ་སོ་སོ་དང་དུས་གསུམ་སྤྱི་ཙམ་པ། མིང་གཞི་སྡེ་བ་སོ་སོ་དང་དུས་གསུམ་བྱེ་བྲག་པ། མིང་གཞི་སྡེ་བ་སོ་སོ་དང་དུས་གསུམ་ཐོར་བུ་བ་བཅས་ལ་མུ་བཞི་མང་པོ་བཞག་ཏུ་ཡོད་པའོ། །
   ༥༠.མིང་གཞིའི་ཡི་གེ་སྡེ་བ་ཐ་དད་པ་དང་དུས་གསུམ་སྤྱི་ཙམ་པ་གཉིས་ཀྱི་མུ་བཞི།
   མིང་གཞིའི་ཡི་གེ་སྡེ་བ་ཐ་དད་པའི་ལས་ཚིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། མིང་གཞིའི་ཡི་གེ་སྡེ་བ་ཐ་དད་པ་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། གཞིབ་བྱ་འཇིབ་བྱེད་གཞིབས་པ་འཇིབས་ཤིག་ལྟ་བུ་བྱེ་བྲག་པ་དང་། དུས་གསུམ་སྤྱི་ཙམ་པ་ཡིན་ལ་མིང་གཞིའི་ཡི་གེ་སྡེ་བ་ཐ་དད་པ་མ་ཡིན་པ། བསྒུག་བྱ་སྒུག་བྱེད་བསྒུགས་ཟིན་སྒུགས་ཤིག་ལྟ་བུ་དང་། གཉིས་ཀ་ཡིན་པ། གཞལ་བྱ་འཇལ་བྱེད་བཅལ་པ་འཇོལ་ཅིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། འཛུལ་བྱ་འཛུལ་བྱེད་འཛུལ་པ་འཛུལ་ཅིག་ལྟ་བུ་ཐོར་བུས་མཚོན་ཏེ། མིང་གཞིའི་ཡི་གེའི་སྡེ་བ་ཐ་དད་པ་དང་དུས་གསུམ་བྱེ་བྲག་པའི་ལས་ཚིག མིང་གཞི་ཡི་གེའི་སྡེ་བ་ཐ་དད་པ་དང་དུས་གསུམ་ཐོར་བུ་བ་བཅས་ལའང་མུ་བཞིའི་རིགས་པ་དབྱེ་རུ་ཡོད་པའོ། །
   ༥༡.དུས་གསུམ་གའི་མིང་གཞི་ཕོ་ཡིག་དང་དུས་གསུམ་སྤྱི་ཙམ་པ་གཉིས་ཀྱི་མུ་བཞི།
   དུས་གསུམ་གའི་མིང་གཞི་ཕོ་ཡིག་ཡིན་པ་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་གའི་མིང་གཞི་ཕོ་ཡིག་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། བརྐུ་བྱ་རྐུ་བྱེད་བརྐུས་ཟིན་རྐུས་ཤིག་ལྟ་བུ་བྱེ་བྲག་པ་དང་། དུས་གསུམ་སྤྱི་ཙམ་པ་ཡིན་ལ་དུས་གསུམ་གའི་མིང་གཞི་ཕོ་ཡིག་མ་ཡིན་པ། གདམ་བྱ་འདེམས་བྱེད་བདམས་པ་འདེམས་ཤིག་ལྟ་བུ་དང་། གཉིས་ཀ་ཡིན་པ། གཏང་བྱ་གཏོང་བྱེད་བཏང་བ་ཐོངས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། མྱང་བྱ་མྱོང་བྱེད་མྱངས་པ་མྱོངས་ཤིག་ལྟ་བུ་ཐོར་བུ་བས་མཚོན་ཏེ། དུས་གསུམ་གའི་མིང་གཞི་མོ་ཡིག་དང་དུས་གསུམ་སྤྱི་ཙམ་པ། དུས་གསུམ་གའི་མིང་གཞི་མོ་ཡིག་དང་དུས་གསུམ་ཐོར་བུ་བ། དུས་གསུམ་གའི་མིང་གཞི་མོ་ཡིག་དང་དུས་གསུམ་བྱེ་བྲག་པ། དུས་གསུམ་གའི་མིང་གཞི་ཕོ་ཡིག་དང་དུས་གསུམ་བྱེ་བྲག་པ། དུས་གསུམ་གའི་མིང་གཞི་ཕོ་ཡིག་དང་དུས་གསུམ་ཐོར་བུ་བ་བཅས་སོགས་ལ་མུ་བཞིའི་རིགས་པ་བཞག་ཏུ་རུང་བ་ཡིན་ནོ། །
   ༥༢.དུས་གསུམ་གྱི་ལས་ཚིག་གསུམ་གར་དབྱངས་ཡིག་གཅིག་ཐོབ་པ་དང་དུས་གསུམ་སྤྱི་ཙམ་པ་གཉིས་ཀྱི་མུ་བཞི།
   དུས་གསུམ་གྱི་ལས་ཚིག་གསུམ་གར་དབྱངས་ཡིག་གཅིག་ཐོབ་པ་དང་དུས་གསུམ་སྤྱི་ཙམ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་གར་དབྱངས་ཡིག་གཅིག་ཐོབ་པ་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་པ་སྒྲིགས་ཤིག་ལྟ་བུ་བྱེ་བྲག་པ་དང་། དུས་གསུམ་སྤྱི་ཙམ་པ་ཡིན་ལ་དུས་གསུམ་གར་དབྱངས་ཡིག་གཅིག་ཐོབ་པ་མ་ཡིན་པ། དགྲོལ་བྱ་འགྲེལ་བྱེད་བཀྲལ་བ་ཁྲོལ་ཅིག་ལྟ་བུ་དང་།གཉིས་ཀ་ཡིན་པ། གཞོམ་བྱ་འཇོམས་བྱེད་བཅོམ་པ་ཆོམས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བསྟར་བྱ་སྟོར་བྱེད་བསྟར་པ་སྟོར་ཅིག་ལྟ་བུ་བྱེ་བྲག་པ་ཡིན་པས་མཚོན་ཏེ། དུས་གསུམ་གྱི་ལས་ཚིག་ལ་དབྱངས་ཡིག་གཅིག་ཐོབ་པ་དང་དུས་གསུམ་ཐོར་བུ་བ་བཅས་ལའང་མུ་བཞིའི་རིགས་པ་བཞག་ཏུ་རུང་བ་འདིར་བསྒྲེས་ཏེ་ཤེས་པར་བྱའོ། །
   ༥༣.དུས་གསུམ་སྤྱི་ཙམ་པ་དང་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་སྤྱི་ཙམ་པ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་སྤྱི་ཙམ་པ་ཡིན་ལ་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་མ་ཡིན་པ། དབབ་བྱ་འབབ་བྱེད་བབས་པ་ལྟ་བུ་ནི་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་པ་དང་། བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། སྦྲེལ་བྱ་སྦྲེལ་བྱེད་སྦྲེལ་བ་སྦྲེལ་ཅིག་ལྟ་བུ་དུས་གསུམ་བྱེ་བྲག་པ་ཡིན་པ་དང་། གཉིས་ཀ་ཡིན་པ། གཅུན་བྱ་འཇུན་བྱེད་བཅུན་པ་ཆུན་ཅིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། འཐིམ་བྱ་འཐིམ་བྱེད་འཐིམས་པ་ལྟ་བུ་ནི་དུས་གསུམ་ཐོར་བུ་བའི་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་པས་མཚོན་པའོ། །
   ༥༤.དུས་གསུམ་བྱེ་བྲག་པ་དང་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་བྱེ་བྲག་པ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་བྱེ་བྲག་པ་ཡིན་ལ་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་མ་ཡིན་པ། བསྟི་བྱ་སྟི་བྱེད་བསྟིས་པ་སྟིས་ཤིག་ལྟ་བུ་དང་། བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་ལ་དུས་གསུམ་བྱེ་བྲག་པ་མ་ཡིན་པ། གཤིབ་བྱ་གཤིབ་བྱེད་གཤིབས་པ་གཤིབས་ཤིག་ལྟ་བུ་དུས་གསུམ་ཐོར་བུ་བ་དང་། གཉིས་ཀ་ཡིན་པ། བརླག་བྱ་རློག་བྱེད་བརླགས་པ་རློགས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། རོལ་བྱ་རོལ་བྱེད་རོལ་བ་ལྟ་བུ་དུས་གསུམ་བྱེ་བྲག་པའི་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་པ་ལྟ་བུའོ། །
    ༥༥.དུས་གསུམ་ཐོར་བུ་བ་དང་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་ཐོར་བུ་བ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་ཐོར་བུ་བ་ཡིན་ལ་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་མ་ཡིན་པ། ལྡང་བྱ་ལྡང་བྱེད་ལྡང་པ་ལྟ་བུ་དང་། བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་ལ་དུས་གསུམ་ཐོར་བུ་བ་མ་ཡིན་པ། བལྟ་བྱ་ལྟ་བྱེད་བལྟས་པ་ལྟོས་ཤིག་ལྟ་བུ་དུས་གསུམ་བྱེ་བྲག་པ་དང་། གཉིས་ཀ་ཡིན་པ། སྦྱང་བྱ་སྦྱོང་བྱེད་སྦྱངས་ཟིན་སྦྱོངས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གསེག་བྱ་གསེག་བྱེད་བསེགས་པ་གསོགས་ཤིག་ལྟ་བུ་ནི་དུས་གསུམ་སྤྱི་ཙམ་པའི་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་ཡིན།
   ༥༦.དུས་གསུམ་སྤྱི་ཙམ་པ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་སྤྱི་ཙམ་པ་དང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་སྤྱི་ཙམ་པ་ཡིན་ལ་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་མ་ཡིན་པ། དགལ་བྱ་འགེལ་བྱེད་བཀལ་པ་ཁོལ་ཅིག་ལྟ་བུ་དུས་གསུམ་སྤྱི་ཙམ་པའི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་པ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་ལ་དུས་གསུམ་སྤྱི་ཙམ་པ་མ་ཡིན་པ། འབག་བྱ་འབག་བྱེད་འབགས་པ་ལྟ་བུ་དུས་གསུམ་བྱེ་བྲག་པ་དང་། གཉིས་ཀ་ཡིན་པ། དབབ་བྱ་འབེབ་བྱེད་བབས་པ་ལྟ་བུ་དང་།
གཉིས་ཀའི་གང་ཡང་མ་ཡིན་པ། དཀྲུམ་འགྱུར་དཀྲུམ་བཞིན་དཀྲིམས་ཟིན་དཀྲིམས་ཤིག་ལྟ་བུ་དུས་གསུམ་ཐོར་བུ་བའི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་པས་མཚོན་པའོ། །
    ༥༧.དུས་གསུམ་བྱེ་བྲག་པ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་བྱེ་བྲག་པ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་པ་སྟེ། དུས་གསུམ་བྱེ་བྲག་པ་ཡིན་ལ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་མ་ཡིན་པ། བརྒྱན་འགྱུར་རྒྱན་བཞིན་བརྒྱན་པ་ལྟ་བུ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་ལ་དུས་གསུམ་བྱེ་བྲག་པ་མ་ཡིན་པ། སྐྲང་འགྱུར་སྐྲང་བཞིན་སྐྲང་བ་ལྟ་བུ་དུས་གསུམ་ཐོར་བུ་བའི་ལས་ཚིག་དང་།གཉིས་ཀ་ཡིན་པ། བརྐམ་འགྱུར་རྐམ་བཞིན་བརྐམས་པ་རྐོམས་ཤིག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བསྟོད་བྱ་བསྟོད་བྱེད་བསྟོད་ཟིན་བསྟོད་ཅིག་ལྟ་བུ་དུས་གསུམ་ཐོར་བུ་བའི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་པས་མཚོན་པའོ། །
   ༥༨.དུས་གསུམ་ཐོར་བུ་བ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་གཉིས་ཀྱི་མུ་བཞི།
   དུས་གསུམ་ཐོར་བུ་བ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། དུས་གསུམ་ཐོར་བུ་བ་ཡིན་ལ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་མ་ཡིན་པ། གསུང་བྱ་གསུང་བྱེད་གསུངས་པ་གསུངས་ཤིག་ལྟ་བུ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་ལ་དུས་གསུམ་ཐོར་བུ་བ་མ་ཡིན་པ། བགད་བྱ་དགོད་བྱེད་བགད་པ་དགོད་ཅིག་ལྟ་བུ་དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་པ་དང་། གཉིས་ཀ་ཡིན་པ། གྱོལ་འགྱུར་གྱོལ་བཞིན་གྱོལ་བ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། དབྱེ་བྱ་འབྱེད་བྱེད་ཕྱེ་བ་ཕྱེས་ཤིག་ལྟ་བུ་དུས་གསུམ་བྱེ་བྲག་པའི་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་ཡིན་པས་མཚོན་པའོ། །
   ༥༩.སྐུལ་ཚིག་དང་བྱས་འབྲས་སྟོན་པའི་ལས་ཚིག་གཉིས་ཀྱི་མུ་བཞི།
   སྐུལ་ཚིག་དང་ཡིག་གཟུགས་གཅིག་པའི་ལས་ཚིག་དང་བྱས་འབྲས་སྟོན་པའི་ལས་ཚིག་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། སྐུལ་ཚིག་ཡིན་ལ་བྱས་འབྲས་སྟོན་པའི་ལས་ཚིག་མ་ཡིན་པ། སོང་། སྐྲུནད། སྒྲུབས་ལྟ་བུ་དང་། བྱས་འབྲས་སྟོན་པའི་ལས་ཚིག་ཡིན་ལ་སྐུལ་ཚིག་ལ་འཇུག་པ་མ་ཡིན་པ། སྐད་ཆ་མི་ཤོད། འོ་མ་གཞོས་སོང་། སྟེང་ལ་ཞོག་འདུག་ལྟ་བུ་དང་། གཉིས་ཀ་ཡིན་པ། ཡར་ལ་སློངས། ནང་ནས་ཕྱུངས། ཟོང་མང་པོ་ཚོངས་ལྟ་བུ་སྐད་ཆའི་གནས་སྐབས་ཀྱི་དབང་གིས་སྐུལ་ཚིག་དང་བྱེད་པ་པོའི་བྱ་བའི་བདག་འབྲས་གཉིས་ཀར་གོ་བ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། བལྟ་བྱ་ལྟ་བྱེད་བལྟས་ཟིན་ལྟ་བུའོ། །
   ༦༠.བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་བཅས་སུ་གྲུབ་མ་གྲུབ་པའི་མུ་བཞི།
   བྱེད་པ་པོ་གཞན་དང་འབྲེལ་བ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བ་གཉིས་ཕན་ཚུན་ལྟོས་བཅས་སུ་གྲུབ་པ་དང་མ་གྲུབ་པ་གཉིས་ལ་མུ་བཞི་བཞག་ཏུ་ཡོད་པ་སྟེ། བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་ལ་དེ་དང་ལྟོས་གྲུབ་ཀྱི་བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་མེད་པ། གཏམ་སོགས་དྲི་འདྲི་དྲིས་དྲིས་དང་།ལྕེ་ཡིས་བལྡག་ལྡག་བལྡགས་ལྡོགས་ལྟ་བུ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ལས་ཚིག་ཡིན་ལ་དེ་དང་ལྟོས་གྲུབ་ཀྱི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་མེད་པ། ཕོ་བ་བཀྲེས་བཀྲེས་བཀྲེས་དང་། གོ་རིམ་སོགས་འཆོལ་འགྱུར་འཆོལ་བཞིན་འཆོལ་བ་ལྟ་བུ་དང་། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་ལྟོས་གྲུབ་ཏུ་ཡོད་པ། འཁོར་སོགས་བསྐོར་སྐོར་བསྐོར་སྐོརད་དང་། འཁོར་འགྱུར་འཁོར་བཞིན་འཁོར་ཟིན་ལྟ་བུ་དང་། བྲག་རི་གཏོར་བྱ་གཏོར་བྱེད་གཏོར་ཟིན་གཏོར་ཅིག་དང་། འཐོར་འགྱུར་འཐོར་བཞིན་ཐོར་བ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། ཁང་བ། རི་བོ། ནགས་ཚལ། རི་བོ་ལྟ་བུའོ། །
   ༦༡.འདོད་རྒྱལ་ལྟར་བཏགས་པ་དང་ཚེག་བར་གཅིག་ཅན་གྱི་མིང་གི་མུ་བཞི། འདོད་རྒྱལ་ལྟར་བཏགས་པའི་མིང་དང་ཚེག་བར་གཅིག་ཅན་གྱི་མིང་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། འདོད་རྒྱལ་གྱི་མིང་ཡིན་ལ་ཚེག་བར་གཅིག་ཅན་གྱི་མིང་མ་ཡིན་པ། ཡོད་པ། ཁང་བ། ལག་པ། བྱས་པ་ལྟ་བུ་སོགས་ཀྱི་ཆ་ཤས་སྦྱར་བའི་མིང་དང་། ཚེག་བར་གཅིག་ཅན་གྱི་མིང་ཡིན་ལ་འདོད་རྒྱལ་གྱི་མིང་མ་ཡིན་པ། སྨི། ལེ། ཡ་ལྟ་བུ་གཞན་སྐད་སོར་བཞག་དང་སྒྲ་ཉམས་རྗེས་ཟློས་ཀྱི་མིང་དང་། གཉིས་ཀ་ཡིན་པ། སྟག རྡོ། འགྲོ། བཤད། ཆེ། ཞིམ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། རྗེས་འཇུག ཤིང་སྒམ། ཡོན་ཏན། ཆེ་ཤོས་ལྟ་བུའོ། །
   ༦༢.རྗེས་གྲུབ་ལྟར་བཏགས་པ་དང་། ཚེག་བར་གཉིས་ཅན་གྱི་མིང་གི་མུ་བཞི།
   རྗེས་གྲུབ་ལྟར་བཏགས་པའི་མིང་དང་ཚེག་བར་བཞི་ཅན་གྱི་མིང་དག་ལ་མུ་བཞི་བཞག་ཏུ་ཡོད་དེ། རྗེས་གྲུབ་ཀྱི་མིང་ཡིན་ལ་ཚེག་བར་གཉིས་ཅན་གྱི་མིང་མ་ཡིན་པ། བཅོམ་ལྡན་འདས། ཕྱག་ན་པདྨོ། ཁྱུང་སྔོན་སྐྱེས་ལྟ་བུ་ཚེག་བར་གསུམ་ཡན་གྱི་མིང་དང་། ཚེག་བར་གཉིས་ཅན་གྱི་མིང་ཡིན་ལ་རྗེས་གྲུབ་ཀྱི་མིང་མ་ཡིན་པ། ལྷམ་མེ། བངས་སེ། ལྗན་ལྗིན། ལྟིག་ལྟིག གཡང་ཊི། པདྨ། མུ་ཏིག་ལྟ་བུ་སྒྲ་ཉམས་རྗེས་ཟློས་དང་གཞན་སྐད་སོར་བཞག་གི་མིང་དང་། གཉིས་ཀ་ཡིན་པ། ལྕགས་སྨྱུག རང་བཞིན། རི་དྭགས། གསེར་ཏོག་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། རྩྭ། རིང་། གསུམ། ཇེ། ཅང་ལྟ་བུའོ། །
   ༦༣.ཚེག་བར་གཉིས་ཅན་དང་གཞན་སྐད་སོར་བཞག་གི་མིང་གཉིས་ཀྱི་མུ་བཞི།
   ཚེག་བར་གཉིས་ཅན་གྱི་མིང་དང་གཞན་སྐད་སོར་བཞག་གི་མིང་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཚེག་བར་གཉིས་ཅན་གྱི་མིང་ཡིན་ལ་གཞན་སྐད་སོར་བཞག་གི་མིང་མ་ཡིན་པ། གངས་རི། སྤང་ལྗོངས། སིལ་སྒྲ། བང་བང་། ཤགས་སེ་ལྟ་བུ་རྗེས་གྲུབ་དང་སྒྲ་ཉམས་ཟློས་ཀྱི་མིང་དང་། གཞན་སྐད་སོར་བཞག་གི་མིང་ཡིན་ལ་ཚེག་བར་གཉིས་ཅན་གྱི་མིང་མ་ཡིན་པ། ཀ་ཀོ་ལ། ཨ་མེ་རི་ཀ ཧྥ་རན་སེ། གོོ་ཏ་མ། པུ་ལིངྒ། ཁེ། སྨི། ལེ་ལྟ་བུ་དང་། གཉིས་ཀ་ཡིན་པ། པུ་ཏི། ཨེམ་ཆི། ཇ་སག པེ་ཅིན།ཀྲུའུ་ཞི་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གུལ་ལི་ལི། ཐ་ར་ར། འབྲི་ཤོག ས་གཞི། གསེར། བཤད་ལྟ་བུ་སྒྲ་ཉམས་རྗེས་ཟློས་དང་། རྗེས་གྲུབ་དང་འདོད་རྒྱལ་གྱི་མིང་རྣམས་ཀྱིས་མཚོན་པའོ། །
   ༦༤.ཚེག་བར་གཉིས་ཅན་དང་སྒྲ་ཉམས་རྗེས་ཟློས་ཀྱི་མིང་གཉིས་ཀྱི་མུ་བཞི།
   ཚེག་བར་གཉིས་ཅན་གྱི་མིང་དང་སྒྲ་ཉམས་རྗེས་ཟློས་ཀྱི་མིང་གཉིས་ལ་མུ་བཞི་བཞག་ཏུ་ཡོད་དེ། ཚེག་བར་གཉིས་ཅན་གྱི་མིང་ཡིན་ལ་སྒྲ་ཉམས་རྗེས་ཟློས་ཀྱི་མིང་མ་ཡིན་པ། ཁ་པར། མདུན་ཅོག སྒྲོམ་གཞི། ཀུར་གུམ། ཙན་དན་ལྟ་བུ་རྗེས་གྲུབ་དང་གཞན་སྐད་སོར་བཞག་གི་མིང་དང་། སྒྲ་ཉམས་རྗེས་ཟློས་ཀྱི་མིང་ཡིན་ལ་ཚེག་བར་གཉིས་ཅན་གྱི་མིང་མ་ཡིན་པ། ཝེ། ཀི ལྷོགས་སེ་ལྷོག ལབ་བེ་ལེབ་བེ། འདར་ར་ར་ལྟ་བུ་དང་།གཉིས་ཀ་ཡིན་པ། ཀུ་ཀོ སྐྱ་ཀ ཕོ་རོག ལམ་མེ། སངས་སེ། འབར་འབུར། འཇོལ་ལེ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གཡོན། གཅིག ཆུང་། བཤད་སྒྲུབ་གླིང་། འཁོར་ལོ་ཅན། ཝ་ར་ནཱ་སི་ལྟ་བུ་འདོད་རྒྱལ་དང་།རྗེས་གྲུབ། གཞན་སྐད་སོར་བཞག་གི་མིང་ཚེག་བར་གཉིས་ཅན་དང་གསུམ་ཡན་རྣམས་སོ། །
   ༦༥.ཁྱད་གཞི་བརྗོད་པའི་མིང་དང་བྱ་བ་བརྗོད་པའི་མིང་གི་མུ་བཞི།
   ཁྱད་གཞི་བརྗོད་པའི་མིང་དང་བྱ་བ་བརྗོད་པའི་མིང་གཉིས་ལ་ཡིན་མིན་གྱི་མུ་བཞི་བཞག་ཏུ་ཡོད་དེ། ཁྱད་གཞི་བརྗོད་པའི་མིང་ཡིན་ལ་བྱ་བ་བརྗོད་པའི་མིང་མ་ཡིན་པ། རི། བྲག སློབ་ཁང་། རིག་གནས་ལྟ་བུ་དང་། བྱ་བ་བརྗོད་པའི་མིང་ཡིན་ལ་ཁྱད་གཞི་བརྗོད་པའི་མིང་མ་ཡིན་པ། བཙུགས་པ། བསྒྲུབ། སྟེར་བ། བོར་བ། བབས། འཕུར་ལྟ་བུ་པ་བའི་ཆ་ཤས་ཡོད་མེད་ཅི་རིགས་ཅན་དང་། གཉིས་ཀ་ཡིན་པ། གཟུགས། སྟོང་།ནོར། བཤད་པ། རིག་པ། འགྲེལ་བ། ལྟ་བ། གྲུབ་པ་ལྟ་བུ་དང་། གཉིས་ཀའི་གང་ཡང་མ་ཡིན་པ། གཅིག ཉི་ཤུ། ཆེས། ལྷག་པར། ཁོ། རང་། ཆེ་བ། སྙན་པ་ལྟ་བུའོ། །
(མུ་འགོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1