༄༅།། གེ་སར་རིག་གནས་ཀྱི་ཉམས་ཉེན་དང་སྲུང་སྐྱོབ་ཀྱི་ཐབས་ལམ་སྐོར་རགས་ཙམ་གླེང་བ།

སྒོམ་པ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10


སྒོམ་པ་ཚེ་རིང་གིས་བྲིས། ཕུན་ཚོགས་བཀྲ་ཤིས་ཀྱིས་པར་བླངས།


   གླེང་གཞི།
        གེ་སར་རིག་གནས་ནི་བོད་མི་རིགས་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་དང་འབད་བརྩོན་གྱི་འབྲས་བུ་ལས་བྱུང་བ་ཤ་སྟག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོས་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོའི་གྲས་སུ་བཞག་ཡོད་པ་རེད། དེས་མི་རིགས་ཀྱི་ལོ་རྒྱུས་དང་བོད་པ་ཡི་སྤྱི་ཚོགས། ཐོན་སྐྱེད་ཀྱི་འབྲེལ་བ། འདུ་ཤེས་ཀྱི་འཛིན་སྟངས། གྲལ་རིམ་གྱི་འབྲེལ་བ། ཆོས་ལུགས་ཀྱི་དད་མོས། དཔལ་འབྱོར་དང་དམག་དོན། རིག་གནས་དང་ཀུན་སྤྱོད། ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་ཀུན་འདུས་ཀྱི་མེ་ལོང་ཞིག་དང་ཨ་ན་མ་ན་ཡིན། དུས་ད་ལྟ་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ན་སྙན་པའི་གྲགས་པ་འབར་གྱིན་ཡོད་པ་དང་། དེ་མ་ཟད་ད་དུང་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་གི་འབྲེལ་ཡོད་ཆེད་མཁས་པས་ཀྱང་འདི་ལ་མཐོང་ཆེན་བླ་ལྷག་བྱས་ཏེ་ཞིབ་འཇུག་གི་སྡེ་བཙུགས། ཆེད་མཁས་པའི་ཚོགས་བསྒྲིགས་ནས་སྙན་གྲགས་འབར་བའི་སྙན་རྩོམ་རིང་མོ་འདི་འཚོལ་སྡུད་དང་ཡིག་བསྒྱུར། དག་སྒྲིག་དང་ཞིབ་འཇུག པར་སྐྲུན་དང་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ན་གཞན་དྲིང་མི་འཇོག་པའི་གེ་སར་སྒྲུང་འདི་ཉིད་ལ་སྔར་བས་ཀྱང་འོད་འཕྲོ་བར་བྱས་ཡོད། མདངས་རྒྱས་པར་བྱས་ཤིང་། གྱ་ནོམ་པར་བྱས་ཡོད།

        དེང་རབས་རིག་གནས་ཀྱི་ཤན་སྟོབས་རབ་ཏུ་ཆེ་བའི་དུས་སྐབས་འདིར་བོད་ཁུལ་གྲོང་ཁྱེར་ཅན་དུ་འགྱུར་འགོ་ཚུགས་ཤིང་། ཚན་རྩལ་དང་བརྡ་འཕྲིན་གྱི་ནུས་པས་གནམ་ས་བླ་འོག་བསྒྱུར་བའི་དུས་འདིར། བོད་ཀྱི་གཙོ་རྒྱུག་རིག་གནས་གཙོར་གྱུར་བའི་རིག་གནས་སྤྱི་དང་སྒོས་སུ་དམངས་ཁྲོད་ཀྱི་གེ་སར་རིག་གནས་སོགས་ལ་བརྡལ་བཤིག་ཏུ་བཏང་སྟེ་ཉམས་དམས་སུ་བཟོས་དང་བཟོ་སྒང་རེད། དུས་ད་ལྟ་བོད་ཙམ་དུ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་སྒང་ནས་ཀྱང་ཞིབ་འཇུག་དང་འཚོལ་སྡུད། ལེགས་སྒྲིག་དང་པར་སྐྲུན། ཡིག་བསྒྱུར་དང་འགྲེམ་སྤེལ་བྱས་ཏེ་གང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་དང་འདོན་སྒང་རེད། སྐབས་འདིར། རང་གིས་ཀྱང་གེ་སར་རིག་གནས་སྲུང་སྐྱོར་གྱི་སྐོར་ལ་བསམ་ཚུལ་ཁ་ཤས་བརྗོད་འདོད་བྱུང་སོང་།

དང་པོ། ཞིབ་འཇུག་ལས་ཁུངས་བཙུགས་ཏེ་གེ་སར་རིག་གནས་ཁྱབ་གདལ་གཏོང་བ།
        གེ་སར་རྒྱལ་པོའི་སྒྲུང་གི་རིག་གནས་ཀྱི་བརྗོད་དོན་ནི་བདེན་དགེ་མཛེས་གསུམ་གྱི་ལྟ་བ་མངོན་པར་འཕགས་ཤིང་། གཉོམ་ཆུང་འདབས་ནས་སྐྱོང་བ་དང་། བཙན་པོ་གཉའ་ནས་གནོན་རྒྱུ་དེ་ཡིན་པར་འདོད། དེ་ནི་བོད་མི་རིགས་བྱིངས་ཀྱི་འདོད་བློ་ཡིན་ལ། ཞི་བདེ་ལ་དགའ་བ་དག་གི་འདོད་བློའང་ལོས་ཡིན་སྙམ། དེ་བས་གེ་སར་རིག་གནས་ནི་བོད་མི་རིགས་ལ་ཞིབ་འཇུག་བྱེད་པའི་མེ་ལོང་ལྟ་བུ་ཡིན་ཞིང་། རིག་གནས་འདིའི་ཁྲོད་ནས་བོད་པའི་འདུ་ཤེས་འཛིན་ཀྱི་སྟངས་དང་། མི་ཚེ་ཡི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ། འཇིག་རྟེན་གྱི་ལྟ་ཚུལ། མཛེས་དཔྱོད་ཀྱི་ངོས་འཛིན་སོགས་ཤེས་ཐུབ།
        གེ་སར་རིག་གནས་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྒྲུང་བ་བློ་རིག་ཅན་ཁྲི་མ་འབུམ་གྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན་ཞིང་། དེང་གི་རིག་གནས་སྣ་མང་གིས་གོ་ལ་ཡོངས་ལ་ཁ་ལོ་བསྒྱུར་བའི་དུས་འདིར། འཛམ་གླིང་སྟེང་གི་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་རྩོམ་རིག་རིང་མོ་སྟེ། གེ་སར་རིག་གནས་འདིའང་འཇིགས་ཉེན་ལ་འཕྲད་ཡོད་དེ། གེ་སར་སྒྲུང་ནི་མ་གཞི་ནས་བོད་ཀྱི་དམངས་ཁྲོད་དུ་བྱུང་དང་འབྱུང་གིན་པའི་འཛམ་གླིང་ན་སྐད་གྲགས་ཡོད་པའི་རིག་གནས་ཤིག་ཡིན་པ་ལས་གྲོང་ཁྱེར་སོགས་ནས་གེ་སར་རིག་གསར་སྔོན་ཆད་བྱུང་མེད་ཅིང་ད་ལྟ་འབྱུང་གིན་མི་འདུག་ལ། མ་འོངས་པ་ནའང་འབྱུང་མི་སྲིད་པ་ཞིག་རེད། ཡིན་ཡང་དུས་ད་ལྟ་བོད་ཀྱི་འབྲོག་དང་ཞིང་ལས་ས་ཁུལ་ཕལ་ཆེར་གྲོང་སྡེའམ་ཡང་ན་གྲོང་ཁྱེར་ཅན་དུ་གྱུར་དང་འགྱུར་གྱིན་པའི་སྐབས་འདིར། གེ་སར་སྒྲུང་གི་སྒྲུང་བ་ཇེ་ཉུང་དང་སྒྲུང་ལ་ཉན་མཁན་ཡང་ཇེ་ཉུང་དུ་འགྱུར་གྱིན་འདུག སྔོན་ཆད། བོད་ཀྱི་བྱིས་པ་དག་ཀྱང་ཨ་མྱེས་ཡང་མྱེས་དག་གི་གནའ་གཏམ་དང་གེ་སར་སྒྲུང་ལ་ཉན་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད། ཡིན་ཡང་དེང་རབས་སློབ་གསོའི་ཤུགས་རྐྱེན་དང་སྣ་མང་རིག་གནས་ཀྱི་སིམ་འཛུལ་དབང་གིས་དམངས་ཁྲོད་ནས་མྱུ་གུ་འབུས་ཤིང་གཉོམ་ལག་རྒྱས་ལ། འབྲས་བུ་གཡུར་དུ་ཟ་བ་སྨིན་པའི་གེ་སར་རིག་གནས་ལ་དང་དོད་དང་དགའ་ཞེན་དེ་འདྲ་མེད་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བྱིན་སོང་།
        ༡༩༨༩ལོ་ནས་བཟུང་སྟེ་སྔ་གཞུག་ཏུ་ཐེངས་བརྒྱད་ལ་རྒྱལ་སྤྱིའི་གླིང་སྒྲུང་རིག་གཞུང་རིག་གཞུང་བགྲོ་གླེང་ཚོགས་ཆེན་བསྡུས་ཤིང་། སྤྱི་ལོ༢༠༠༡ལོའི་ཟླ༡༠པའི་ཚེས༡༧ཉིན་ཧྥ་རན་སིའི་རྒྱལ་ས་པ་ལེ་གྲོང་ཁྱེར་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་པའི་ཐེངས༡༣པའི་ཚོགས་ཆེན་སྟེང་གླིང་སྒྲུང་རིག་གནས་འདི་ཉིད་སྤྱི་ལོ༢༠༠༢ནས༢༠༠༣ལོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་པའི་འགོ་འཛིན་རྣམ་གྲངས་དུ་བཀོད་པ་ཡིན་ལ། དེ་ནི་གླིང་སྒྲུང་སྟོང་ལོའི་རྗེས་དྲན་བྱ་འགུལ་ཡང་ཡིན། ༢༠༠༩ལོའི་ཟླ༡༠པའི་ནང་དུ་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་སྒྲུང་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྩ་ཆེན་གྱི་གྲས་སུ་བཞག་ཅེས་བཀོད་འདུག་ལ། འདིས་ཅི་ཞིག་མཚོན་ཐུབ་ཅེ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་དང་དཔྱོད་ཤེས་ཀྱི་བཅུད་ལས་ཐོན་པའི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོའི་གསར་རྩོམ་རིན་ཐང་ལ་ངོས་འཛིན་དང་ཡང་དག་པའི་ཁས་ལེན་བགྱིས་པ་གསལ་བཤད་བྱས་འདུག་སྙམ།
        དེ་མ་ཟད། རང་རྒྱལ་གྱི་པེ་ཅིན་དང་། སི་ཁྲོན། ཡུན་ནན། ཀན་སུའུ། ལྷ་ས། མཚོ་སྔོན་སོགས་ན་གེ་སར་ཞིབ་འཇུག་གི་ལས་ཁུངས་བཙུགས་ནས་གེ་སར་རིག་གནས་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་དང་གཏོངབཞིན་ཡོད་པ་རེད། ད་དུང་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་ཁག་ནའང་གེ་སར་རིག་གནས་ཀྱི་ཞིབ་འཇུག་གི་སྡེ་དང་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་གླིང་སོགས་བཙུགས་ནས་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་སྒོས་སུ་གེ་སར་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་། གསར་རྩོམ། འཚོལ་བསྡུ། དཔར་སྐྲུན། ཞིབ་འཇུག་སོགས་ལ་ནུས་པ་ཐོན་དང་ཐོན་བཞིན་ཡོད་པ་འདི་རེད། ལས་ཁུངས་དང་སྡེ་ཁག་གིས་ཕྱིས་ཀྱི་གེ་སར་རིག་གནས་རྒྱུད་འཛིན་བྱ་ཐུབ་པར་རྣམ་དཔྱོད་མངའ་བའི་གེ་སར་རིག་གནས་ཀྱི་ཆེད་མཁས་པ་དང་། རྩོམ་པ་པོ། ཞིབ་འཇུག་པ་སོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་འབྱུང་གིན་འདུག་པས། འདི་ནི་ཅིས་ཀྱང་དགའ་འོས་པའི་དོན་བྱ་རྨད་དུ་བྱུང་བ་ཞིག་ཡིན།
        གེ་སར་སྒྲུང་གི་སྒྲུང་བ་རྒན་དར་གཞོན་གསུམ་མང་ཆེ་བ་ནི་གླིང་གེ་སར་རྒྱལ་པོའི་རིག་གནས་འདིའི་དཔྱད་གཞིའི་ཡིག་ཆ“གསོན་པོ”ཡིན་ཏེ། སྒྲུང་བ་ཁོང་ཚོས་བཤད་ནས་རྫོགས་རྒྱུ་མེད་པ་དང་། བྲིས་ནས་ཚར་རྒྱུ་མེད་པ། བླངས་ནས་འཛད་རྒྱུ་མེད་པ། བཀླག་ནས་རྫོགས་རྒྱུ་མེད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། བོད་ཀྱི་གེ་སར་ཞིབ་འཇུག་པ་དང་གེ་སར་རིག་གནས་ཀྱི་ལས་ཁུངས་ཀྱིས་ཆེད་དུ་གེ་སར་རིག་གནས་སྲུང་སྐྱོབ་དང་མི་ཉམས་གོང་འཕེལ་གཏོང་ཆེད། ཆེད་དུ་ཞིབ་འཇུག་མི་སྣ་རྩ་འཛུགས་བྱས་ཏེ་བོད་ཀྱི་ཞིང་འབྲོག་གཞི་རིམ་ས་ཁུལ་དག་ལ་མངགས་ནས་གེ་སར་རིག་གནས་འཚོལ་སྡུད་བྱས་ཏེ་དམངས་ཁྲོད་སྒྲུང་བ་དག་གི་ངག་ན་ཡོད་པའི་བརྗོད་མི་ཚར་བའི་སྒྲུང་དེ་དག་སྒྲར་ཕབ་ཅིང་དཔར་དུ་བསྐྲུན་པ་དེས་གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་སྔར་ན་མེད་པའི་བྱས་རྗེས་རླབས་ཆེན་བཞག་ཡོད། དེ་དང་བསྡུར་ན། འཛམ་གླིང་ན་མིང་དུ་གྲགས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ《ཅི་ཨར་ཅ་མེད་ཧྲི》དང་། 《དབྱི་ལེ་ཡ་ཐི》《ཨོ་ཏི་སའེ》《མ་ཧ་བྷ་ར་ཏ》《རྰ་མ་ཡ་ཎ》བཅས་ལྔ་བོ་ནི“འགུལ་མེད་ཀྱི་རྣམ་པ”དང་། ཡང་ན“ཤི་བའི་རྣམ་པའི”ཚུལ་དུ་གནས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན། དེ་དག་ལ་འཚོལ་སྡུད་དང་དག་སྒྲིག་སོགས་གང་མེད་བྱུང་དང་འབྱུང་གིན་མི་འདུག་པས“འགུལ་མེད་ཀྱི་རྣམ་པ”ཡིན་པ་བདེན་དཔང་བྱས་ཚར་ཡོད། ཡིན་ཡང་བོད་ཀྱི་དམངས་ཁྲོད་དག་ན་གསར་སྐྱེས་ཀྱི་སྒྲུང་བ་ན་གཞོན་ཕོ་མོ་གང་མང་ཞིག་ཐོན་དང་འཐོན་མུས་ཡིན་པས་འདིས་ཀྱང་གེ་སར་སྒྲུང་གི“རྣམ་པ་གསོན་པོ”ལ་སྔར་བས་གསོན་ཤུགས་རྒྱས་སུ་བཅུག་ཡོད།
   གཉིས་པ། སྒྲུང་བ་སྐྱེད་སྲིང་བྱས་ཏེ་མི་ཉམས་དར་སྤེལ་གཏོང་བ།
        བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་སྟེ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ཉིད་ནི་གནའ་རབས་དང་དེང་རབས་ཀྱི་རླབས་ཆེ་བའི་སྒྲུང་བ་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་ལ། བློ་རིག་དང་སྤྱང་གྲུང་ཉིས་འཛོམས་ཀྱི་སྒྲུང་བ་དེ་དག་སྒྲུང་བར་གྱུར་བའི་གོ་རིམ་ཁྲོད་ནས་ཤིན་ཏུ་ངོ་མཚར་ཆེ་བའི་བརྒྱུད་རིམ་མམ་གཏམ་རྒྱུད་ཧ་ལས་པ་བཤད་རྒྱུ་ཡོད་ཅིང་། ཁོང་ཚོས་སྒྲུང་དཔེ་བརྒྱ་ཕྲག་དུ་མ་དཔེ་ཆ་སོགས་ལ་མ་བལྟས་པར་ངག་ཐོག་ནས་བཤད་ན་ཚར་རྒྱུ་མེད་པར་ཆུ་བཞུར་བཞུར་གྱིས་ཐོགས་པ་མེད་པར་བཤད་ཐུབ་མཁན་ཡོད་ལ་བྲིས་ན་རྫོགས་རྒྱུ་མེད་པར་ཉིན་གྱི་ཐོག་ཟླ་དང་ཟླ་ཡི་ཐོག་ལོ་བཞག་ནས་བྲི་མཁན་ཡང་ཡོད། སྒྲུང་བཤད་མཁན་དང་སྒྲུང་འབྲི་མཁན་ཁོང་རྣམ་པའི་ཁྲོད་ན་བབས་སྒྲུང་གི་རིགས་སུ་གྱུར་བའི་སྒྲུང་བ་དང་། གཏེར་སྒྲུང་གི་རིགས་སུ་གྱུར་བའི་སྒྲུང་བ། བསླབ་སྒྲུང་གི་རིགས་སུ་གྱུར་བའི་སྒྲུང་བ། ཐོས་སྒྲུང་གི་རིགས་སུ་གྱུར་བའི་སྒྲུང་བ། བརྒྱུད་སྒྲུང་གི་རིགས་སུ་གྱུར་བའི་སྒྲུང་བ་སོགས་རིགས་མང་པོ་མཆིས། ཡིན་ཡང་སྒྲུང་བའི་རིགས་ནི་སྐབས་འདིའི་བརྗོད་བྱ་དང་ཆེས་ཆེར་འབྲེལ་བ་མེད་པས་རེ་ཞིག་མི་གླེང་བར་གྱིས། གེ་སར་སྒྲུང་གི་སྒྲུང་བ་ཕལ་ཆེར་བ་ནི་བོད་དམངས་ཁྲོད་ཀྱི་འཚོ་བ་ཤིན་ཏུ་སྡུག་པ་དང་། ཁྱིམ་ཚང་གི་འབྱོར་བ་ཤིན་ཏུ་ཞན་པ། དཀོན་མཆོག་གསུམ་ལ་དད་པ་རྩེ་གཅིག་ཏུ་ཡོད་པ། མང་ཆེ་བ་དྭ་ཕྲུག་ཡིན་པ། གནས་ངེས་མེད་དུ་འགྲིམ་མཁན་ཡིན་པ། ངོ་མཚར་བའི་རྨི་ལམ་ཁྱད་པར་བ་སོགས་ལ་བརྟེན་ནས་གེ་སར་རྒྱལ་བོའི་སྒྲུང་ཐོགས་པ་མེད་པར་བཤད་པ་ཅན་ཤ་སྟག་ཡིན། གལ་ཏེ་སྒྲུང་བ་ཁོང་ཅག་གི་མི་ཚེའི་ལོ་རྒྱུས་སོགས་ལ་མཇལ་ཡོད་མཁན་ཞིག་ཡིན་ཚེ་དེ་དག་ལས་ཤེས་འོང་བ་གདོན་མི་ཟ། དཔེར་ན། མིང་དུ་གྲགས་པའི་སྒྲུང་བ་ཚེ་རིང་དབང་འདུས་དང་། གྲགས་པ། གཡུ་སྨན། བསམ་གྲུབ། ཟླ་བ་གྲགས་པ། གུ་རུ་རྒྱལ་མཚན་སོགས་མང་ཆེ་བ་ནི་ཡ་མཚར་བའི་རྨི་ལམ་ཞིག་རྨིས་པའི་ཁྲོད་ནས་རིག་པའི་ཀློང་བརྡོལ་བ་ལྟར་གེ་སར་སྒྲུང་བཤད་པར་ཐོགས་པ་མེད་པར་གྱུར་བ་རེད། དེ་བས་ཀྱང་ཡ་མཚན་པ་ཞིག་ལ། སྒྲུང་བ་དེ་དག་གི་ཁྲོད་ནས་བོད་ཡིག་དང་རྒྱ་ཡིག་སོགས་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་སྒྲུང་བ་ཡོད། དེ་ནི་དེང་གི་ཚན་རིག་གི་གཞུང་ལུགས་ཀྱིས་ཀྱང་འགྲེལ་རྒྱག་དཀའ་བའི་གནས་སུ་གྱུར་ཡོད། རྒན་དཔལ་ལྡན་ཉི་མ་མཆོག་གིས་ཀྱང་། བོད་ཀྱི་སློབ་གསོར་ཞིབ་འཇུག་བྱ་བར་ངེས་པར་དུ་བོད་མི་དམངས་ལ་བརྩི་བཀུར་དང་མཐོང་ཆེན་བྱ་དགོས་ལ། བོད་ཀྱི་བྱིས་པར་མཐོང་ཆེན་བྱ་བ་དང་། བོད་རིགས་ཀྱི་ཐུན་མོང་དུ་རོལ་བའི་རིག་གནས་དང་རིན་ཐང་འཛིན་ཚུལ་ལ་བརྩི་བཀུར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་དམངས་ཀུན་གྱིས་ལེགས་པར་བསྐྲུན་ཅིང་མངོན་པར་རོལ་བ་དང་སོ་སོའི་རིག་གནས་སུ་སྨིན་པའི་དོན་དངོས་ལ་བརྩི་བཀུར་དང་མཐོང་ཆེན་བྱ་དགོས།ཞེས་གསུང་ཡོད་པ་ནང་བཞིན་རེད། བོད་ཀྱི་ཆོས་ལུགས་རིག་གནས་དང་གེ་སར་རིག་གནས་གང་དང་གང་ལ་ཞིབ་འཇུག་བྱ་དགོས་ཚེ། ཐོག་མའི་ཆ་རྐྱེན་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་སེམས་ཁམས་དང་གོམས་སྲོལ་སོགས་ལ་ཁ་མིན་སེམས་ཀྱིས་བརྩི་བཀུར་བྱ་རྒྱུ་ནི་ཆེས་གལ་ཆེ་བ་ཡིན། ཡིན་ཡང་མི་རིགས་གཞན་པའི་ཁྲོད་ན་རང་གི་རིག་གནས་ཀྱི་སེམས་ཁམས་ཁོ་ནས་བོད་མི་རིགས་དང་བོད་མི་རིགས་ཀྱི་རིག་གནས་ལ་ཚད་འཇལ་བ་ནི་ཞིབ་འཇུག་པའི་ལས་ཀ་ཞིག་ཏུ་འགྱུར་མི་སྲིད། གེ་སར་ཞིབ་འཇུག་གི་ལས་དོན་ཁྲོད་ནས་མི་རིགས་གཞན་པའི་རིག་གནས་གང་ཡང་རུང་བ་ཞིག་གི་རིན་ཐང་ཚད་གཞི་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་ཁྱད་པར་དུ་གེ་སར་རིག་གནས་ལ་ཞིབ་འཇུག་བྱ་འདོད་ཀྱི་འཁྲུལ་སྣང་གིས་ཞིབ་འཇུག་ལེགས་པོ་ཞིག་བྱ་མི་ཐུབ་ཅིང་། དེ་ལས་ལྡོག་སྟེ་གོ་འཛོལ་བྱུང་ནས་ལོག་ལམ་འགྲོ་བའི་ཉེན་ཁའང་འདུག མིང་དུ་གྲགས་པའི་ཨ་རིའི་བོད་རིག་པའི་མཁས་དབང་ཧྥན་ཏི་ཁང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚང་སོགས་ལ་ཞིབ་འཇུག་བྱེད་ན་ངེས་པར་དུ་མ་ཡིག་ངོ་མ་ལ་བལྟ་རྒྱུ་ནི་ཤིན་ཏུ་གཙོ་ཞིང་། གལ་ཏེ་མ་ཡིག་ངོ་མར་བལྟ་མ་ཐུབ་པ་ཡིན་ཚེ་རྨི་ལམ་རྨིས་པ་དང་མཚུངས་ཞེས་གསུང་འདུག དེ་བས་གེ་སར་རིག་གནས་ལ་ཞིབ་འཇུག་བྱེད་དགོས་ནའང་དེ་ལས་མ་འདས།
        གེ་སར་རྒྱལ་པོའི་སྒྲུང་བ་འདི་དག་ལ་བྱས་རྗེས་ཤིན་ཏུ་ཆེ་སྟེ། སྒྲུང་བ་ཁོང་ཚོས་བཤད་པ་དང་ཐམས་ཅད་སྒྲར་བླངས་ཤིང་། བྲིས་པ་ཐམས་ཅད་ཡིག་ཐོག་ཏུ་བཀོད་དེ་དཔེ་ཆ་དཔར་དུ་བསྐྲུན་ནས་དེ་རིང་ཁ་སང་ཀུན་གྱིས་གཟིགས་རྟེན་དུ་ཕུལ་བ་དེའོ།། ད་དུང་གསར་སྐྱེས་ཀྱི་སྒྲུང་བ་དག་འཚོལ་སྡུད་དང་སྐྱེད་སྲིང་བྱས་ཏེ། བོད་ཀྱི་གེ་སར་རྒྱལ་བོའི་སྒྲུང་བ་ཁག་གཅིག་ལ་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་དང་ངོས་ལེན་ཐོབ་སྟེ་རྒྱལ་ཁབ་ཀྱིས་བཙུགས་པའི་གེ་སར་གྱི་ལས་ཁུངས་སོགས་ལ་གདན་དྲངས་བ་རེད། དཔེར་ན། ༡༩༨༧ལོའི་ཟླ༩པར་མཚོ་སྔོན་པོའི་འགྲམ་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་གི་སྒྲུང་བཤད་ཚོགས་ཆེན་ཐེངས་དང་པོའི་སྟེང་ཁུལ་བཞི་དང་རྫོང་བརྒྱད་ཀྱི་སྒྲུང་བ་བཅོ་བརྒྱད་ཀྱིས་ཡངས་པའི་རྩྭ་ཐང་གི་གར་སྟེགས་ཆེན་པོའི་སྟེང་རང་རང་གི་ཁྱད་ཆོས་ལྡན་པའི་བློ་རིག་པའི་རྩལ་གྱི་འགྲན་སྡུར་ངོ་མཚར་བ་བྱས། དེའི་ནང་ནས་སྒྲུང་བ་སྐད་གྲགས་ཅན་ཚེ་རིང་དབང་འདུས་ལྷང་ལ་བུད་དེ་བྱ་དགའ་ཨང་དང་པོ་བླངས་ཤིང་། ལོ་དེར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དུ་གདན་འདྲེན་ཞུས་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གྲས་སུ་བཞག་པ་དང་སྒྲུང་ཁག་སྣ་ཚོགས་སྒྲར་ཕབ་པའི་གོ་སྐབས་བྱུང་། ༡༩༩༡ལོར་མགོ་ལོག་གི་ན་གཞོན་སྒྲུང་བ་གུ་རུ་རྒྱལ་མཚན་ཡང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་བསྡུ་ལེན་བྱས། ༡༩༩༦ལོར་ཡུལ་ཤུལ་ཁུལ་དུ་གསར་དུ་རྒྱུས་ལོན་བྱུང་བའི་ན་གཞོན་སྒྲུང་བ་ཟླ་བ་གྲགས་པ་ཡང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་བསྡུ་ལེན་བྱས་སོ།། མིང་དུ་གྲགས་པའི་གེ་སར་སྒྲུང་གི་སྒྲུང་བ་གྲགས་ཅན་འདི་དག་རྒྱལ་ཁབ་ཀྱིས་བཙུགས་པའི་ལས་ཁུངས་དག་ལ་གདན་དྲངས་ཤིང་གེ་སར་སྒྲུང་གི་གསར་རྩོམ་དང་སྒྲ་ཕབ། དག་བསྒྲིགས། འཚོལ་བསྡུ། ཞིབ་འཇུག་སོགས་བྱས་པས་གེ་སར་རྒྱལ་བོའི་སྒྲུང་འདི་ཉིད་ལ་བོད་ཕྱི་ནང་ཀུན་ནས་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད་ལ། དེ་དང་ཞོར་དུ་བོད་ཀྱི་དམངས་ཁྲོད་སོགས་ནས་ཕུལ་དུ་བྱུང་བའི་གེ་སར་སྒྲུང་བ་རྒྱུན་མ་ཆད་པར་བྱོན་པ་རེད། ལས་དེ་དག་བགྱིས་པའི་འབྲས་བུར་གེ་སར་སྒྲུང་གི་སྲུང་སྐྱོབ་དང་ཁྱབ་སྤེལ། གསར་རྩོམ། འཚོལ་བསྡུ་སོགས་བྱེད་ནས་ནུས་པ་བླ་ན་མེད་པ་དང་བྱས་རྗེས་བློ་ངོར་མི་ཤོང་བ་བཞག་ཡོད།
གསུམ་པ། ཟློས་གར་ཚོཊ་པ་བཙུཊ་ཏེ་དམངས་ཀྱི་ཡིད་སེམས་འགུག་པ།
        བོད་མི་རིགས་ནི་གླུ་གར་རིག་གནས་ལ་ཤིན་ཏུ་མཁས་ཤིང་བྱང་པའི་མི་རིགས་ཤིག་རེད། དེ་བས་བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་པའི་བཤད་སྲོལ་ཞིག་ཀྱང་གནའ་སྔ་མོ་ནས་དར་ཡོད། ད་དུང་བོད་ཀྱི་དམངས་ཁྲོད་དག་ན་སྲོང་བཙན་སྒམ་པོ་དང་དྲི་མེད་ཀུན་ལྡན། རྒྱ་བཟའ་བལ་བཟའ། དོན་ཡོད་དོན་གྲུབ། སྣང་ས་འོད་འབུམ་གྱི་རྣམ་ཐར་སོགས་ཀྱང་ཟློས་གར་དང་རྣམ་ཐར་གྱི་རྣམ་པའི་སྒོ་ནས་འཁྲབ་པ་ནི་སྔོན་ཆད་ནས་ཡོད་ལ། ད་ལྟ་ད་དུང་ཡང་ཤུགས་ཆེན་པོ་དར་དང་དར་མུས་སུ་ཡོད་པ་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར་ཡོད། གེ་སར་རྒྱལ་པོའང་དེ་ལས་མ་འདས་ཏེ། ཟློས་གར་གྱི་རྣམ་པས་གེ་སར་རྒྱལ་པོའི་སྒྲུང་འདི་འཁྲབ་ན་དམངས་ཁྲོད་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག དེའི་ཕྱིར། གེ་སར་རིག་གནས་འདི་མུ་ནས་མུ་དང་རབས་ནས་རབས་ལ་ཡག་པོ་ཞིག་དར་དགོས་ཚེ། ཟློས་གར་བརྒྱུད་པའི་འཁྲབ་སྟོན་འདིའང་ཤིན་ཏུ་གལ་ཆེན་པོར་ཆགས་ཡོད་པ་རེད། བོད་མི་རིགས་ནི་ཟློས་གར་དང་གླུ་བྲོ་སོགས་ལ་དགའ་ཞིང་དེ་ལ་མཁས་པའི་མི་རིགས་ཤིག་ཡིན་པས་རེད། བོད་དམངས་ཁྲོད་ནས་ཀྱང་ཟློས་གར་གྱི་ལམ་ནས་འཁྲབ་པའི་གེ་སར་རྒྱལ་པོ་སོགས་ལ་དགའ་བསུ་རྒྱ་ཆེན་པོ་བྱས་དང་བྱེད་མུས་རེད། མདོ་སྟོད་དཀར་མཛེས་ཁུལ་བྱང་ཕྱོགས་ཀྱི་གསེར་རྟ་རྫོང་གི་སྔར་གྱི་རྫོང་དཔོན་གཞོན་པ་སྤྲུལ་སྐུ་ཐར་ལོ་ཚང་གིས༡༩༨༠ལོར། རྩ་འཛུགས་བྱས་ཏེ་གསེར་རྟའི་ཟློས་གར་ཚོགས་པ་བཙུགས་ཤིང་། དེ་ནས་བོད་ཁུལ་ཡོངས་ལ་ཁ་གཏད་དེ་དཔའ་བོའི་ལོ་རྒྱུས་བརྗོད་པའི་རྩོམ་རིག་རིང་མོ་སྟེ། གེ་སར་སྒྲུང་འདི་ཉིད་ཀྱི་གཏམ་རྒྱུད་དག་ཟློས་གར་དུ་བསྐྲུན་ཏེ་གར་སྟེགས་སུ་བསྒྱུར་བ་དེས་གེ་སར་རིག་གནས་སྲུང་སྐྱོབ་ལ་སྔར་ན་མེད་པའི་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་རེད། དུས་ད་ལྟ། གསེར་རྟ་རྫོང་གི་ཐར་ལོ་སྤྲུལ་སྐུ་ཡི་དྲིན་ལ། ཁམས་ཀྱི་བྲག་མགོ་དང་ཉག་རོང་། སྡེ་དགེ་དང་དཔལ་ཡུལ། དཀར་མཛེས་དང་འབའ་ཐང་། རྟའུ་དང་རྫོགས་ཆེན་སོགས་ན་གེ་སར་སྒྲུང་གི་ཟློས་གར་འདི་ཤིན་ཏུ་དར་འདུག མཚོ་སྔོན་ཕྱོགས་ནས་མགོ་ལོག་གི་ས་ཁུལ་མང་པོར་དར་ཡོད་པ་དེ་རེད། གཞན། བོད་ཀྱི་དགོན་སྡེ་མང་པོ་ན་གེ་སར་གྱི་དཔེ་རྙིང་དཀོན་པོ་མཐོང་རྒྱུ་འདུག་ལ། དེའི་མི་ཚད། བོད་ཀྱི་ལོ་རྒྱུས་སྟེང་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་གསུང་གི་མཛད་པ་གནང་ནས་ཡིག་ཆ་འཇོག་མཁན་ཆེས་མང་པོ་ནི་ས་དགེ་བཀའ་རྙིང་བོན་པོ་དང་བཅས་པའི་གྲྭ་བ་དག་ཡིན་ཞེས་འཁོད་འདུག་པར་གཞིགས་ན་དགོན་སྡེར་བྱས་རྗེས་ཆེན་པོ་ཡོད་ཅིང་། ཡང་ས་ཁུལ་མང་པོ་ན་དགོན་སྡེ་དག་ནས་གེ་སར་གྱི་ཟློས་གར་འཁྲབ་པའི་སྲོལ་ཡང་དར་དང་དར་སྒང་རེད། དེ་བས། བར་སྐབས་ཤིག་ལ་དར་བའི་བཤད་ཡམས་ཏེ“མི་ཚེ་གཏོང་ཟད་གཏོང་འདོད་ན། གེ་སར་ཤོབ་ཀྱི་སྒྲུང་ལ་ལྟོས”ཟེར་བའི་གཏམ་དཔེ་དེར་བརྡར་ཤ་གཅོད་ཐུབ་པར་འདོད།
        མདོར་ན། ཟློས་གར་གྱི་ལམ་ནས་གེ་སར་འཁྲབ་སྟོན་བྱས་པ་དེས་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་རྩོམ་རིག་རིང་མོ་སྟེ། གླིང་གེ་སར་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་དགོས་པར་སྐུལ་འདེད་ཆེན་པོ་བཏང་འདུག་ཅེས་པ་དེའོ།།
   མཇུག་བསྡུ་བ།
        གེ་སར་རྒྱལ་པོའི་སྒྲུང་འདི་ནི་བོད་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བ་ཤ་སྟག་ཡིན་པས། རིག་གནས་འདི་ཉིད་འཕེལ་རྒྱས་སུ་གཏོང་བར་བོད་མི་རེ་རེ་ལ་རག་ལས་ཡོད་པར་ཁོ་བོས་འདོད། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནའང་རང་རེའི་རིག་གནས་འདི་ཉིད་སྲུང་སྐྱོབ་ཀྱི་ཕྱོགས་ལ་ལས་ཁུངས་བཙུགས། ཆེད་མཁས་པ་དྲངས། ཞིབ་འཇུག་སོགས་བྱེད་ཀྱིན་པའི་སྒང་རེད། དུས་སྐབས་བཟང་པོ་འདི་ལ་ང་ཚོས་ཀྱང་གོ་སྐབས་དམ་དུ་བཟུང་ནས་རང་རང་ས་ནས་རང་གི་ནུས་པ་རེ་འདོན་འོང་རྒྱུའི་རེ་བ་ཤིན་ཏུ་ཆེ།

        གེ་སར་རིག་གནས་འདི་ཉིད་ལ་རང་རེ་བོད་ཙམ་དུ་མ་ཟད། འཛམ་གླིང་གི་སྒང་ནའང་རིགས་སོ་སོའི་ཆེད་མཁས་མི་སྣས་ཆེད་དུ་བསྡུ་སྒྲིག་དང་འཚོལ་སྡུད། ཉར་ཚགས་དང་དཔྱད་ཞིབ། དག་བསྒྲིགས་དང་པར་སྐྲུན་སོགས་བྱས་ཏེ་རྒྱ་ཆེར་སྤེལ་གྱིན་འདུག མི་སུ་ཞིག་ཡིན་རུང་ནུས་པ་མི་འདྲ་བ་མ་གཏོགས་ནུས་པ་མེད་པ་ནི་ཡེ་ནས་མིན་པས། ང་ཚོས་ཀྱང་རང་གི་ནུས་པ་སྔོག་འདོན་གང་ལེགས་བགྱིས་ཏེ་གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་དཀའ་ལས་ཤིག་རྒྱག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་སེམས་སོ།།

                             《མི་རིགས》ལས་དེབ་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1