བོད་པའི་རྒྱན་ཆ་གཟི།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-17


གཟི་ཞེས་པ་ཡང་སྙིང་དངོས་པོ་གང་ཡིན་པ་དང་། གནས་ཐང་ཇི་ལྟར་ཡོད་མེད། ཅི་འདྲ་བྱས་ནས་བརྟག་དགོས་པ། ལྷ་སའི་ཁྲོམ་ལ་རིག་རྒྱུ་མང་བའི་གཟི་རྣམས་དངོས་པོ་གང་ལས་གྲུབ་པ། ཐོན་ཁུངས་གང་ནས་ཡིན་པ་སོགས་གསལ་པོ་མཁྱེན་མཁན་མང་པོ་མེད། ཡུལ་སྐོར་ལ་ཕེབས་མཁན་རྣམས་ཀྱིས་གནས་ཐང་སྒོར་བཅུ་གྲངས་དང་བརྒྱ་གྲངས་ལས་མེད་པའི་གཟི་རྫུན་མའི་རིགས་ལ་སྒོར་སྟོང་ཕྲག་དང་ཁྲི་གྲངས་སྤྲད་ནས་ཉོ་བའི་གནས་ཚུལ་མང་། བོད་རིགས་མང་ཚོགས་དང་བོད་ལ་ལས་ཀ་བྱེད་མཁན་རྒྱ་མི་རྣམས་ཀྱིས་ཀྱང་དེའི་སྐོར་ཤེས་པ་ཉུང་། དེས་ནས་སུག་བྲིས་པས་བོད་ཀྱི་གཟི་སྒྲུབ་མཁན་རྣམས་ལ་བཅར་འདྲི་ཐེངས་མང་ཞུས་པའི་སྟེང་། རྒྱལ་ཕྱི་རྒྱལ་ནང་གི་དེ་འབྲེལ་ལྗགས་རྩོམ་མང་པོ་བལྟས་ནས། གོང་གསལ་གྱི་རྨོངས་གནད་རྣམས་སེལ་བར་ཕན་པ་མེད་ཀྱང་གནོད་པར་མི་འགྱུར་སྙམ་ནས་རྩོམ་འདི་བྲིས་པས། གཟུར་གནས་མཁས་པ་ནས་བླ་མེད་དགོངས་འཆར་ཆུ་བོའི་རྒྱུན་བཞིན་ལྷུག་སྩོལ་ཡོད་པ་ཞུ། 
གཟིའི་འབྱུང་ཁུངས་དང་དེ་རྒྱུ་དངོས་གང་ལས་གྲུབ། 
བོད་ཀྱི་མེས་པོ་རྣམས་ཀྱི་དགོངས་པ་ལྟར་ན། གཟི་ཞེས་པ་ནི་རང་བྱུང་ལས་གྲུབ་པའི་རིན་ཆེན་ནོར་བུ་ཁྱད་པར་ཅན་ཞིག་ཡིན་པའི་ངོས་འཛིན་པས། གལ་ཏེ་དེ་རང་བྱུང་གི་ནོར་རྡོར་མིས་ལས་སྣོན་བྱས་པ་ལས་བྱུང་བའི་དངོས་རིགས་ཤིག་རེད་ཅེས་གླེང་ན་ཚང་མས་ངོ་རྒོལ་བྱེད་སྲིད། གཟི་བྱུང་སྟངས་སྐོར་ལ་བཤད་ཚུལ་མི་འདྲ་བ་མང་རུང་། དེ་རྣམས་རིགས་སུ་ཕྱེ་ན་ཁག་བཅུ་སྟེ། རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་འགྱུར་རྡོ་ལས་བྱུང་ཟེར་བ་དང་གཅིགགནམ་ནས་ས་ལ་ལྷུང་བའི་སྐར་རྡོར་བཟོས་ཟེར་བ་དང་གཉིས། སྦྲུལ་དང་འདྲ་བའི་སྲོག་ཆགས་ཤིག་ལས་བྱུང་ཟེར་བ་དང་གསུམ། ཞིང་དང་ཕྱུག་རིགས་ཀྱི་ལྕི་བའི་ནང་ནས་རྙེད་ཟེར་བ་དང་བཞི། འཕུར་རྒྱུགས་བགྲོད་གསུམ་ཐུབ་པའི་འབུ་ཞིག་གི་འགྱུར་རྡོ་ལས་བྱུང་ཟེར་བ་དང་ལྔ། ལྷ་མ་ཡིན་ཨ་ཤྭ་རས་བརྒྱ་བྱིན་བཏུལ་བྱེད་དུ་བསྐྲུན་པའི་གོ་མཚོན་ཡིན་ཟེར་བ་དང་དྲུག ལྷ་ཡི་རྒྱན་ཆ་ཡིན་ཟེར་བ་དང་བདུན། གཟི་ཁུང་ནས་རྙེད་པའི་ནོར་བུ་ཡིན་ཟེར་བ་དང་བརྒྱད། མངའ་རིས་གཟི་ཆུ་ནས་ཐོན་ཟེར་བ་དང་དགུ སྟག་གཟིག་རྒྱལ་པོའི་བང་མཛོད་དུ་བཞུགས་པའི་ནོར་བུའི་རིགས་གཅིག་ཡིན་ཟེར་བ་དང་བཅུ་བཅས་སོ། 
གཟི་ཟེར་བ་ཡང་སྙིང་རྒྱུ་དངོས་གང་ཞིག་ཡིན་ནམ། རྒྱལ་ཕྱི་རྒྱལ་ནང་གི་མཁས་པ་རྣམས་ཀྱིས་དེར་ཚན་རིག་གིས་བརྟག་དཔྱད་བྱས་པ་ལྟར་ན། གཟི་ཟེར་བ་ནི་མ་ན་ཧོ་ཞེས་པའི་ནོར་རྡོ་ཁྱད་པར་ཅན་དེར་རང་ལ་དགོས་པའི་རི་མོ་ཇུས་འགོད་བྱས་པའི་རྨང་གཞིའི་སྟེང་། བུལ་ཏོག་དྲག་པོ་དང་ཟེ་ཚྭ་སྐྱུར་གྱི་ནང་ཡུན་རིང་སྦངས་ནས་ཇུས་བཀོད་ལྟར་བསླད་བརྐོས་བྱས་པ་ལས་བྱུང་བའི་བཟོ་རྩལ་ཐོན་རྫས་ཞིག་ཡིན་སྐད། འཇར་མན་གྱི་འབུམ་རམས་པ་ཏ་ཝེ་ཨའེ་པིན་ཧའོ་སེ་དང་མ་ཁེར་ཝུན་སི་ཐེང་གིས་དུས་ཡུན་ལོ་ངོ་བཅུ་ཕྲག་དུ་མའི་རིང་གཟི་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། དུས་རབས20པའི་ལོ་རབས80པར༼བོད་ཀྱི་གཟི༽ཞེས་པའི་དེབ་གཅིག་བྲིས་པ་རེད། དེབ་དེའི་ནང་གཟི་ཞིབ་འཇུག་བྱེད་མཁན་འབུམ་རམས་པ་གཉིས་ཀྱིས་གཟིའི་སྐོར་གླེང་སྐབས། གཟིའི་རི་མོ་དག་བསླད་བརྐོས་ཀྱི་ཐབས་ལ་བརྟེན་ནས་གྲུབ་པའོ། ཞེས་བྲིས་ཡོད། བསླད་བརྐོས་ཟེར་བ་ནི་སྔོན་ལ་ནོར་རྡོ་རྣམས་རང་ལ་དགོས་པའི་ཆེ་ཆུང་དང་གཟུགས་ལྟར་བཟོས་ནས་འཇམ་བཏོན་པའི་རྗེས། སྔོན་ལ་དེའི་སྟེང་གཟི་མིག་གི་གཟུགས་རིས་རྣམས་ཇུས་འགོད་བྱས། ཁྲ་འདོན་བྱེད་ཀྱི་ཡུལ་རྣམས་སྟོང་པར་བཞག དེ་བྱིངས་རྣམས་དངོས་ནོ་གཞན་གྱིས་བཏུམས། དེ་ནས་སྟོང་ཆ་རྣམས་ལ་བུལ་ཏོག་གི་ཆུ་བྱུགས་ཏེ་དུས་ཚོད་འབའ་ཞིག་བཞག་ནས་རིམ་པས་བུལ་གྱིས་བསླད་དུ་བཅུག་པའི་རྗེས་མེར་བསྲེག་ན། བུལ་གྱིས་བསླད་པའི་ཤུལ་རྣམས་དཀར་པོའི་མདོག་ཏུ་གྱུར་ནས། ཤིན་ཏུ་བརྟན་པའི་གཟི་མིག་རྣམས་བྱུང་བར་བཤད་པ་ན། དེར་བསླད་བརྐོས་ཟེར། གཟི་ཡི་ནང་བུལ་ཏོག་སིམ་ཚུལ་མི་འདྲ་བའི་དབང་གིས་དཀར་པོའི་མདོག་ཀྱང་མི་འདྲ། མདོར་ན་བསླད་བརྐོས་ཀྱི་ཐབས་ལས་གྲུབ་པའི་གཟི་རིས་དཀར་པོ་རྣམས་གཟི་ཡི་ཁ་ངོས་ཙམ་མ་ཟད་གཏིང་ལ་ཡང་ཡོད། འགའ་རེའི་གཟི་རིས་དཀར་པོ་རྣམས་གཟི་ངོས་ལས་ཕྲན་བུས་མཐོ་བ་ཡོད་། བཅག་ནས་བལྟས་ན། དཀར་པོའི་གྲུབ་ཆ་རྣམས་ཀྱི་གཏིང་ཚད་རིང་ཐུང་འདྲ་མཉམ་ཡིན་པ་མ་ཟད། ངོས་རྣམས་ཐིག་རིས་གཅིག་གི་སྟེང་ལ་འདྲ་མཚུངས་སུ་གནས་ཡོད་པ་ལས། རང་བྱོན་གྱི་རྡོ་རིས་ལྟར་རིང་ཐུང་མི་སྙོམས་པའི་རིགས་མེད། སྔོན་ལ་གོང་གསལ་ལྟར་གཟི་ངོས་ཡོངས་དཀར་པོ་བཟོས་པའི་རྗེས། དེའི་སྟེང་ཟེ་ཚྭ་ལ་སོགས་པའི་རྫས་འགྱུར་གྱི་རིགས་བྱུགས་ནས་ཡང་བསྐྱར་ནག་ཐིག་བཟོ་བའི་ཐབས་གཞན་པ་ཞིག་ཀྱང་ཡོད། གོང་གསལ་གྱི་གོ་རིམ་རྣམས་བརྒྱུད་ནས་ཡང་བསྐྱར་མེར་བསྲེག་ན། གཞི་དཀར་པོར་རི་མོ་ནག་པོ་ལྡན་པའི་གཟི་དཀར་རྣམས་ཡོང་སྐད་འདུག།བོད་ཀྱི་གཟི་སྒྲུབ་མཁན་ཁག་ཅིག་གིས་གཟི་མི་འདྲ་བ་མང་པོ་ཞིག་ཧྲང་ཧའེ་སྭེལ་སྐྱུར་ཞིབ་འཐུག་ཁང་ལ་བསྐྱལ་ནས་རྫས་འགྱུར་གྱི་བརྟག་ཞིབ་བྱས་པའི་རྗེས། བསླད་བརྐོས་བྱས་པའི་གཟི་ངོས་ཁྲ་རིས་ནང་ཟེ་ཚྭ་སྐྱུར་དང་སྭེལ་སྐྱུར་ཚྭ་ཡི་གྲུབ་ཆ་ཡོད་པ་གསལ་པོ་ཤེས། དེ་ལས་གཟི་ཞེས་པ་ནི་རང་བྱུང་གི་ནོར་རྡོར་མིས་རི་མོ་བརྐོས་པ་ལས་གྲུབ་པའི་དངོས་པོ་ཞིག་ཡིན་པ་ཡང་བསྐྱར་དངོས་ར་གསལ་འཕྲོད་བྱུང་བ་རེད། བསླད་བརྐོས་ལག་རྩལ་ལས་གྲུབ་པའི་གཟི་ཡི་ཁྲ་རིས་དཀར་ནག་རྣམས་རིགས་སུ་ཕྱེ་ན་ཁག་གསུམ་སྟེ། རང་བྱུང་གི་ནོར་རྡོར་ཁྲ་རིས་དཀར་པོ་སྒྲོན་པ་དང་གཅིག་སྔོན་ལ་དཀར་པོ་བཟོས་པའི་རྗེས་ཡང་བསྐྱར་ཁྲ་རིས་ནག་པོ་སྒྲོན་པ་དང་གཉིས། རང་བྱུང་གི་ནོར་རྡོར་ཁྲ་རིས་ནག་པོ་སྒྲོན་པ་དང་གསུམ་བཅས་སོ། 
གཟི་བསླད་བརྐོས་བྱེད་པའི་གནའ་བོའི་ལོ་རྒྱུས་དང་དེང་རབས་ཀྱི་འདྲ་བཟོའི་ལག་རྩལ། 
གཟི་བསླད་བརྐོས་བྱེད་པའི་ལག་རྩལ་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ཡོད། དེ་ཡང་གཙོ་བོ་སྔ་དུས་བར་དུས་ཕྱི་དུས་བཅས་དུས་རིམ་ཁག་གསུམ་ལ་ཕྱེ་ཆོག་སྟེ། སྔ་དུས་ནི་སྤྱི་ལོའི་གོང་གི་ལོ་2000གོང་དང་། བར་དུས་ནི་སྤྱི་ལོའི་གོང་གི་ལོ་300ནས་སྤྱི་ལོ་200བར། ཕྱི་དུས་ནི་སྤྱི་ལོ་600ལོ་ནས་1000བར་བཅས་ཡིན། བསླད་བརྐོས་བྱས་པའི་གཟི་ཐོག་མའི་རིགས་ནི་ཟོ་པོ་ཏ་རྨི་ཡ་༼བོད་སྐད་ལ་ཆུ་བོ་གཉིས་རྒྱུགས་ཁུལ་བྱ་སྟེ། དེང་སྐབས་དབྱི་རག་རྒྱལ་ཁབ་གནས་སའི་ཡུལ་ལ་ཟེར༽དང་རྒྱ་གར་གྱི་གནའ་བོའི་རིག་ཤུལ་རྙིང་པ་ནས་རྙེད་ཅིང་། བར་དུས་ཀྱི་གཟི་རྣམས་རྒྱ་གར་ལྷོ་ཕྱོགས་ཀྱི་རིག་ཤུལ་ནས་རྙེད་པ་རེད། དེས་ན་ང་ཚོའི་ངོས་འཛིན་ལྟར་ན། རྒྱ་གར་གྱི་པེ་ཏ་ལ་ཨར་དང་ཆན་ཧུ་ཏ་ལ་ནི་སྔ་དུས་གཟི་བསླད་བརྐོས་བྱེད་སའི་ལྟེ་གནས་རེད། ཕྱི་དུས་ཀྱི་གཟི་རྣམས་བསླད་བརྐོས་བྱེད་ས་གཙོ་བོ་དབྱིས་ལའངམ་སྟག་གཟིག་གི་ཡུལ་ཡིན་པ་དངོས་ར་གསལ་འཕྲོད་བྱུང་། དེ་ཡང་སྤྱི་ལོ224ནས་624ལོ་བར་གྱི་ཧྲ་ཧྲན་རྒྱལ་རབས་ཀྱི་དུས་ལ་བྱུང་བ་རེད། དུས་རབས་20པའི་དུས་འགོར་ཡུལ་དེ་ད་དུང་བསླད་བརྐོས་ཀྱི་ཐབས་ལ་བརྟེན་ནས་དཔེ་ཆ་དཔར་མཁན་ཡོད་སྐད། དུས་རབ་ས19པའི་དུས་མཇུག་ཏུ་རྒྱ་གར་དང་སྟག་གཟིག་གི་ཡུལ་ལ་གཟི་བསླད་བརྐོས་བྱེད་འ་ལག་རྩལ་རི་པས་ཉམས་པ་རེད། གནའ་སྔ་མོ་ཐང་རྒྱལ་རབས་ཀྱི་དུས་ནས། ཕྱི་གླིང་བ་རྣམས་ཀྱིས་གཟིར་རྒྱུས་མངའ་ཡོད། ཡོ་རོབ་པ་ལའོ་ཧྥུ་ཞེས་པས་1913ལོར་བརྩམས་པའི་༼ཤར་ཕྱོགས་ཀྱི་གཡུ་དཔྱད་པ༽ཞེས་པའི་ནང་། ༼ཐང་ཡིག༽ཞེས་པའི་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ནས瑟瑟ཞེས་པའི་སྐོར་ལུང་དུ་དྲངས་པའི་སྐད་ཆ་རྣམས་ལ་ལེགས་པར་དཔྱད་ན། བོད་པའི་དཔོན་རིགས་རྣམས་ཀྱི་ལུས་ལ་བརྒྱན་པའི་瑟瑟ཞེས་པ་ནི་གསེར་དངུལ་ལས་ཀྱང་རིན་གོང་ཆེ་བའི་དངོས་རིགས་ཤིག་ཡིན་པ་རང་ཤུགས་སུ་རྟོགས་ཐུབ། དེབ་གཞན་༼ཐང་ཡིག་གསར་པ༽ཞེས་པ་ནས་ལུང་དྲངས་པའི་瑟瑟ཞེས་པའང་བོད་རིགས་བུད་མེད་ཀྱི་སྐྲ་རྒྱན་བྱེད་ཡོད་པ་མཚོན། གཟི་ཡག་ཤོས་ཤིག་གི་རིན་གོང་ཅང་ཤེས་རྟ་ཕོ་གཅིག་དང་མཚུངས་སྐད། ཁོང་གིས་ཚོད་དཔག་བྱས་པར་གཞིགས་ན། རྒྱ་སྐད་ཀྱི་瑟瑟ཞེས་པའི་ཐ་སྙད་དེ་དང་བོད་སྐད་ཀྱི་གཟི་ཞེས་པ་དང་སྟག་གཟིག་གི་sjizuཞེས་པ། ཨ་རབ་སྐད་ཀྱི་Djizuཞེས་པ། ལེགས་སྦྱར་སྐད་ཀྱི་Ceshaཞེས་པ་བཅས་ཀྱི་བར་ཕན་ཚུན་འབྲེལ་བ་ཡོད་པ་མ་ཟད། དེ་རྣམས་ཚང་མ་གཟི་ལ་ཟེར། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་བོད་ལ་གཟི་བྱུང་བ་མ་ཟད། བོད་རིགས་མང་ཆེ་བས་དེ་ནི་རིན་ཐང་བྲལ་བའི་ནོར་བུ་ཁྱད་འཕགས་ཅན་ཞིག་ཡིན་པའི་ངོས་འཛིན་ཡོད། ལ་ལས་སྤྱི་ལོ་དུས་རབས་19པ་ནས་20པའི་དུས་སུ་བོད་ལ་གཟི་ཡི་ཐོག་མ་བྱུང་བར་བཤད་རུང་། དེར་དངོས་པོའི་དཔང་རྟགས་གང་ཡང་མེད། དེའི་དུས་སུ་ཨེ་ཤ་ཡ་ནུབ་ལྷོ་གཉིས་ཀར་གཟི་བསླད་བརྐོས་བྱེད་པའི་ལག་རྩལ་ཉམས་ཚར་བ་རེད། བོད་རིགས་ས་ཁུལ་དུ་གཟིར་མཐོང་ཆེན་དེ་ལྟར་བྱེད་པའི་གོམས་གཤིས་དེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་བྱུང་བ་ཡིན་མི་སྲིད། རབ་འབྱམས་པ་ནེ་པེ་སི་ཅི་ཝོ་ཁོ་ཝེ་ཚེས་བརྩམས་པའི་༼གནའ་དུས་ཀྱི་བོད་པའི་གཟི༽ཞེས་པའི་ནང་། བོད་ཀྱི་བྱང་ཤར་ས་ཁུལ་གྱི་བང་སོའི་ཤུལ་ནས་མདའ་དང་གཟིའི་རིགས་མང་པོ་རྙེད་པའི་སྐོར་བཀོད་ཡོད། རབ་འབྱམས་པ་ནེ་པེ་སི་ཅི་ཝོ་ཁོ་ཚེའི་གསུང་སྟངས་ལྟར་ན། བོད་དང་། འབྲུག་ཡུལ། ལ་དྭགས་སོགས་ནས་གཟི་རྙེད་རུང་། ས་ཁུལ་དེ་རིགས་ཀྱི་ཉེ་འདབས་འབྲས་ལྗོངས་དང་བལ་ཡུལ་ནས་ད་ཕན་གཟི་རྙེད་པའི་ལོ་རྒྱུས་མེད་ཟེར། འབྲུག་ཡུལ་གཟི་ཐོན་ས་གལ་ཆེན་ཞིག་ཡིན་གསུངས་རུང་། ནེ་པེ་སི་ཅིས་1952ལོར་བྲིས་པའི་དཔྱད་རྩོམ་ནང་ཁམས་ཁུལ་ནས་གཟི་མང་པོ་རྙེད་པའི་སྐོར་དང་། ལ་དྭགས་ཀྱི་གཟིར་སྤུས་ཚད་མེད་པའི་སྐོར་བྲིས་ཡོད། བོད་ནས་ཐོན་པའི་གཟི་དག་ནི་ཞང་ཞུང་གི་དུས་སུ་མངའ་རིས་སུ་བཟོས་པ་མིན་ནམ་སྙམ། དེའི་དུས་སུ་བོན་པོ་གཙོ་བོ་ཡིན་པས། གཟི་ལ་མིག་དགུ་བཟོ་དགོས་དོན་དེ་བོན་གྱི་རིག་གནས་དང་འབྲེལ་བ་ཡོད། ད་ལྟ་བོད་རིགས་རྣམས་ཀྱིས་གཟི་བྱུང་བའི་ལོ་རྒྱུས་གསལ་པོ་མི་ཤེས། དེར་བརྟེན་སྔར་གྱི་སྲོལ་རྒྱུན་དང་དད་པའི་དབང་གིས་བོད་རིགས་ས་ཁུལ་དུ་སྔར་བཞིན་གཟི་འདི་རིན་ཐང་ཆེ་བའི་ནོར་བུའི་རིགས་སུ་བཀུར་བཞིན་ཡོད། ད་ལྟ་གཟི་གསར་གྱི་རིགས་ཤིན་ཏུ་མང་། དེ་རིགས་ལས་ཐའེ་ཝན་ནས་ཐོན་པའི་གཟི་གསར་གྱིས་ལྷ་སའི་ཁྲོམ་རའི་བརྒྱ་ཆ་དགུ་བཅུ་ཟིན་ཡོད། གཞན་ཡང་བལ་ཡུལ་དང་། འབྲུག་ཡུལ། རྒྱ་ཡུལ་ཅང་སུའུ་དང་ཀྲེ་ཅང་། ཀྲུང་ཡོན། བོད་བཅས་ནས་འདྲ་བཟོ་བྱས་པའི་གཟི་གསར་རིགས་མི་འདྲ་བཁག་དྲུག་སྟེ། ཐའེ་ཝན་ནས་མ་ན་ཧོར་བསླད་བརྐོས་བྱས་ནས་འདྲ་བཟོ་བྱས་པའི་གཟི་གསར་དང་གཅིག དཀར་ནག་དབྱེ་མཚམས་གསལ་བའི་འབྲུག་ཡུལ་ནས་འདྲ་བཟོ་བྱས་པའི་གཟི་གསར་དང་གཉིས། ལོ་ངོ་ཉིས་བརྒྱའི་གོང་དུ་སི་ཁྲོན་ནས་འདྲ་བཟོ་བྱས་པའི་གཟི་གསར་དང་གསུམ། ཀྲེ་ཅང་ནས་ཤིང་ཚིལ་གྱི་རིགས་སྤྱད་དེ་འདྲ་བཟོ་བྱས་པའི་གཟི་གསར་དང་བཞི། ཀྲུང་ཡོན་ནས་ABSསྤུས་དཀར་གྱི་རིགས་སྤྱད་དེ་འདྲ་བཟོ་བྱས་པའི་གཟི་གསར་དང་ལྡན། བོད་རང་ནས་ནོར་རྡོའི་རིགས་ལ་བསླད་བརྐོས་བྱས་ནས་འདྲ་བཟོ་བྱས་པའི་བོད་ཀྱིས་གཟི་གསར་དང་དྲུག་བཅས་སོ། 
གོང་གསལ་འདྲ་བཟོ་བྱས་པའི་གཟི་གསར་རྣམས་ཚོང་པས་ཉོ་སྐབས། ཐའེ་ཝན་ནས་འདྲ་བཟོ་བྱས་པའི་གཟི་གསར་རེར་རིན་གོང་སྒོར་200ནས་800བར་དང་། འབྲུག་ཡུལ་ནས་འདྲ་བཟོ་བྱས་པའི་གཟི་གསར་རེར་སྒོར་100ནས་300བར་དང། ཀྲེ་ཅང་དང་ཀྲུང་ཡོན་ནས་འདྲ་བཟོ་བྱས་པའི་གཟི་གསར་རེར་སྒོར་5ནས་10བར་རེད། གཟི་ཡི་གཟུགས་དབྱིབས་དང་དེར་མཆིས་པའི་རི་མོ་སོ་སོའི་བསྟན་བྱའི་ནང་དོན། སྤྱིར་ན་གཟི་ཡི་རིགས་ལ་གཟུགས་དབྱིབས་ནར་རིང་། ནར་ཐུང་། ཟླུམ་པོ་སོགས་རིགས་མི་འདྲ་བ་དུ་མ་ཡོད་པ་མ་ཟད། དེ་རིགས་ལ་ཡང་རི་མོ་ཐེག་རིས་ཅན་དང་ལིག་མིག་ཅན་ལ་སོགས་པ་མི་འདྲ་བ་མང་བའི་སྟེང་། གཟི་མིག་མང་ཉུང་དང་། ཐིག་རིས་མི་འདྲ་བའི་དབང་གིས་གཟི་མིག་དགུ་དང་ལྡན་པའི་གཟི་དང་། གཟི་གནམ་ས་ཞེས་པ་ལ་སོགས་པའི་དབྱེ་བ་མང་། གནམ་ས་བཞི་དང་ལྡན་པའི་གཟི་ཡི་རི་མོ་མི་འདྲ་བ་བཞི་ལས། གེགས་ཟློག དགེ་འཕེལ། རྫོགས་ལྡན། འདུད་འཇོམ་བཞི་མཚོན་པས་ན། གཟི་དེའ་རིགས་ཤིན་ཏུ་དཀོན། 
གཟི་བརྟག་ཐབས། 
གཟི་བརྟག་པར་ཐབས་ཤེས་ཁག་བརྒྱད་དེ། 1.གཏེར་རྒྱུ་ཡིན་མིན་བརྟག་དགོས། གལ་ཏེ་གཟི་བཟོ་བྱེད་ཀྱི་རྒྱུ་དེ་གཏེར་རྒྱུ་ངོ་མ་ལས་གྲུབ་པ་ཞིག་ཡིན་ན། དེའི་ཁྲ་རིས་ཀྱི་མདོག་རྣམས་འོ་མའི་མདོག་དང་འདྲ། 2.ཚོན་མདངས་ལ་བརྟག་དགོས། གཟི་མདོག་དཀར་ནག་སྤེལ་མ་དང་། ཁམ་ནག་དང་བ་སོའི་མདོག་སྤེལ་མ། ཁམ་མདོག་དང་འོ་མའི་མདོག་སྤེལ་མ་སོགས་རིགས་མི་འདྲ་བ་བཞི་ཙམ་ཡོད། མང་ཆེ་བས་དཀར་ནག་སྤེལ་མར་དགའ་རུང་། ཁམ་ནག་དང་བ་སོའི་མདོག་སྤེལ་མར་གྲུབ་པའི་ཐའེ་ཝན་ནས་འདྲ་བཟོ་བྱས་པའི་གཟི་གསར་ལ་དགའ་མཁན་ཡང་མང་པོ་ཡོད། 3.འོད་མདངས་ལ་བརྟག་དགོས། དངོས་པོའི་འོད་མདངས་ལ་ཤེལ་འོད། སྣུམ་འོད། ཚིལ་འོད་ལ་སོགས་མང་རུང་། གཟི་ཡི་འོད་མདངས་ནི་སྣུམ་བྱུག་པའི་འོད་དང་འདྲ། 4.ཁམས་དྭངས་ཚད་ལ་བརྟག་དགོས། ཁམས་དྭངས་ཚད་ལ་ཞེས་པ་ནི་ཐུག་ཚད་ཧའོ་སྨི་གཉིས་དང་ལྡན་པའི་དངོས་པོ་གང་རུང་ཞིག་གློག་འོད་ཀྱི་མདུན་དུ་བཞག་ནས་བལྟས་ཚེ། གློག་འོད་རྣམས་ཕྱི་གསལ་ནང་གསལ་ཐུབ་ན། དེ་ཁམས་དྭངས་བའི་དངོས་པོ་ཡིན་པ་དང་། ཕྱེད་ཙམ་གསལ་ན་དེ་ཕྱེད་ཁམས་དྭངས་ཀྱི་དངོས་པོ་ཡིན་ལ། མི་གསལ་བའི་རིགས་དེ་ཁམས་མི་དྭངས་བའི་དངོས་པོ་ཡིན་པའི་ངོས་འཛིན་ཡོད། གློག་འོད་ཕྱི་གསལ་ནང་གསལ་དང་ཕྱེད་ཙམ་གསལ་བའི་གཟི་རྣམས་སྤུས་ལེགས། 5ཆག་སྐྱོན་ཡོད་མེད་བརྟག་དགོས། གཟི་ཡི་རིགས་ཆག་སྐྱོན་མེད་ན་རིན་ཐང་ཆེ། འོན་ཀྱང་གནའ་བོའི་གཟི་རྩ་ཆེན་རྣམས་ཡུན་རིང་ལུས་ལ་བཏགས་སྟབས། ཟུར་གཉིས་ཟད་ནས་ཤུར་ཐོན་པའི་རིགས་མང་བས། དེ་རིགས་ཉོས་ཀྱང་ཆོག།དེང་གི་གཟི་གསར་རྣམས་ལ་དེ་ལྟའི་ཤུར་རྫུན་བཟོ་བྱས་རོགས་ཡོད་པས། ལེགས་པར་བརྟག་དགོས་བསམ། 6.ཟད་རིས་ལ་བརྟག་དགོས། གཟི་རྙིང་པའི་རིགས་ལ་ཟད་ཤུལ་མང་བས་མ་ཚད། དེ་རིགས་ཚང་མར་འདྲ་སའི་ཆ་ཉུང་བས། ཆེ་ཤེལ་ལ་བརྟེན་ནས་ལེགས་པར་བརྟག་དགོས། 7.མཚལ་ཐིག་ཡོད་མེད་བརྟག་དགོས། གཟི་རྙིང་གྲས་རྣམས་ལ་ནང་ནས་ཕྱིར་གསལ་བའི་དམར་ཐིག་ཆུང་ཆུང་གི་རིགས་མང་པོ་ཡོད། འོན་ཀྱང་དམར་ཐིག་ཡོད་པའི་གཟི་ཚང་མ་ཡག་པོ་ཡིན་པའི་ཁྱབ་པ་མེད། དེ་གཙོ་བོ་གསར་རྙིང་བརྟག་པར་བྱེད་པའི་མཚོན་རྟགས་ཙམ་རེད། དམར་ཐིག་དེ་རིག་ཐོག་མར་གཟི་ལ་མེད་རུང་། མི་ཡི་ལུས་ལ་ཡིན་རིང་ལ་ཡིན་རིང་བཏགས་པའི་རྗེས། ལུས་ཁྲག་རིམ་པས་གཟི་ལ་སིམ་པ་ལས་བྱུང་བར་གྲགས། 8.འབྱར་དངོས་ཡོད་མེད་བརྟག་དགོས། འདིར་འབྱར་དངོས་ཞེས་པ་ནི་དྲེག་པ་མ་ཡིན་པར། གཟི་ངོས་ལ་མཆིམ་པའི་འབྱར་དངོས་ནི་སྐྱུར་དང་བུལ་གྱི་ཁམས་རྒྱུ་དང་གཟི་དེ་ཉིད་ལས་ཐོན་པའི་ཟགས་དངོས་མཉམ་དུ་འདྲེས་པ་ལས་བྱུང་བ་ཞིག་ཡིན་པས་བཀྲུས་ཀྱང་མི་འདག རང་བཞིན་དུ་བྱུང་བའི་འབྱར་དངོས་དང་མིས་བཟོས་པའི་འབྱར་དངོས་གཉིས་མི་འདྲ་སྟེ། རང་བཞིན་དུ་བྱུང་བའི་འབྱར་དངོས་དེར་འཇམ་དང་འོད་མདངས་ཡོད་ལ་གཞན་པར་མེད། གཞན་ཡང་རྫས་འགྱུར་དང་དངོས་ཁམས་རིག་པའི་ཐབས་ལ་བརྟེན་ནས་བརྟག་ཐབས་དང་། ཆོས་ལུགས་ཐོག་ནས་བརྟག་ཐབས་ལ་སོགས་མང་རུང་། འདིར་རེ་རེ་བཞིན་ཞུས་མེད། གོང་གསལ་དག་ནི་ང་ཉིད་ཀྱི་ལྟ་ཚུལ་རགས་པ་ཙམ་ཡིན་པས། རྗེས་སུ་ད་དུང་མུ་མཐུད་དེ་ཕྱུར་ཞིབ་འཇུག་འབད་པར་འདོད། 
   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1