ཕ་མའི་ཕྱག་སོར་འཇུས་ནས་གོམ་བགྲོད་སྦྱངས།།
ཡོན་འཁྱོག་གོམ་ཁ་སྤོ་ཞོར་འཇིག་རྟེན་གྱི།།
འགྲོ་འདུག་ཆོས་ཉིད་འབད་པས་གཞོལ་ན་ཡང་།།
གང་ཡང་མ་རྟོགས་བདག་ཡིད་ཐེ་ཚོམ་ལུས།།
འཇིག་རྟེན་གནས་ལུགས་ཀུན་ལ་ཐོས་བསམ་གྱིས།།
ཐར་པའི་ལམ་སྣེར་ངལ་བས་བསྐྱོད་ན་ཡང་།།
ཀ་མད་སུམ་ཅུའི་མགོ་རྔ་མ་རྟོགས་གོང་།།
ཀ་ལིའི་ངོས་ལ་གཉེར་མའི་གྲོག་ཤུར་ཆགས།།
འཁོར་བའི་བདེ་སྡུག་མ་ལུས་བཟོད་སྒོམ་གྱིས།།
དྲང་བདེན་གཞན་ཕན་ལས་ལ་འབད་ན་ཡང་།།
ཁ་དོག་དཀར་དམར་དབྱེ་འབྱེད་མ་ཆོད་གོང་།།
ཁ་ཡི་སོ་རྣམས་རིམ་བཞིན་རྒས་ཡོལ་ཟིན།།
མི་ཡི་མི་ཚེ་དཔྱིད་ཀྱི་གནམ་ངོ་བཞིན། །
རེས་དྭངས་རེས་འཐིབས་འཁོར་ལོ་འཁོར་དང་མཉམ།།
ལང་ཚོའི་མྱུ་གུར་ཟེའུ་འབྲུ་མ་འབུས་གོང་།།
ལང་ཚོའི་མྱུ་གུ་སྐམ་ཞིང་དྲན་ཤེས་ཉམས།།
འཁོར་བ་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ། །
སྐད་ཅིག་སྐད་ཅིག་མི་གནས་འཇིག་བཞིན་འགྲོ །
མི་རྟག་ཆོས་ཉིད་མ་རྟོགས་ཤེས་པས་རྨོངས།།
མི་རྟག་གཤེད་མ་དེ་ཡིས་རྒྱབ་ནས་འདེད།།
ཆོས་ཉིད་ཆོས་ཉིད་བསམས་ནས་དཔྱད་ན་ཡང་།།
ཆོས་ཉིད་མི་རྟོགས་ཡིན་མིན་དོགས་པས་བཟིར།།
ཁྲོན་གཏིང་སྦལ་པའི་བློ་རྒྱ་ཆེ་ཆུང་གི།
ནམ་མཁའི་ཁ་རྒྱ་འཇལ་ཞོར་ལང་ཚོ་བོར།།
མདོར་ན་ཡིན་དང་མིན་གྱི་ཚད་གཞི་ཡིས།།
རང་གཞན་བདེ་སྡུག་འཇལ་གྱིན་ལྷོད་དྲགས་པས།།
མུ་མེད་འཁོར་བའི་བདེ་སྡུག་ཆུ་གཏེར་དབུས།།
རང་གི་ལང་ཚོ་བོར་བའི་ཚུལ་འདི་ནོངས།།
༼ ༡ ༽ བརྩེ་བ་གང་དུ་བུད་སོང་།
འཇིག་རྟེན་སྒྱུ་མའི་ཁམས་འདིར།།
བརྩེ་བའི་ཟློས་གར་མང་བ།།
ཕ་མ་བུ་ཕྲུག་བཞག་ནས།།
བློ་གཏད་གཞན་ལ་བཅོལ་སོང་།།
མི་རྟག་རྩྭ་ཁའི་ཟིལ་པ།།
ཚེ་ཡི་རང་བཞིན་ཡིན་པས།།
བདག་གཞན་མཉམ་བརྗེ་མེད་པར།།
གཞན་སྤོང་རང་གཅེས་མཁས་པ།།
མཐུན་གྲོགས་ཁ་ཞེ་རྩུབ་ཀྱང་།།
ཡུན་རིང་བཤིབ་པའི་བསྡོངས་གྲོགས།།
མཛའ་བརྩེའི་འཛུམ་མདངས་མེད་པར།།
འཁོན་འགྲས་མིག་ལོག་རྫིག་རྫིག །
ཡ་རབས་མིང་བྱང་འཁྱེར་ནས།།
གང་སར་རང་ངོམས་མ་གནང་།།
མེ་ལོང་རང་ལ་ཕྱོགས་ནས།།
རང་ངོ་ཟིན་པ་གནང་དང་།།
འཕྲལ་གྱི་བདེ་བར་ཆགས་ནས།།
གཞན་འཚེའི་ལས་ལ་ཧུར་བ།།
ཡུན་རིང་བསམ་བློ་མེད་པར།།
ཕན་ཚུན་ངན་ཁག་མང་བ།།
འཛུམ་དཀར་ངོ་འབག་གྱོན་ནས།།
གཞན་ནོར་ཧམ་གྱིས་མ་འགམ།།
ལས་དང་སྡིག་པའི་ཁྲལ་བུན།།
རང་འཁུར་ཡིན་པ་ངེས་རོགས།།
མཐོན་པོའི་ཁྲི་ལ་འགྱིང་ནས།།
ཉམ་ཆུང་རྡོག་རོལ་མ་གཏོང་།།
མར་དང་རྩམ་པའི་བཅུད་ཀྱིས།།
རང་ཉིད་འཚར་བ་དགོངས་དང་།།
ཤེས་ཡོན་ཁྲལ་དུ་འཛིན་ནས།།
སློབ་སྦྱོང་བུ་ལོན་མ་འཇལ།།
གནས་སྐབས་བདེ་བ་ཕྲ་མོས།།
ཚེ་གང་འགྱོད་པས་མནར་ཡོང་།།
༼ ༢ ༽ ང་ཡི་མིག་ཆུར་རིན་ཐང་མེད།
མི་རྟག་འཁོར་བ་སྡུག་བསྔལ་འོབ་དང་མཚུངས།།
མི་རྟག་སྐྱེ་འཇིག་ཆོས་ཉིད་བཟློག་ཏུ་མེད།།
མི་རྟག་སྲིད་པའི་ཁམས་འདིར་འཚོ་ན་ཡང་།།
མི་རྟག་ཆོས་ཉིད་འདི་ལ་སུ་ཡིས་བསྙོན།།
དྲང་བའི་འཛུམ་གྱིས་བདེན་པའི་ལམ་བགྲོད་ཀྱང་།།
བརྣབ་སེམས་ཕྲ་མས་རང་གཞན་གཡེམ་སྦྱོར་མཁས།།
མི་ཆོས་དྭངས་མ་ཞིག་གི་བདེན་ཁ་ན།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
དཔོན་གྱི་ངག་ནས་འདྲ་མཉམ་གཏམ་རྒྱུད་མང་།།
དམངས་ཀྱི་ཐོད་པར་ཕྱོགས་ཞེན་གྱེན་ཐུར་མང་།།
གཞུང་དྲང་ཉི་མ་བསྲོ་བའི་ལམ་ཁ་ན།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
ཕྱི་ཚུལ་དྲང་ཞིང་ཡ་རབས་གཤིས་བཟང་ཅན།།
སེམས་རྒྱུད་མ་རྟོགས་གདོན་གྱིས་བསླུས་འདྲ་བ།།
གཏམ་གླེང་ལེགས་ཉེས་ཙམ་གྱི་སྔ་རྟིང་དབར། །
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
ཚེ་ནི་མི་རྟག་དགུང་སྔོན་འཇའ་རིས་བཞིན།།
བདེན་པའི་ལས་ལ་བག་གིས་གཞལ་ན་ཡང་།།
སྤྱི་སྒེར་གོ་ལྡོག་ཤོར་བའི་བསམ་གཞིགས་ཁྲོད།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
སེམས་ཀྱི་རྟ་ཕོས་གཞན་ཕན་རི་བོ་སྤོས།།
ལེ་ལོའི་འགྲོས་ཀྱིས་དུས་རབས་རྗེས་སུ་ལུས།།
ཚན་རྩལ་བང་ཁ་འགྲན་པའི་ཐིག་རིས་ངོས།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
ཤེས་རབ་ཆེ་བས་མེས་པོའི་ལོ་རྒྱུས་རྟོགས།།
བརྩོན་པ་ལྷོད་པས་རང་གི་རུས་ཁུངས་བརྗེད།།
བང་སོ་ཧབ་ཀྱིས་བསྔོག་པའི་ཐལ་རྡུལ་ཁྲོད།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
ལས་ལ་བརྩོན་པས་གླིང་ཀུན་ཡིད་དབང་འཕྲོག །
རང་ཤེད་ཆེ་སྟབས་ཀུན་གྱིས་སྨད་པའི་གཞི།།
བར་སྐོར་སྤྲང་པོས་ཁེངས་པའི་སྙིང་རྗེའི་དབུས།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
སྙིང་སྟོབས་ཆེན་པོས་གླིང་བཞི་རྡོག་པས་མནན།།
ཆོག་ཤེས་སྤོང་གིན་རང་མགོ་རང་གིས་རྫོགས།།
སྡིག་པར་འཛེམས་ཀྱིན་གནག་ཕྱུགས་གསོད་དུས་སུ།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
རང་གསོ་མཁས་པས་ཀུན་གྱིས་བཀུར་བའི་གཞི།།
རང་གཅེས་ཆེ་བས་ངག་ཀྱལ་གྲོགས་སུ་བསྟེན།།
ཞི་མིས་ཙི་ཙི་འཛིན་ཚུལ་སྟབས་བདེ་ཡང་།།
བདག་གི་མིག་ཆུར་རིན་ཐང་ཇི་ཙམ་མངའ།།
དེ་སྐད་སྨྲས་པ་འཇིག་རྟེན་མཐོང་ལུགས་འགར།།
སྒྲོ་བཀུར་སྤངས་ཏེ་བརྗོད་ཁུལ་ལགས་ན་ཡང་།།
མ་འགྲིག་མ་འོས་སྲིད་ན་མཐོལ་ལོ་བཤགས།།
ཞེ་མཐུན་ཐུགས་བློར་སིམ་ན་འཛུམ་པས་ཆོག །