རི་འགུལ་ས་ཡོམ་སྐད་ཅིག་མར།།
རོགས་རེས་ལག་རྡང་དམ་པོར་འཁྱུད།།
བྱམས་དང་བརྩེ་བའི་འོ་མཚོ་འཁྱིལ།།
འདུན་པ་གཅིག་གིས་གནོད་སེལ་བརྩོན།།
མའོ་རྫོང་འཕྲོད་བསྟེན་འཆར་ལྡན་ཅུས་ཀྱིས་བཀའ་ལ་སྒུག་ནས་གནོད་ཁུལ་དུ་འགྲོ་གྲབས་ཡོད།
མའོ་རྫོང་འཕྲོད་བསྟེན་འཆར་ལྡན་ཅུས་ཀྱིས་ས་འགུལ་གནོད་འཚེའི་སྨན་བཅོས་མྱུར་སྐྱོབ་རོགས་སྐྱོར་འཆར་གཞི་འཐེན་ནས། དུས་ཐོག་ཏུ་མཁོ་བསྟུན་རོགས་སྐྱོར་ལས་ཀ་བཀོད་སྒྲིག་བྱས་ཤིང་། འཕྲལ་མར་སྨན་བཅོས་རོགས་སྐྱོར་གྱི་གྲོས་ཚོགས་འཚོགས་ཏེ་གཟི་རྩ་སྡེ་དགུར་སྨན་བཅོས་རོགས་སྐྱོར་སྐོར་བཀོད་སྒྲིག་བྱས་ཏེ། བཀའ་ཐོན་མ་ཐག་གནོད་ཁུལ་དུ་འགྲོ་རྒྱུ་རེད།
རྔ་བ་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུས་འབྲེལ་ཡོད་མྱུར་སྐྱོབ་ལས་ཀ་བཀོད་སྒྲིག་བྱས།
ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུས་ས་འགུལ་གནོད་སེལ་གྱི་མཁོ་བསྟུན་རོགས་སྐྱོར་གྲོས་ཚོགས་འཚོགས་ཏེ། གློག་ཤུགས་མཁོ་འདོན་དང་འབྲུ་རིགས་མཁོ་འདོན། དངོས་ཟོག་རིན་གོང་བརྟན་བརླིང་། གནོད་རྗེས་བསྐྱར་སྐྲུན་སོགས་བཀོད་སྒྲིག་བྱས་ཤིང་། ལོ་འཁོར་དམིགས་འབེན་འོས་འགན་ལྟར་དངུལ་གཏོང་དང་རྣམ་གྲངས་ལས་ཀ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན།
ཝུན་ཁྲོན་ལ་མྱོང་ཚོར་ཡོད་པས་རོགས་སྐྱོར་ལ་རེམས་པར་བྲེལ།
ཝུན་ཁྲོན་རྫོང་དྲག་དཔུང་རུ་ཁག་གིས་རོགས་སྐྱོར་ཡན་ལག་རུ་ཁག་གནོད་ཁུལ་དུ་མངགས་ཤིང་ཝུན་ཁྲོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་མཁོ་བསྟུན་སྒྲིག་ལམ་བཟོས་ཏེ་ཟུང་ཆུ་དང་གཟི་རྩ་སྡེ་དགུར་འགྲོ་བའི་རླངས་འཁོར་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་ཤིང་། ཝུན་ཁྲོན་རྫོང་དམངས་སྲིད་ཅུས་ཀྱིས་སྦྲ་གུར་500དང་སྲང་བལ་མལ་ཐུལ་500བཅས་གཟི་རྩ་སྡེ་དགུར་བསྐྱལ་ཅིང་། ཝུན་ཁྲོན་གྱི་མེ་གསོད་དང་སྨན་བཅོས་རུ་ཁག་གིས་རང་ས་ནས་བཀའ་ལ་སྒུག་ནས་བསྡད་ཡོད།
ཁྲོ་ཆུས་རོགས་སྐྱོར་ལས་ལ་འབད།
ཁྲོ་ཆུས་རོགས་སྐྱོར་རུ་ཁག་མངགས་ཤིང་མཚན་མཐུད་ནས་གནོད་ཁུལ་དུ་སོང་སྟེ་གནོད་སེལ་རོགས་སྐྱོར་ལ་རེམ་བཞིན་གདའ། ཁྲོ་ཆུ་བརྒྱུད་ནས་འགྲོ་བའི་ས་འགུལ་གནོད་སེལ་རོགས་སྐྱོར་མི་སྣ་དང་གནོད་ཁུལ་ནས་ཐོན་པའི་འགྲུལ་བ་དག་ལ་རིན་མི་ལེན་པར་མལ་ཁང་བཀོད་སྒྲིག་བྱས་ཡོད།
ཧུང་ཡོན་གྱིས་རོགས་སྐྱོར་རུ་ཁག་གཅིག་ཏུ་བསྡུས།
ཟླ་8པའི་ཚེས་9ཉིན་གྱི་དུས་ཚོད་1དང་ཕྱེད་ཐོག ཧུང་ཡོན་རོགས་སྐྱོར་རུ་ཁག་གི་མི་83གཅིག་ཏུ་བསྡུས་ཏེ་གཟི་རྩ་སྡེ་དགུར་སོང་བ་དང་། རྫོང་དམངས་སྲིད་ཅུས་ཀྱིས་ཆུ་ལྷམ་ཆ་20དང་སྦྲ་གུར་311། མལ་ཐུལ་415། སྟོད་ལྭ་200། མལ་ཁུག་14བཅས་གཟི་རྩ་སྡེ་དགུར་བསྐྱལ་བ་རེད།
ལིས་རྫོང་གིས་གྲོས་ཚོགས་འཚོགས་ཏེ་གནོད་སེལ་རོགས་སྐྱོར་ལས་ཀར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་གཟི་རྩ་སྡེ་དགུའི་ས་འགུལ་གནོད་ཚུལ་ལ་དོ་སྣང་བྱས་ཏེ་བདེ་སྤྱི་དང་མེ་གསོད། དྲག་དཔུང་། སྨན་བཅོས་འཕྲོད་བསྟེན་སོགས་སྡེ་ཁག་གིས་བཀའ་ཐོན་པར་རོགས་སྐྱོར་ལ་འགྲོ་བར་གྲ་སྒྲིག་བྱས་ཡོད།
སྐབས་འདིར། རྔ་བ་རྫོང་ཁོ་ཚོ་དང་མཉམ་དུ་ཡོད།
ཚེས་9ཉིན། རྔ་བ་རྫོང་གིས་ཟོང་འཁོར་ཆེན་པོ་གཉིས་ཀྱིས་སྦྲ་གུར་200དང་མལ་གོས་600 བལ་གོས་200བཅས་གནོད་ཁུལ་དུ་བསྐྱལ།
ཟུང་ཆུ་ནུས་ཤུགས་ཡོད་དགུས་རོགས་སྐྱོར་ལས་ལ་ཞུགས།
ས་འགུལ་བྱུང་རྗེས། ཟུང་ཆུས་འཕྲལ་མར་མཁོ་བསྟུན་བཀོད་འདོམས་པུའུ་བཙུགས་ཤིང་རོགས་སྐྱོར་དང་གཞུང་ལམ་ཤར་གཏོང་སོགས་རུ་ཁག་བཙུགས་ཏེ། ཕྱོགས་ཀུན་ནས་ས་འགུལ་གནོད་སེལ་དང་འགྲུལ་བ་སྐྱེལ་བསུ་ལ་རེམ་བཞིན་གདའ།
མཛོད་དགེ་རྫོང་མཚན་མོའི་སྐར་འོད་དང་འགྲོགས་ནས་རོགས་སྐྱོར་ལ་སོང་།
མིག་སྔར། མཛོད་དགེ་རྫོང་གིས་རྐོ་འཕྲུལ་དང་སྣོད་འཕྲུལ། གཞུང་ལམ་འགྲིམ་འགྲུལ་ལས་གཞིའི་ལག་རྩལ་མི་སྣ་7བཅས་ཀྱིས་གཟི་རྩ་སྡེ་དགུར་འགྲོ་བའི་གཞུང་ལམ་ཤར་གཏོང་བྱེད་བཞིན་ཡོད་ལ། དམིགས་བསལ་ཉེན་རྟོག་པ་40དང་འགྲིམ་འགྲུལ་ཉེན་རྟོག་པ་8 སྤྱི་བདེ་ཉེན་རྟོག་པ་21 དམངས་དམག་30ལྷག སྨན་བཅོས་མི་སྣ་10སོགས་ཚེས་8ཉིན་གྱི་མཚན་མོར་གནོད་ཁུལ་དུ་སོང་བ་དང་། ཚེས་9ཉིན། ཆུ་སྒམ་100དང་སྟབས་བདེའི་ཐུག་པ་སྒམ་100 སྦྲ་གུར་30 མལ་ཐུལ་500སོགས་གནོད་ཁུལ་དུ་བསྐྱལ་བ་རེད།
དེ་ལྟར་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་ཚོད་སྐར་ཆ་ཙམ་ཡང་མི་ལྷོད་པར་ས་འགུལ་གནོད་སེལ་གྱི་ལས་རེམ་པས་གློག་ཤུགས་སླར་གསོ་བྱུང་བ་དང་འཚོ་བ་རྒྱུན་ལྡན། འགྲུལ་བ་སྐྱེལ་འདྲེན་སོགས་རྒྱུན་ལྡན་ཡིན།
གློག་ཤུགས་གནས་ཚུལ།
གང་ནུས་ཀྱིས་གློག་ཤུགས་སླར་གསོ་ཧུར་ཐག་གིས་བསྒྲུབས་ནས་ཡུལ་ཚོ་དང་གྲོང་རྡལ་17ལ་ཡོངས་སུ་གློག་འདོན་ཐུབ་ཡོད།
ཚོང་ར་མཁོ་འདོན་རྒྱུན་ལྡན་ཡིན།
གཟི་རྩ་སྡེ་དགུ་རྫོང་བཟོ་ཚོང་སྤུས་ཚད་ལག་རྩལ་དང་བཟའ་བཏུང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཁོ་བསྟུན་འགན་ལེན་ལས་སྒྲུབ་ཚན་ཆུང་4བཙུགས་ནས། ཚོང་ར་གནས་ཚུལ་དང་དོ་དམ་བྱས་ཏེ། རྫོང་ཁོངས་ཀྱི་རང་འདེམ་ཚོང་ཁང་དང་བཟའ་བཏུང་ཚོང་ཁང་མང་ཆེ་བས་སྒོ་ཕྱེས་ནས་ཚོང་གཉེར་བྱེད་བཞིན་ཡོད་ལ། ཚོང་ར་མཁོ་འདོན་ཡང་རྒྱུན་ལྡན་ཡིན།
འགྲུལ་བ་སྐྱེལ་བ།
གནས་སྤོར་རླངས་འཁོར་ཁྲི་1ལྷག་གིས་མི་གྲངས་ཁྲི་6ལྷག་གནས་སྤར་ཡོད་ཅིང་། དེའི་ནང་དུ་ཕྱི་རྒྱལ་གྱི་འགྲུལ་བ་126ཡོད།
འཕྲིན་གཏོང་གནས་ཚུལ།
གནོད་ཁུལ་དུ་བརྡ་འཕྲིན་འཕྲོད་པ་གང་ནུས་ཀྱིས་འགན་བླངས་ཏེ་འཕྲིན་ཚིགས་129སླར་གསོ་དང་འཕྲིན་ཚིགས་2Gཔ་རྒྱ་བསྐྱེད་པ། འཕྲིན་ཚིགས་3Gཔ་གསར་དུ་བསྣན། རིན་མི་ལེན་པའི་ཞབས་ཞུའི་སྟེགས་བུ་9དང་རིན་མི་ལེན་པའི་འཚམས་འདྲིའི་ཁ་པར་11བཙུགས་ཡོད།
འཚོ་བ་རྒྱུན་ལྡན་ཡིན།
ས་འགུལ་བྱུང་རྗེས། མིག་སྔར་རྫོང་མཁར་གྱི་ཐོག་ཁང་དང་སྒྲིག་བཀོད་ལ་ཕལ་ཆེར་གནོད་པ་ཐེབས་མེད་པས། འཚོ་བ་རྒྱུན་ལྡན་ཡིན།