༡
ལུ་གུ་ཆུང་ཆུང་དེ།
ལུག་ཁྱུ་ནས་མགོ་འཁོར་སོང་བ་རེད།
ནུབ་མོ་དེར།
ཟམ་ཐག་གི་རྡེའུ་དག་སྐར་མ་དང་མཉམ་དུ།
གྲང་འདར་རྒྱག་བཞིན་གོམ་སྒྲ་ལ་ཉན་ནས་བསྡད།
༢
སྲོག་ཅེས་པའང་རང་གིས་གཞན་ལ་བརྐུས་ཡོང་བས།
ཉི་འོད་ལ་སྐྲག་དགོས་དོན།
མིག་ཆུ་མང་བ་ཙམ་གྱིས་ག་ལ་ཡིན།
༣
གྲངས་ཀ་མང་པོ་མང་པོ་ཞིག་ཕྲེང་རྡོག་དང་བཅུ་ཚར་ལ་བཀལ།
དྲི་ཞིམ་ཞིག་འཐུལ་ཡོང་།
མེ་ཏོག་དེའི་མིང་ལ་སྙིང་རྗེ་ཞེས་བཏགས་འདུག
༤
ལོ་མ།ཁྱོད་མ་ངུ་རོགས་
ངས་ཀྱང་སྙེ་མ་དང་མཉམ་དུ།
སྟོན་མཇུག་གི་རླུང་བུ་དེར་ལེ་བདའ་བྱེད་བཞིན་ཡོད།
ནུབ་ཇ་འཐུང་རྗེས་ཀྱི་གོ་འཚོགས་ལྟར་དུ།
༥
ཞོགས་པ་དེར།བར་སྣང་ན་
རླུང་དམར་པོ་ཞིག་བཙན་གྱིས་འཚུབ་སོང་།
༦
ང་ལ་གླུ་དབྱངས་དང་འཛུམ་ཞལ་མ་སྟོན་རོགས།
ངས་ས་བདག་དང་ཞིང་བའི་འཐབ་རྩོད་ལ།
བློ་རིག་སྦྲུམ་ཡོད་པས།
ང་ལ་དཔེ་ཆ་དང་གཏམ་རྒྱུད་མ་གླེང་རོགས།
ངས་བུ་མོ་འགའི་བྱུག་རྩི་ལ་བསྣམས་ནས།
ཆང་གིས་རྒྱུ་འབྲས་བཙོ་བཞིན་པས།