གངས་རི་དཀར་པོའི་བརྗིད་ཉམས།
རབ་དཀར་གངས་ཀྱིས་མུ་ཁྱུད་བསྐོར་བའི་བསིལ་ལྡན་ཁ་བའི་ཞིང་ཁམས་ན།།
མཛེས་སྡུག་འབུམ་གྱིས་རབ་ཏུ་བསྟིམས་པའི་མདོ་ཁམས་འཛིན་མའི་ཕང་བ་རུ།།
གནས་ཆེན་པདྨ་ལྷ་རིའི་ཁྲོད་དུ་རྣལ་འབྱོར་དགྱེས་པའི་མགུལ་མ་སྙན།།
འབྲུ་ཀླུང་ཕྱུག་མོའི་རླབས་ཀྱི་ངོགས་སུ་གཤོག་དྲུག་ཉ་མོས་འཁྱུག་རྩལ་མཛེས།།
ཡུལ་འདིར་འཆི་མེད་པདྨ་ཀྭ་རས་ཆོས་ནོར་གཏེར་གྱི་བང་མཛོད་བསྐྲུན།།
ས་འདིར་ཁྲི་རལ་མི་ཡི་དབང་པོས་ཁྱད་གྲྭ་རིག་པའི་སློབ་གླིང་བཙུགས།།།
འཕགས་བོད་མཁས་གྲུབ་བྱེ་བའི་གཙུག་རྒྱན་སྨྲི་ཏི་ཛྙ་ན་གནས་འདིར་ཕེབས།།
ཕོ་རྩལ་སྣ་དགུ་རྒྱན་གྱིས་རབ་མཛེས་འཕྲུལ་གྱི་འདན་མ་ཡུལ་འདིར་བལྟམས།།
སེ་བཙུན་གཞོན་ནུ་བྱང་ཆུབ་སོགས་ཀྱིས་ཕྱི་དར་བསྟན་པའི་མེ་རོ་བསླངས།།
སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་འབྲི་གུང་བསྟན་པའི་དབུ་འཁྱུད་བྲིས།།
ཡུལ་འདིའི་དཔལ་དུ་སྲིད་པ་བཞེས་པའི་རླབས་ཆེན་དམ་པའི་སྐྱེས་བུའི་ཚོགས།།
རྣམ་བཞིའི་ལས་ཀྱིས་རྒྱལ་བསྟན་འཛིན་ལ་འགྲན་པའི་ཟླ་བོ་རབ་དབེན་པས།།
ཞི་དུལ་སྤྱོད་བཟང་མཛེས་སྡུག་མེ་ཏོག་ན་ཆུང་བུ་མོའི་རྒྱན་དུ་དཔྱངས་།།
བློ་དང་ཐབས་རྩལ་འཕྲུལ་གྱི་འཁོར་གསུམ་སྟག་ཤར་གཞོན་ནུའི་ཆས་སུ་རྫོགས།།
དཀར་ནག་ཕྱུགས་ཀྱི་འཕེལ་ཁ་བརྟས་པའི་ཕུ་ན་འབྲོག་སྡེའི་སྦྲ་ནག་མཛེས།།
འབྲུ་སྲན་སྣ་ལྔའི་མགོ་ལྕོག་དུད་པའི་མདའ་ན་ཞིང་གི་རེ་ཁཱ་ལེགས།།