དམར་པོའི་རི་ལ་ཕོ་བྲང་བཞེངས། །
1. སྤུ་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་617པའི་མེ་གླང་ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་པའི་རྗེས་སུ་ཡབ་གནམ་རི་སྲོང་བཙན་གྱིས་སྔར་ཡབ་མེས་སྐབས་བན་པ་རྗེ་དང༌། བྲང་གར་རྗེ་ལ་སོགས་པའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུ་བའི་འགོ་ཚུགས་པའི་མཛད་རྗེས་བསྐྱངས་ཏེ། ཐོག་མར་དབུས་ཕྱོགས་ཀྱི་ཟིང་པོ་རྗེ་དང༌། གཙང་གི་རྒྱལ་པོ་མར་མུན། དྭགས་པོ་ས་ཁུལ་སོགས་མངའ་ཁོངས་སུ་བཅུག་སྟེ་ཡབ་མེས་གོང་མ་གཉའ་ཁྲི་བཙན་པོ་སོགས་ཀྱི་སྐབས་སུ་དབང་དུ་བྱས་པའི་རྒྱལ་ཕྲན་རྣམས་སླར་ཡང་གཅིག་གྱུར་གྱིས་དབང་དུ་བསྡུས་པའི་གཞི་བཏིང་བ་དང༌། ཕྱིའི་རྒྱལ་ཕྲན་དང་སྡེ་འབངས་ཁག་ནས་ངོ་རྒོལ་བྱས་པར་མ་ཟད། ནང་སྐོར་གྱི་ཡབ་འབངས་དང༌། ཡུམ་འབངས་བཅས་ཀྱིས་གྱེན་ལོག་བྱས་ཏེ་མཐར་དགྲ་གཉེན་ལག་འབྲེལ་གྱིས་སྲོང་བཙན་དགུང་ལོ་བཅུ་གསུམ་སོན་པའི་སྤྱི་ལོ་629པའི་ས་གླང་ལོར་རྒྱལ་པོ་གནམ་རི་སྲོང་བཙན་དུག་དྲངས་ནས་བཀྲོངས།
བོད་དུ་ཁྱེར་ཞིང་བོད་སྐད་བསྒྱུར། །
སྤྱི་ལོ་632པ་ཆུ་འབྲུག་ལོར་བལ་པོ་རྒྱལ་པོ་དང་འབྲེལ་བ་བཙུགས་ཏེ་བལ་པོ་རྒྱལ་པོའི་སྲས་མོ་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས། སྤྱི་ལོ་633པ་ཆུ་སྦྲུལ་ལོར་ཐུ་མི་སམ་བྷོ་ཊ་སོགས་པའི་བོད་ཀྱི་བློན་པོའི་བུ་རིག་པ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་བསླབ་ཏུ་བཏང་ཡང༌། ལ་ལ་ལམ་བགྲོད་པ་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་སླེབས་ཀྱང་ཚད་པས་ཤི། ལ་ལ་རྒྱ་སྐད་ཤེས་མ་ཐུབ་པར་ཕྱིར་ལོག་པ་བཅས་བྱུང༌། ཐུ་མི་སམ་བྷོ་ཊ་ནི་སྨན་ག་བུར་དང༌། ཅུ་གང༌། ཙན་དན་སོགས་བསྟེན་པས་ཚད་པས་མ་གནོད།
རྒྱ་གར་གྱི་རྒྱལ་པོ་དཔལ་ཆེན་སྦྱིན་བི་ན་ལྷ་ཆེན་ཞེས་པ་ལ་སྐྱེས་དང་བཅས་པས་མཇལ་ཁ་ཞུས། རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་ལི་བྱིན་ཀ་ར་ལས་སཾསྐྲྀཏའི་སྐད་ཡིག་སོགས་བསླབས་ནས་མཁས་པར་གྱུར། པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་ཀ་ཙན་དབྱངས་གསུམ་སོགས་ལེགས་སྦྱར་གྱི་བརྡ་སྤྲོད་རིག་པའི་གཞུང་རྣམས་ལ་ལོ་ངོ་དྲུག་གི་བར་དུ་འབད་བརྩོན་ཆེན་པོས་གསན་སྦྱོང་གནང་བས་མཁས་པའི་རྩེར་སོན། ཐུ་མིས་རྒྱ་གར་ཡི་གེ་ལ་སློབ་སྦྱོང་མཛད་པའི་སྐབས་སུ་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་གཉིས་གཟུགས་མི་འདྲ་ཡང་སྒྲ་འདྲ་བ་རྣམས་ལ་བོད་ཡིག་གིས་མཆན་བཏབ་པས་ཤེས་སླ་བར་བྱུང་། བོད་ཡིག་ལ་མེད་པའི་རྒྱ་གར་གྱི་མཐུག་པའི་སྒྲ་ཅན་དང་། གྲིམས་པའི་སྒྲ་ཅན་རྣམས་ཀྱི་སྒྲ་ཚབ་ཏུ་གྷ་དང་ཊ་སོགས་ཀྱིས་སྒྲ་ཚབ་ཀྱི་ཡི་གེ་གསར་ཏུ་བཟོས། སླར་བོད་དུ་ཕེབས་ཏེ་ཆོས་རྒྱལ་སྲོང་བཙན་ལ་སློབ་ཁྲིད་མཛད་པའི་སྐབས་སུ་སྔོན་གྱི་སྒྲ་ཚབ་བྲིས་པ་དེ་དག་ལ་གཞིར་བཟུང་སྟེ། ལེགས་སྦྱར་གྱི་དབྱངས་གསལ་ལྔ་བཅུ་པོ་རེ་རེ་ལ་བོད་ཡིག་གི་སྒྲ་ཚབ་རེ་རེ་བྱས་པའི་ཚེ། བོད་ཡིག་ཏུ་མེད་པའི་ལེགས་སྦྱར་གྱི་སྒྲ་ཚབ་ཏུ། ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿབཅས་དབྱངས་བཅུ་གཅིག་དང༌། གྷ་ཛྷ་ཌྷ་དྷ་བྷ་ཊ་ཋ་ཌ་ཎ་ཥ་ཀྵ་བཅས་གསལ་བྱེད་བཅུ་གཅིག་བསྡོམས་པས་དབྱངས་གསལ་ཉེར་གཉིས་གསར་དུ་བཟོས། ལེགས་སྦྱར་གྱི་ཡི་གེ་ལ་བརྩེགས་མར་ཡོད་པ་ཇི་བཞིན་དུ་བོད་ཡིག་ལའང་བརྩེགས་ནས་ལེགས་སྦྱར་གྱི་སྒྲ་ཚབ་ཏུ་ཆ་ཡོངས་སུ་ཚང་བར་བཀླག་ཏུ་རུང་བའི་སྔགས་ཡིག་འདི་ཉིད་གསར་ཏུ་བཟོས་པ་ལ་ཐུ་མིས་གསར་དུ་བཟོས་པའི་བོད་ཡིག་ཅེས་པའི་ཤོད་སྲོལ་འདི་བྱུང་བར་སྣང༌།
དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པ་ཁག་གི་རྒྱ་དཔེ་དང༌། འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་པའི་རྒྱ་དཔེ་རྣམས་ཀྱང་ཆབས་ཅིག་བསྣམས་ནས་ཕེབས་པ་དང༌། རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་དགྱེས་ཚོར་ཆེན་པོས་བསུ་བ་གནང༌། ལྷ་སའི་སྐུ་མཁར་མ་རུ་ཞེས་པ་དེང་སང་ཕ་བོང་ཁ་བྱ་བའི་ཡུལ་འདིར་ཐུ་མིས་བཞུགས་གནས་བཅས། དམ་པའི་ཆོས་ཀྱི་མདོ་རྒྱུད་རྣམས་བོད་སྐད་དུ་བསྒྱུར་པ་དང་། ལེགས་སྦྱར་གྱི་བརྡ་སྤྲོད་རིག་པའི་གཞུང་ལ་གཞིར་བཟུང་ནས་སུམ་རྟགས་ལ་སོགས་བོད་ཀྱི་བརྡ་སྤྲོད་རིག་པ་སྐབས་བརྒྱད་ཅན་ཞིག་བརྩམས།
མངའ་རིས་ཞེས་པའི་ཡུལ་མིང་ཆགས། །
སྤྱི་ལོ་634པའི་ཤིང་རྟ་ལོར་ཤར་ཕྱོགས་ཐང་གི་རྒྱལ་པོ་དང་འབྲེལ་བ་བྱས་ཤིང་སྲས་མོ་ཁབ་ཏུ་བསུ་བའི་གྲོས་མ་མཐུན་ནས་ཆོས་རྒྱལ་སྲོང་བཙན་རང་གིས་དམག་དཔོན་བྱས་ཤིང་རྒྱ་ནག་ལ་དམག་དྲངས། གཅུང་གུང་རི་གུང་བཙན་གྱིས་རྒྱལ་སྲིད་བསྐྱངས་ནས་བཞུགས། དེ་ནས་བོད་ཐང་བར་ལོ་བརྒྱད་དམག་འཁྲུག་བྱས།
ལྕགས་གླང་སྤྱི་ལོ་641ལོར་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཕྲན་དང་ཚོ་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་བོད་ཡོངས་གཅིག་གྱུར་བྱེད་པའི་སྲིད་དབང་བཙུགས་པ་དེ་སྲ་བརྟན་ཡོང་བ་དང༌། སྟོབས་དང་ལྡན་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྒོ་ནས་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཡོང་བ། མཐའ་མཚམས་བརྟན་པོ་ཡོང་བ་བཅས་དགོས་པ་དུ་མའི་ཆེད་དུ་ཡིན་པ་ནི་སྨོས་མ་དགོས། སྐབས་དེར་ཁྲིམས་ཡིག་གཏན་ལ་ཕབ་པའི་སྐོར་ལ 《ཆོས་འབྱུང་མཁས་པའི་དགའ་སྟོན》 ལས་གསལ་བ་རྣམས་གོ་སླ་བའི་ངག་གིས་བཀྲལ་ན། དེ་ལྟར་རྒྱལ་པོས་བློན་པོ་རྣམས་ལ་ཁོད་②བཅའ་དགོས་པའི་རྒྱུ་མཚན་དང༌། ཁོད་བཅའ་ཡུལ་གྱི་ས་གནས། ཁོད་དཔོན་རྣམས་གཏན་ལ་ཕབ་པ་ནི། བོད་ཀྱི་ཁོད་བཅའ་ཡུལ་སྐྱི་ཤོད་མ་ར་དང༌། ཁོད་དཔོན་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང༌། ཞང་ཞུང་གི་ཁོད་བཅའ་ཡུལ་ཁྱུང་ལུང་རྡོལ་མཁར་དང༌། ཁོད་དཔོན་ཁྱུང་པོ་སྤུང་སད་ཟུ་ཙེ། སུམ་པའི་(བོད་ཡུལ་ཤར་ཕྱོགས་མདོ་ཁམས་ཀྱི་ཡུལ་གྲུ)ཁོད་བཅའ་ཡུལ་ནམ་ར་ཞ་མདོ། ཁོད་དཔོན་ཧོར་བྱ་ཞུ་རིང་པོ། ཆིབས་ཀྱི་ཁོད་བཅའ་ཡུལ་གྲམ་པ་ཚལ་དང༌། ཁོད་དཔོན་དབང་བཙན་བཟང་དཔལ་ལེགས། མཐོང་ཁྱབ་ཀྱི་(རྨ་སྤོམ་ར་མན་ཆད་དེང་དུས་ཨ་མདོའི་ཡུལ་རྣམས།) ཁོད་བཅའ་ཡུལ་རི་བོ་གཡའ་དམར་དང༌། ཁོད་དཔོན་ཅོག་རོ་རྒྱལ་མཚན་གཡང་གོང་རྣམས་བསྐོས། ཁོད་དཔོན་དེ་དག་གིས་ཀྱང་རང་བློ་སྒེར་གཅོད་ཀྱིས་ཁོད་མ་བཅས་པར། མང་ཚོགས་ཀྱི་ནང་དུ་བློ་རིག་གྲུང་ལ་ཉམས་མྱོང་ཆེ་བའི་མི་ཡོད་པ་དེ་དག་ལས་བསམ་འཆར་བསྡུ་ལེན་བྱས་ཏེ་ཁྲིམས་ཡིག་དོན་ཚན་སོ་དྲུག་གམ་ཁོད་སོ་དྲུག་ཅེས་པ་དེ་བཅས་ཡོད་པའི་ཚུལ 《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ལས། བློན་པོ་མགར་གྱིས་འཕན་ཡུལ་གྱི་དར་རྒྱལ་མང་པོ་རྗེ་དང༌། མཆིམས་མང་བཞེར་ངན་པ་བྱ་བའི་ལུག་རྫི་བཅས་ལ་ཁོད་བཅའ་སྟངས་སྐོར་གྱི་གཏམ་དྲིས་པའི་ཚུལ་གྱི་ལོ་རྒྱུས་གཏམ་རྒྱུད་དང་འདྲེས་མ་ཞིག་ཡོད་པ་དེ་ལས་ཤེས་ཐུབ། ལོ་དེར་རྒྱ་ནག་ཐང་གི་རྒྱལ་པོའི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་དུ་གདན་དྲངས། སྐབས་དེར་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་གཏན་འབེབས་བྱས་པའི་སྒྲིག་སྲོལ་སྐོར་ལ།
ཡིག་ཚང་དྲུག་ནི། ①གསེར་ཡིག ②གཡུ་ཡིག ③དངུལ་ཡིག ④ཕྲ་མན་གྱི་ཡི་གེ། ⑤ཟངས་ཡིག ⑥ལྕགས་ཡིག་སྟེ་དྲུག་ཡིན་ལ། འདི་ནི་བློན་པོ་སོ་སོའི་གོ་གནས་ཀྱི་རིམ་པ་མཚོན་བྱེད་དང་། རྒྱལ་པོའི་འབངས་མིའི་ཁོངས་སུ་ཆུད་པའི་རྟགས་མཚོན་ཞིག་ཀྱང་ཡིན།
དེ་ཡང 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ཡིག་ཚང་ནི་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མན་གཉིས། ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་རེ་དབྱེ་བས་བཅུ་གཉིས་སོ། དེ་ཡང་གུང་བློན་ཆེན་མོ་ལ་གཡུ་ཡིག་ཆེན་མོ་གནང༌། 【གཡུ་ཡིག་ཆེན་མོའི་ཐོབ་ཐང་ཅན】 གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ༌།【གཡུ་ཡིག་ཆུང་ངུའི་ཐོབ་ཅན】 གུང་བློན་ཐ་ཆུང་དང་ནང་བློན་ལ་འབྲིང་པོ།【གཡུ་ཡིག་འབྲིང་པོའི་ཐོབ་ཅན】 བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་མོ།【གསེར་ཡིག་ཆེན་མོའི་ཐོབ་ཅན】 ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌།【གསེར་ཡིག་ཆུང་ངུའི་ཐོབ་ཅན】 བཀའ་བློན་ཐ་ཆུང་ལ་ཕྲ་མན་གྱི་ཡི་གེ་གནང༌། 【ཕྲ་མན་ཐོབ་ཅན】 གཞན་ཡང་ཆོས་གྲྭའི་སློབ་དཔོན། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་མོ་བྱིན།【དངུལ་ཡིག་ཆེན་མོའི་ཐོབ་ཅན】 སྐུ་འཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང༌། སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ།【དངུལ་ཡིག་ཆུང་ངུའི་ཐོབ་ཅན】 ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ།【འཁར་ཡིག་ཐོབ་ཅན】 སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག【ཟངས་ཡིག་ཐོབ་ཅན】 གཡུལ་དུ་དཔའ་བ་ལ་ལྕགས་ཡིག【ལྕགས་ཡིག་ཐོབ་ཅན】 ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་འབངས་ཕལ་པ་ལ་གནང་སྐད།【ཤིང་སྐྱ་ཐོབ་ ཅན་ 】ཞེས་སོ། ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་རྒྱལ་པོའི་འབངས་སུ་གཏོགས་པ་ཐམས་ཅད་ལ་ཡོད་དགོས་པ་དེང་དུས་འབངས་མིའི་ལག་ཁྱེར་དང་འདྲ་བ་ཞིག་ཡིན་པར་སྙམ།
རྒྱལ་པོའི་བློན་འབངས་རྣམས་ལ་སོ་སོའི་ཐོབ་ཐང་མཚོན་བྱེད་ཀྱི་ཡི་གེ་གནང་ཚུལ་གོང་གི་དེ་ལས་ཁ་གསལ་བ་ཞིག《མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང》དུ་བཤད་ པ་དེ་གོ་བདེ་བར་བྱས་ན། ཡི་གེ་ཆེ་བ་ཅན་གྱི་དཔོན་དྲུག་ནི། 1 སྐུའི་སྔགས་མཁན། 2 བཀའ་ཡོ་འགལ་འཆོས་པ། 3 གནས་བརྟན་ཆེན་པོ། 4 ཆོས་གྲྭའི་སློབ་དཔོན། 5 སྟོད་སྨད་དབང་བློན། 6 དབུས་ཀྱི་གུང་བློན་བཅས་སོ།
སྡེ་དཔོན་རྣམས་སོ། 5 ལྕགས་ཡིག་ཅན་ནི། གཡུལ་དུ་དཔའ་བའི་དཔའ་བོ་རྣམས། 6 ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ཅན་ནི། འབིག་ཏོ་སུམ་བརྒྱ་དྲུག་ཅུ་དང་། མོན་སྡེ་བཞི་ལ་སོགས་བཙན་པོའི་འབངས་སུ་ཆུད་པ་རྣ མས་སོ།
ཕྱག་རྒྱ་དྲུག་ནི། ①སྒྲོམ་བུ། ②རུ་མཚོན། ③ སྐུ་མཁར། ④ལྷ་ཁང༌། ⑤སྟག་སློག ⑥ཡིག་ཚང་སྟེ་དྲུག་ཡིན་ལ། འདི་ནི་ལས་ཚན་སོ་སོའི་དབང་རྟགས་མཚོན་བྱེད་ཀྱི་ཕྱག་རྒྱ་སྟེ་དེང་དུས་ཀྱི་ཐེལ་ཙེ་དང་གཅིག་ཡིན་འདུག དེ་ཡང 《ཆོས་འབྱུང་མཁས་པའི་དགའ་སྟོན》 ལས། བཀའ་རྟགས་ཀྱི་ཕྱག་རྒྱ་སྒྲོམ་བུ། ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན། ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར། ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང༌། དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚང་དུ་བཅད་དོ། ཞེས་གསལ་བ་འདི་དག་ནི་གོང་གསལ་སྡེ་ཚན་ཁག་གི་ཕྱག་དམ་མཚོན་བྱེད་ཀྱི་རྟགས་སུ་བཀོད་པའི་རི་མོ་ཡིན་པར་ངེས།