གནས་ཡིག་རྙིང་པ་ལས། མདོ་སྨད་ཡུལ་གྱི་དབུས་ལྟེ་རུ༔རྡོ་རྗེ་གྲོ་ལོད་ཅེས་བྱ་བའི༔ སྲིད་གསུམ་འགྲན་ཟླ་ཀུན་བྲལ་བའི༔ཆེ་བའི་ཡོན་ཏན་དཔག་ཡས་སོ༔ ཞེས་པར་བལྟས་ན། གནས་འདི་ནི་སྲིད་གསུམ་འགྲན་ཟླ་ཀུན་བྲལ་བའི་གནས་མཆོག་ཅིག་ཡིན་ལ། བཤད་སྲོལ་ལ་འདི་ནི་གནས་ཐམས་ཅད་ཀྱི་མགོ་ཡིན་པས་གནས་ཀྱི་མིང་ལ་གནས་མགོ་ཞེས་ཀྱང་ཟེར་ཏེ། བྲག་རི་རྡོ་རྗེ་འདྲ་བའི་བྲག་འབུར་གཉིས་ཀྱི་ཉག་ཏུ་གསང་སྔགས་རྙིང་མའི་དགོན་པ་ཞིག་འདུག་པ་ལ་གནས་མགོ་དགོན་ཞེས་གནས་མིང་དགོན་པར་ཐོགས་པ་རེད་ཟེར་སྲོལ་ཡོད་པས། གནས་མགོ་དགོན་ཟེར་བ་ལས་གཙང་གཤིས་རྡོ་རྗེ་གྲོ་ལོད་གང་དུ་ཡོད་ཤེས་མཁན་ནི་ཧ་ཅང་ཉུང་ཉུང་རེད་འདུག དེ་ལྟ་བུའི་གནས་མཆོག་འདི་ནི་དེང་སང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་གཙང་ཤོད་ཤང་གི་ཁོངས་སུ་ཆགས་ཡོད། དེའང་སི་ཁྲོན་འབའ་པ་རྫོང་གི་བྱ་ཁྱུང་གྲོང་ནས་རྒྱལ་ལམ318པ་བགྲོད་དེ་སྨར་ཁམས་རྫོང་དུ་མ་སླེབས་གོང་ཧད་ཐང་དམག་ཚུགས་(海通兵)ཡོད་སའི་ལུང་པ་དེད་དེ་གཙང་ཤོད་ཤང་དུ་མ་སླེབས་ཙམ་གཡོན་ཕྱོགས་ཀྱི་ལུང་པའི་ནང་དུ་འགྲོ་བར་སྨར་ཁམས་རྫོང་ཐོག་ནས་སྤྱི་ལེ་70ཙམ་གྱི་རྒྱང་ཐག་འདུག
མཆོག་གྱུར་བདེ་ཆེན་གླིང་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། བོད་ཀྱི་མདོ་ཁམས་རྔུ་ཞེས་བྱ་བ་རུ༔ གཙང་ཞེས་བྱ་བ་བྲག་རི་རྡོ་རྗེ་འདྲ༔ པདྨ་བདག་ཉིད་དྲག་པོར་སྐུར་བཞེངས་པའི༔ ཞབས་ཀྱི་རྗེས་དང་ཟླ་གསུམ་སྒྲུབ་གནས་ཡོད༔ སྐུ་ཡི་གཏེར་གཉིས་གསུང་གི་གཏེར་ལྔ་སྦས༔ ཞེས་གསུངས་པ་དང་། གཏེར་སྟོན་པདྨ་དབང་དྲག་པའི་གཏེར་ལུང་ལས༔ ཁྱད་པར་དུ་འཕགས་པའི་སྲིད་པ་གསུམ་ན་འགྲན་ཟླ་བྲལ་བའི་གཙང་གཤིས་རྡོ་རྗེ་གྲོ་ལོད་ཅེས་བྱ་བ༔ འདི་ཉིད་ཕྱི་ལྟར་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ཕོ་བྲང་ཡིན༔ ནང་ལྟར་སྟོན་པ་རྡོ་རྗེ་སེམས་དཔའི་ཕོ་བྲང་ཡིན༔ གསང་བ་ལྟར་ན་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཕོ་བྲང་ཡིན༔ ཕྱི་ནང་ཞལ་གཟིགས་ནམ་མཁའི་སྐར་ཚོགས་འདྲ༔ མཆོག་གི་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམ་ཡོད༔ དྷཱཀྐི་བདེ་ཆེན་རྒྱ་མཚོ་མ་ཡི་སྒྲུབ་ཕུག་གསུམ་ཡོད༔ སྤྲུལ་པའི་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཉི་ཤུ་རྩ་ལྔ་ཡོད༔ པད་འབྱུང་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་ཡི༔ ཕྱག་ཞབས་རྗེས་རྣམས་གྲངས་ལ་ཕྱི་རུ་མི་འགྱུར་བའི་གཟེར་བཞི་ཡོད༔ ནང་དུ་མི་ཟད་པ་སྙིང་པོའི་གཏེར་ལྔ་ཡོད།
འཆི་བ་མེད་པའི་ཚེ་ཆུ་ཡོད༔ ཉེས་ལྟུང་དག་པའི་ཁྲུས་ཆུ་རྣམ་གསུམ་ཡོད། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་བརྒྱ་རྩ་ཡོད༔ ཞེས་སོགས་གསུངས་པ་ལྟར་རོ། གནས་འདི་ཉིད་དུ་སློབ་དཔོན་པདྨ་སྐུ་མཚམས་སུ་བཞུགས་མྱོང་ལ། བྲག་ངོས་ཞིག་ལ་སློབ་དཔོན་ཉིད་ཀྱི་བཞེངས་སྐུ་རང་བྱོན་དང་། དེ་བཞིན་དུ་གཏེར་ནས་བཏོན་པའི་རྟ་མཆོག་དང་། ཚེ་ཆུ། རྗེ་འབངས་ཉེར་ལྔ་ལ་སོགས་པའི་སྐུ་ལུས་ཕྱག་ཞབས་རྗེས་ཡིག་འབྲུ་རང་བྱོན་སོགས་མངོན་སུ་གསལ་ཐོན་མང་པོ་ད་ལྟའང་གང་ཟག་སུས་ཀྱང་མཇལ་ཐུབ་པ་ཡོད་པ་ནི་གནས་གཞན་ལས་འདི་ཉིད་ཁྱད་དུ་འཕགས་པའོ། །
ཡང་། གནས་མཆོག་འདི་ལ་ཚོགས་འཁོར་སུས་བསྐོར་བ༔ ཚེ་འདི་ཉིད་ལ་རིག་འཛིན་གྲལ་དུ་འཁོད༔ གནས་མཆོག་འདི་ལ་དར་ཅོག་སུས་འཛུགས་པ༔ ཕོ་བྲང་རི་བོ་ཏ་ལར་སྐྱེ་བར་ངེས༔ གནས་མཆོག་འདི་ལ་མར་མེ་སུས་ཕུལ་བ༔ སངས་རྒྱས་མར་མེ་མཛད་དང་སྐལ་པ་མཉམ༔ གནས་མཆོག་འདི་ལ་བསྐོར་བ་བཅུ་གསུམ་སུས་རེག་པ༔ བཛྲ་གུ་རུ་ཡིག་དྲུག་དུང་ཕྱུར་འགྱུར༔ ཆོས་སྐུ་ཁྱབ་གདལ་ཀློང་ཡངས་ནས༔ གྲུབ་མཐའ་ཕྱོགས་འཛིན་མིང་མེད་པས༔ བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང་༔ ཚེ་དབང་རིག་འཛིན་ལ་སོགས་པ༔ རིག་འཛིན་བརྒྱད་ཅུས་ཞབས་ཀྱིས་བཅགས༔ རིག་འཛིན་གསང་བའི་གསས་ཁང་ཡིན༔ བོན་སྐུ་ཀུན་ཏུ་བཟང་པོ་དང་། བདེ་གཤེགས་གཙོ་བཞི་སངས་རྒྱས་བཅུ་གསུམ་དང་༔ བསྐལ་པ་བཟང་པོའི་སངས་རྒྱས་ཁྲི་དྲུག་སྟོང་། བླ་ཆེན་ཡབ་སྲས་སྐུ་རྣམས་གསལ་བར་བཞུགས༔ གསང་བོན་བླ་མེད་གཏེར་གསུམ་ཡོད༔ གོང་བཞིན་བོན་བསྐོར་བཅུ་གསུམ་སུས་བྱས་པ༔ མ་ཏྲི་མུ་ཡེ་དུང་ཕྱུར་ངེས་པར་འགྱུར༔
གནས་མཆོག་འདི་ནི་གྲུབ་མཐའ་ཕྱོགས་རིས་མེད་པའི་གནས་ཡིན་པས། གནས་སུ་བཞུགས་པའི་ལྷ་དང། གནས་ལ་བསྐོར་བ་བྱེད་སྐབས་ཡང་བོན་ལུགས་དང་བན་ལུགས་ཇི་ལྟ་བ་བསྒོམ་སྒྲུབ་དང། གཡས་བསྐོར་དང་གཡོན་བསྐོར་གང་བྱས་ན་ཕན་ཡོན་ཡང་དེ་བཞིན་དུ་ཡོད་པའི་ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལངས་པར་གསུངས།
གཏེར་སྟོན་རིན་ཆེན་གླིང་པའི་ཟབ་མོ་གནད་ཀྱི་ལུང་བྱང་ལས། ཁྱད་པར་སྙ་བོའི་ལུང་ཞེས་མཁའ་འགྲོའི་སྦས་ལུང་དུ༔ ཕུ་རུ་རིགས་གསུམ་མགོན་པོའི་གནས༔ བར་དུ་ལྗོན་པ་ལུང་དང་གླང་ཆེན་བྲག ༔མདའ་རུ་བྱམས་པ་རི་ཞེས་དཔལ་གྱི་རྫོངས༔ ཁྱད་པར་མདོ་ཁམས་ཤར་ཕྱོགས་སུ༔ གུ་རུ་ང་ཡི་བསྒྲུབ་པའི་གནས་མཆོག་ལ༔ ཁྱད་པར་སྲིད་གསུམ་འགྲན་ཟླ་ཀུན་བྲལ་བའི༔ གཙང་གཤིས་རྡོ་རྗེ་གྲོ་ལོད་ཅེས་བྱ་བ༔ འཕྲིན་ལས་འགྲོ་བ་འདུལ་བའི་གནས་མཆོག་ཡིན༔ རི་བར་སྤུངས་རི་རྩེར་ལ་སོགས་པ༔ གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ མཐོང་ཐོས་དྲན་པས་རིགས་དྲུག་སྐྱེ་སྒོ་གཅོད༔ ཕྱག་བསྐོར་འབྲེལ་བས་རིག་འཛིན་ས་ལ་འཁོད༔ ཅེས་གསུངས་པས། གནས་འདི་ཡི་ཆ་ལག་འཁོར་གྱི་ཚུལ་དུ༔ རི་བ་མ་ནས། ཤར་སྤུངས་རི་འདམ་ཆེན་རྩེ་ར་ཡན་དུ་གནས་ཕྲན་བརྒྱ་རྩ་བརྒྱད་ཡོད་པར་གསུངས་བལྟས་ན་གནས་འདིའི་ཕྱོགས་མཚམས་སུ་ལི་ཐང་ཀཾ་པོ་གནས་དང་། རང་བཙན་ཁ་བ་དཀར་པོ་སོགས་ཀྱིས་ཕྱོགས་མཐའ་བསྐོར་བའི་གནས་ཀྱི་གཙོ་བོ་ཡིན་པ་མངོན།
ཡང་། གནས་ཀྱི་དགུངས་ཤིང་སྟག་གི་ལོར། །དགེ་བའི་ཕན་ཡོན་བསམ་མི་ཁྱབ། །དེ་ལ་གྲངས་ཚད་ངེས་འབྱེད་ཀྱི། །དྲང་དོན་ཡིད་ཀྱི་ཤིང་རྟ་བསྟན། དེ་ཡང་དགེ་བའི་ཕན་ཡོན་ནི། །བསམ་གྱིས་མི་ཁྱབ་སངས་རྒྱས་གསུངས། ། ཞེས་པའོ། །
གནས་འདིའི་གནས་འདུས་ནི་སྟག་ལོ་ནམ་ཤར་གྱི་ལོ་དེ་ཡིན། དེའང་གནས་འདུས་ཞེས་པ་ནི། རྣམ་གྲོལ་དབུགས་ཆེན་འབྱིན་པ་ཡི། ། འོག་མིན་རྣམ་སྣང་གངས་ཆེན་མཚོ། ། ལོངས་སྐུའི་ཞིང་དང་སྟོང་གསུམ་ཁམས།། སྤྲུལ་སྐུ་ཞིང་ཁམས་བསམ་མི་ཁྱབ། ། བྱེ་བྲག་རྒྱ་གར་རྒྱ་ནག་དང་། ། བལ་བོད་གནས་ཆེན་ཉེར་བཞི་དང་།།གནས་ཕྲན་བསམ་གྱིས་མི་ཁྱབ་ཀུན། ། འདིར་འདུས་ཕྱིར་ན་གནས་འདུས་གྲགས། ། ཞེས་གསུངས་སོ། །
དེ་ལྟར་གནས་འདི་སུས་མཐོང་ན་མི་སྤྲོ་བ་མེད་པའི་དྲི་བཟང་ཀུན་ཏུ་ཁྱབ་པའི་རྩི་ཤིང་ནགས་ཚལ་གྱིས་ཁེངས་པ་དང་། བྱ་རིགས་རི་དྭགས་སྣ་ཚོགས་དང་མིའི་བར་གྱི་འཚོ་བ་འཆམ་པོ་གནས་པའི་སྤྲོ་སྣང་གི་དགའ་ཚལ་ཞིག་ཏུ་ཡིན་ལ། དེང་སང་ཡང་ཆབ་མདོ་ས་ཁུལ་དང་སྨར་ཁམས་རྫོང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམས་ཀྱི་ས་ཁུལ་འཆར་བཀོད་ནང་དུ་གནས་འདི་འཇུག་སྟེ་གསར་གཏོད་བྱེད་བཞིན་པའོ། །
གནས་ཆེན་གཙང་གཤིས་རྡོ་རྗེ་གྲོ་ལོད།