༄༅།། བྱིས་པར་ནད་བྱུང་སྟེ་སློབ་གྲྭར་འགྲོ་མ་ཐུབ་ན་ཇི་ལྟར་བྱེད་དགོས།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15


གྱོད་དཔེ།
        བུ་ཆུང་བློ་ལྡན་ད་ལོ་སློབ་གྲྭར་འགྲོ་བའི་དུས་ལ་ཐོན་པས།ཁྱིམ་མི་གང་བོས་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་ཁོ་རང་སློབ་གྲྭར་བསྐྱལ་བར་སྟ་གོན་བྱེད་བཞིན་པའི་སྐབས་ལ། སྟབས་མ་ལེགས་པར་བུ་ཆུང་བློ་ལྡན་ལ་འགོས་ནད་དྲག་པོ་ཞིག་བྱུང་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་། ཡུན་རིང་བོར་སྨན་ཁང་དུ་བསྡད་པའི་ཐོག་ད་དུང་སྨན་པས་ནད་འདིའི་རིགས་ངེས་པར་ཡུལ་ནས་གསོ་སྐྱོང་བྱེད་དགོས་ཟེར་བས། བློ་ལྡན་སློབ་གྲྭར་འགྲོ་འདོད་པའི་འདུན་པ་མེ་ལྟར་འཕྱུར་བ་དེའང་གློ་བུར་དུ་དྲག་ཆར་གྱི་བཅོམས་པ་ལྟར་གྱུར། ཁྱིམ་མི་གང་བོ་དོན་དེར་བྲེལ་ཤ་ལངས་ཏེ་བུ་ཆུང་བློ་ལྡན་སློབ་འགྱངས་བྱེད་པའི་རེ་འདུན་ཞུ་ཡིག་འབྲི་བཞིན་ཡོད། སློབ་ལོ་རན་པའི་བྱིས་པར་ནད་བྱུང་སྟེ་དུས་ལྟར་སློབ་གྲྭར་འགྲོ་མ་ཐུབ་ན་ཇི་ལྟར་བྱེད་དགོས།

ཁྲིམས་བཤད།
        དོན་འདི་ལས་ང་ཚོས་སློབ་ལོ་རན་པའི་བྱིས་པར་གློ་བུར་དུ་ནད་བྱུང་སྟེ་སློབ་གྲྭར་འགྲོ་མ་ཐུབ་ཚེ། ཕ་མས་ཇི་ལྟར་བྱ་དགོས་པའི་ཁྲིམས་ལུགས་ཀྱི་ཤེས་བྱ་ཞིག་ལ་རྒྱུས་ལོན་བྱས་ཆོག་སྟེ། བློ་ལྡན་གྱི་ཕ་མས་སློབ་གྲྭར་སློབ་འགྱངས་བྱེད་པའི་རེ་ཞུ་ཡི་གེ་བྲིས་ཏེ་བྱིས་པའི་འགན་བབས་སློབ་གསོའི་དུས་ཡུན་ཕྱིར་འགྱངས་བྱས་ཆོག་པར་མ་ཟད། བྱིས་པའི་ལུས་ཁམས་ཕྱོགས་ཡོངས་ནས་བདེ་ཐང་ཡོང་རྗེས་ད་གཟོད་ཁོ་རང་སློབ་གྲྭར་བསྐྱལ་ཆོག་པའི་ཁྲིམས་སྲོལ་ཡོད་པ་རེད།
        《འགན་བབས་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བའི་ནང་དོན་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་མིར་གྱུར་བའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཞིག་ཡིན་ཕྱིན། ཕོ་མོ་དང་མི་རིགས། རུས་རྒྱུད། ཁྱིམ་གྱིི་དབུལ་ཕྱུག་ཆོས་ལུགས་དད་མོས་སོགས་ཀྱི་དབྱེ་བ་གང་ཡང་མི་འབྱེད་པར། ཚང་མས་ཁྲིམས་ལྟར་འདྲ་མཉམ་གྱིས་འགན་བབས་སློབ་གསོ་མྱོང་བའི་དབང་ཆ་ཡོད་ལ། འགན་བབས་སློབ་གསོ་དང་ལེན་དང་ལག་བསྟར་བྱེད་པའི་འགན་འཁྲིའང་ཡོད།
        གལ་ཏེ་ནར་མ་སོན་པའི་སྐྱེ་བོའི་ལུས་ཁམས་བདེ་མིན་གྱི་རྒྱུ་རྐྱེན་ལས་དུས་ལྟར་སློབ་གྲྭར་འགྲོ་མ་ཐུབ་ཚེ། རང་རྒྱལ་གྱི་འགན་བབས་སློབ་གསོའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། ནར་མ་སོན་པའི་སྐྱེ་བོའི་ཕ་མ་དང་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་གང་ཡིན་རུང་། ངེས་པར་ཤང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་དང་ཡང་ན་རྗོང་རིམ་པ་ཡན་ཆད་ཀྱི་སློབ་གསོའི་སྡེ་ཁག་ལ་གནས་ཚུལ་ཞུས་ཏེ། སློབ་གྲྭར་མི་འགྲོ་བ་དང་སློབ་འགྱངས་བྱེད་པའི་རེ་ཞུའི་ཡི་གེ་བྲིས་ཏེ་ཆོག་མཆན་བཀོད་དགོས་པ་མ་ཟད། ད་དུང་རྫོང་རིམ་པ་ཡན་ཆད་ཀྱི་སློབ་གསོའི་དོ་དམ་སྡེ་ཁག་གིས་དམིགས་བཙུགས་སྨན་ཁང་གི་བདེན་དཔང་བྱས་རྗེས།ད་གཟོད་    ནར་མ་སོན་པའི་སྐྱེ་བོ་དེས་འགན་བབས་སློབ་གསོ་མི་མྱོང་བ་དང་ཡང་ན་དུས་འགྱང་བྱས་ཆོག་ལ། གལ་ཏེ་དུས་འགྱངས་བྱས་པའི་དུས་ལས་བརྒལ་ཏེ་ད་དུང་བྱིས་པ་སློབ་གྲྭར་འགྲོ་མ་ཐུབ་ཚེ། ཕ་མས་ཡང་བསྐྱར་གནས་ཚུལ་དེ་གཞི་བྱས་ཏེ་སློབ་འགྱངས་རེ་ཞུ་ཡི་གེ་ཞིག་འབྲི་དགོས།
        གྱོད་གཞི་འདི་ལས་བློ་ལྡན་གྱི་ཕ་མ་གཉིས་ཀྱིས་བྱིས་པས་འགན་བབས་སློབ་གསོ་ཡོངས་འགྲུབ་བྱེད་པའི་ཆེད་དུ་གོང་རིམ་གྱི་སློབ་གསོའི་སྡེ་ཁག་ལ་སློབ་འགྱངས་རེ་ཞུའི་ཡི་གེ་བྲིས་པ་འདི་ནི་ང་ཚོ་ཕ་མ་དག་གིས་རྗེས་སུ་ཡི་རང་དང་སློང་སྦྱོང་བྱེད་དགོས་པའི་གནད་དམ་ཞིག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1