ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག ཁྲིམས་ལུགས་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་གཞི་རྩའི་བྱེད་སྟངས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད་ཅེས་བསྟན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་སླར་ཡང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་བ་དེ་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུའི་གལ་འགངས་ཆེ་བའི་གྲུབ་ཆ་ཁག་གཅིག་ཏུ་བརྩིས་ནས་ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་རྒྱུ་དང་། ཁྲིམས་ལག་བསྟར་ནན་པོ་བྱེད་པ། གཞུང་དྲང་གིས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་ནས་རྒྱུན་ཆད་མེད་པར་ཁྲིམས་བརྟེན་རྒྱལ་སྐྱོང་གི་རྣམ་པ་གཏོད་རྒྱུ་རེད། ཁྲིམས་སྐྱོང་གི་འདུ་ཤེས་དེ་བསྐྱར་བསྒྲགས་ཡང་ཡང་བྱས་ནས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚན་པའི་རྒྱལ་སྐྱོང་སྲིད་གཉེར་གྱི་ཆེས་གསར་ཤོས་ཀྱི་རྟགས་མཚན་ཞིག་ཏུ་གྱུར་པ་རེད།ཁྲིམས་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་། དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་། མི་དམངས་ཀྱི་ཁེ་ཕན་འགན་སྲུང་བྱ་རྒྱུར་སྐུལ་འདེད་གཏོང་ཡས་ཀྱི་འགག་རྩ་ཡིན་ལ། སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་སྲུང་འཛིན་བྱ་རྒྱུའི་རྨང་གཞིའང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་བརྟེན་རྒྱལ་སྐྱོང་དང་། ཁྲིམས་བརྟེན་སྲིད་སྐྱོང། ཁྲིམས་བརྟེན་སྲིད་འཛིན་བྱ་རྒྱུ་བཅས་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལ་བརྟེན་ནས་སྲིད་གཞུང་སྐྱོང་བ། ཁྲིམས་ལ་བརྟེན་ནས་སྤྱི་ཚོགས་སྐྱོང་བ་བཅས་གཞི་གཅིག་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རྣམས་ཀྱིས་ཁྲིམས་འགལ་བྱེད་འདོད་མེད་པ་དང་། ཁྲིམས་དང་མི་འགལ་བ། ཁྲིམས་དང་འགལ་མི་ཕོད་པའི་ཁྲིམས་སྐྱོང་གི་ཁོར་ཡུག་གཅིག་ཆགས་པ་བྱེད་དགོས་ཞེས་ནན་གསུང་གནང་།
སི་ཁྲོན་ནི་ནུབ་རྒྱུད་ཀྱི་ནང་ལོག་གི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་བཤད་ན། མི་གྲངས་མང་བ། རྨང་གཞི་ཞན་པ། འཕེལ་རྒྱས་དོ་སྙོམས་པོ་མིན་པ། འཕེལ་རྒྱས་དལ་བས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོའི་ཕུགས་འདུན་སི་ཁྲོན་གྱི་ལེའུ་འབྲི་དགོས་ན། ཕྱོགས་གཅིག་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་མགྱོགས་པོར་གཏོང་རྒྱུའི་ལས་འགན་དཀའ་ཚེགས་ཆེ་ཞིང། ཕྱོགས་གཞན་ཞིག་ནས་ད་དུང་བཅོས་བསྒྱུར་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་གོ་རིམ་ཁྲོད་ཀྱི་རིགས་སྣ་ཚོགས་ཀྱི་འགལ་བ་དང་འགྲན་རྩོད་ལ་ཐུག་པས། ངེས་པར་དུ་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པར་བརྒྱུད་ནས་བྱ་སྤྱོད་ཚད་ལྡན་ཡོང་བ་དང་། འགལ་བ་ལྷོད་དུ་གཏོང་བ། འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་སྐབས། ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་དོན་དག་སྒྲུབ་པར་ཁྲིམས་བརྟེན་པ་། དོན་དག་དང་ཐུག་དུས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྤྱོད་པ། འགལ་བ་ལྷོད་དུ་གཏོང་བར་ཁྲིམས་ལ་བརྟེན་པའི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་བྱས་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་ཁྲིམས་སྐྱོང་གི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས།
ད་ལོའི་ལོ་འགོར། ཞིང་ཆེན་ཏང་ཨུས་《སི་ཁྲོན་ཞིང་ཆེན་གྱི་ཁྲིམས་བརྟེན་ཞིང་ཆེན་སྐྱོང་བའི་རྩ་གནད》བཟོ་འགོད་བྱས་ནས་བཏོན་ཞིང་། ཁྲིམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་རྒྱུར་སྐུལ་འདེད་གཏོང་ཡས་ཀྱི་ཁྲིད་སྟོན་བསམ་བློ་དང་རྩ་དོན་དམིགས་ཡུལ་། ལག་བསྟར་འཕེལ་རིམ་དང་ལས་འགན་གཙོ་བོ་བཅས་གསལ་པོར་བྱས་ཡོད། 《རྩ་གནད་》ནང་ས་གནས་ཁྲིམས་འཛུགས་བྱ་རྒྱུར་ཤུགས་སྣོན་རྒྱག་སྐབས། མི་རིགས་ས་ཁོངས་རང་སྐྱོང་གི་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཡག་པོ་སྤྱད་ནས་དོན་དངོས་གཞིར་བཟུང་ནས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཡོང་བ་དང་། ཐོན་ཁུངས་གསར་སྦོལ་བེད་སྤྱོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་སོགས་ཕྱོགས་གང་ཐད་ཀྱི་ཁྲིམས་སྲོལ་ཞིབ་འཇུག་དང་བཟོ་འགོད་བྱེད་དགོས། སྟོབས་ཤུགས་གང་ཡོད་ཀྱིས་གཞུང་དྲང་གིས་ཁྲིམས་འཛིན་དང་། སྤྱི་ཚོགས་དྲང་སྙོམས་དྲང་གཞག་སྲུང་སྐྱོང་བྱ་རྒྱུ། ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་ཁྲིམས་ལུགས་ཀྱི་ཚད་ལས་བརྒལ་བའི་དམིགས་བསལ་དབང་ཆ་མེད་ཅིང། དངོས་གནས་དྲང་གནས་ཀྱིས་ཁྲིམས་དང་འགལ་རིགས་རྩད་གཅོད་མཐའ་འདེད་གཏོང་ཐུབ་པ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ལེགས་བཅོས་གཏོང་བ་དང་། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུན་ཆད་མེད་པར་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་བྱང་ཚད་མཐོ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལུགས་དང་མི་འགལ་བའི་གནས་བབ་ཅིག་བསྐྲུན་གང་ཐུབ་བྱས་ཤིང། དམངས་ཡོངས་ཀྱིས་ངེས་པ་དོན་གྱིས་ཁྲིམས་སྲུང་བ་དང་ཁྲིམས་ལ་བརྟེན་ནས་བྱ་བ་བསྒྲུབ་དགོས་ཞེས་གསལ་པོར་བཏོན།
ཁྲིམས་བརྟེན་རྒྱལ་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ཤིག་ཡིན་པ་ལྟར་ཁྲིམས་ལ་བརྟེན་ནས་བོད་ཁུལ་སྐྱོང་བ་ཡང་སི་ཁྲོན་བོད་ཁུལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱ་ཡིན། རང་རེའི་ཞིང་ཆེན་གྱི་བོད་ཁུལ་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་ལྷག་པར་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆགས་དམིགས་ཡུལ་འགྲུབ་པར་འབྲེལ་བ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་པ་རེད། བོད་ཁུལ་གྱི་བརྟན་བརླིང་ནི་ཞིང་ཆེན་ཡོངས་དང་ལྷག་པར་རྒྱལ་ཡོངས་ཀྱི་བརྟན་བརླིང་དང་འབྲེལ་བ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་ཡང་འབྲེལ་བ་ཡོད།
མིག་སྔར། རང་རེའི་ཞིང་ཆེན་གྱི་བོད་ཁུལ་དུ་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་ཅིང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བརྟན་བརླིང་བཅས་ཡིན་མོད། འོན་ཀྱང་ང་ཚོས་ཀྱང་རང་རེའི་ཞིང་ཆེན་བོད་ཁུལ་གྱི་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་དང་ཐུག་ཡོད་པ་གསལ་པོར་མཐོང་ཐུབ་དགོས། དེར་བརྟེན། ང་ཚོས་ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་བརྟེན་བོད་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པོ་དང། དེ་བས་གལ་འགངས་ཆེ་བའི་གནས་སུ་བཞག་ནས་བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་བརྟེན་བོད་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལུགས་ཀྱི་མཚོན་ཆ་སྤྱད་ནས་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་དང་དོན་དག་མ་བུད་གོང་ནས་སྔོན་འགོག་དང་ལྷོད་དུ་གཏོང་བ། ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་སྤྱི་ཚོགས་དོ་དམ་དང་ཞབས་ཕྱི་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་བཅོས་བསྒྱུར་དང་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་ཀར་སྐུལ་འདེད་ཧུར་ཐག་གཏོང་དགོས། །
ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་
ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་བྱེད་སྐབས། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་། ཁྲིམས་ལྟར་བོད་ཁུལ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པར། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རང་རྟོགས་ཀྱིས་སྲིད་གཞུང་གི་དོ་དམ་ལ་དང་ལེན་ཞུ་བ་དང་། ཁྲིམས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་བ། ཁྲིམས་ལྟར་དགོན་པའི་བྱ་བ་དོ་དམ་བྱས་ནས་དགོན་པ་དོ་དམ་དང་ཆོས་ལུགས་བྱ་བ་དེ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་འགྲོ་དགོས་པའི་བླང་བྱ་བཏོན་ནས། དགོན་པ་དོ་དམ་དང་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་གི་འཁོར་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས།
དགོན་པ་ནི་གཞི་རིམ་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་ཡིན་པ་དང་། གྲྭ་བཙུན་ནི་རྒྱལ་ཁབ་ཀྱི་སྤྱིར་བཏང་གི་སྤྱི་དམངས་ཤིག་རེད། ཕྱོགས་གཅིག་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་ཆོས་དད་རང་མོས་ལ་ཁྲིམས་ལུགས་ཀྱིས་འགན་སྲུང་བྱས་ཡོད། ཕྱོགས་གཞན་ཞིག་ནས་གྲྭ་བཙུན་རྣམས་ཀྱིས་ངེས་པར་དུ་སྲིད་གཞུང་གི་དོ་དམ་ལ་དང་ལེན་ཞུས་ནས་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་དགོས། རང་རེའི་རྒྱལ་ཁབ་ཏུ་སྤྱི་དམངས་ཀྱི་ཁྲིམས་ལུགས་ཐོབ་ཐང་ཚང་མ་འདྲ་མཉམ་རེད། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ལ་རྩ་ཁྲིམས་དང་ཁྲིམས་ལུགས་ལས་བརྒལ་བའི་དམིགས་བསལ་ཁེ་དབང་མེད། སྤྱི་དམངས་སུ་ཞིག་ཐོབ་ཐང་ག་ཚད་མཐོ་བ་དང་། བྱས་རྗེས་ག་ཚད་ཆེ་ཡང་ཚང་མས་ཁྲིམས་ལུགས་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས། སྤྱི་དམངས་སུ་ཞིག་དང་མི་རིགས་གང་ཞིག་ཡིན་པ་དང་། གྲུབ་མཐའ་གང་ལ་དད་པ་བྱེད་མཁན་ཚང་མས་ངེས་པར་དུ་ཁྲིམས་ལུགས་ལ་བརྩི་སྲུང་ནན་པོ་ཞུ་དགོས། ཁྲིམས་ལུགས་ལས་གཡོལ་བའི་མི་དང་གྲྭ་བཙུན། དགོན་པ། ས་ཁོངས་བཅས་ཡོད་མི་ཆོག རྩ་འཛུགས་གང་ཞིག་དང་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་ཚང་མས་ངེས་པར་དུ་ཁྲིམས་ལུགས་མ་མཐའི་གཞི་ཐིག་བརྟན་པོར་སྲུང་དགོས་ཤིང་། ངེས་པར་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མ་མཐའི་གཞི་ཐིག་བརྟན་སྲུང་བྱེད་དགོས། ངེས་པར་དུ་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་དགོས། རང་རྒྱལ་རྩ་ཁྲིམས་ཀྱི་དོན་ཚན་ལྔ་པའི་ནང་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཐམས་ཅད་ལ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་དགོས་ཞེས་གཏན་འབེབས་གསལ་པོར་བྱས་ཡོད། དགོན་པ་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་། གྲྭ་བཙུན་ནི་སྤྱིར་བཏང་གི་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་བཤད་ནའང་འདྲ་འདྲ་རེད།དགོན་པ་དང་གྲྭ་བཙུན་དོ་དམ་ཐད། དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་ནས་ཡུན་ཕན་དོ་དམ་གྱི་ནང་རྐྱེན་འཛུགས་ཤིང་། ཁྲིམས་བརྟེན་དོ་དམ་དང། དམངས་གཙོ་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
གཅིག་ནི་ཁྲིམས་བརྟེན་དོ་དམ་ནན་པོ་བྱེད་དགོས། དཔེར་ན་དགོན་པར་གྲྭ་བཙུན་མི་སྣ་གཏན་འབེབས་དོ་དམ་ལམ་ལུགས་ལག་བསྟར་བྱེད་པར། མི་སྣ་གཏན་འབེབས་ཀྱི་གྲངས་ཀ་ལས་བརྒལ་ནས་གྲྭ་བཙུན་བསྡུ་མི་ཆོག གྲྭ་བཙུན་ལ་ཆོས་ལུགས་ལས་སྒྲུབ་མི་སྣའི་ལག་ཁྱེར་ཐོབ་རྗེས། གཞི་ནས་ཆོས་དོན་བྱེད་སྒོ་སྤེལ་ཆོག ཆོས་དོན་བྱེད་སྒོ་དེ་ངེས་པར་དུ་རྩ་ཁྲིམས་དང་། ཁྲིམས་ལུགས། ཁྲིམས་སྲོལ། སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ཁྱབ་ཁོངས་ནང་སྤེལ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་བཅས་ལ་གཏོར་བཤིག་གཏོང་མི་ཆོག རྒྱལ་ཁབ་ཀྱི་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་ཀྱི་ལམ་ལུགས་ལ་ཐེ་གཏོགས་དང་བཀག་འགོག་བྱེད་མི་ཆོག དགོན་པས་ཆོས་དད་མང་ཚོགས་ལ་འགྲོ་གྲོན་བགོ་འགྲེམ་བྱེད་པ་དང་ཡང་ན་རྣམ་པ་གཞན་ལ་བརྟེན་ནས་འགྲོ་གྲོན་བགོ་འགྲེམ་བྱེད་མི་ཆོག
གསུམ་ནི་སྤྱི་ཚོགས་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་དང་བཅོས་བསྒྱུར། ནོར་སྲིད། སློབ་གསོ། སྤྱི་བདེ། འཆར་འགོད་འཛུགས་སྐྲུན། རྒྱལ་ས་ཐོན་ཁུངས། རིག་གནས་ལུས་རྩལ་དང་རྒྱང་བསྒྲགས་བརྙན་འཕྲིན། ཉེན་མེད་ཐོན་སྐྱེད་ལྟ་སྐུལ་སོགས་སྡེ་ཁག་སོ་སོས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་དགོན་པ་སྤྱི་ཚོགས་ཅན་དོ་དམ་བྱེད་པའི་འགན་འཁྲི་ལག་ལེན་བྱས་ནས་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་འབྲེལ་ཡོད་ཀྱི་སྲིད་འཛིན་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ཁུར་དགོས། བོད་བརྒྱུད་ནང་བསྟན་གྱི་པར་སྐྲུན་དངོས་རྫས་སྐོར། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་ཁྲིམས་འགལ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཁྲིམས་འགལ་གྱིས་པར་སྐྲུན་དངོས་རྫས་དང་སྒྲ་ཕབ་གྲུབ་རྫས་པར་སྐྲུན་དང་། དཔར་བ། བསྐྱར་པར། ཕྱིར་ཚོང་། བརྒྱུད་སྒྲོག་བཅས་བྱེད་མི་ཆོག བོད་བརྒྱུད་ནང་བསྟན་གྱི་ཕྱི་འབྲེལ་བྱ་བའི་སྐོར། གྲྭ་བཙུན་གདན་ཞུ་ལྟར་ཕྱི་རྒྱལ་དུ་ལྟ་སྐོར་འཚམས་འདྲི་ཞུ་བ་དང་། ཆོས་ལུགས་རིག་གནས་རིག་གཞུང་སྤེལ་རེས་དང་ཡང་ན་ཕྱི་རྒྱལ་དུ་སློབ་སྦྱོང་སོགས་བྱེད་སྐབས། འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ནང་གི་གཏན་འབེབས་ལྟར་བསྒྲུབ་དགོས། ཁྲིམས་འགལ་གྱིས་ཕྱི་རྒྱལ་དུ་འགྲོ་མི་ཆོག གྲྭ་བཙུན་ཁྲིམས་འགལ་གྱིས་ཕྱི་རྒྱལ་དུ་འགྲོ་མཁན་ལ། དགོན་པའི་དོ་དམ་ཨུ་ལྷན་གྱིས་ཕྱིར་འབུད་གཏོང་དགོས་ཤིང་ནང་བསྟན་ཆོས་ལུགས་མཐུན་ཚོགས་དང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གྲྭ་བཙུན་དེའིི་ཐོབ་ཐང་མེད་པར་བྱེད་དགོས། །
སྤྱི་དམངས་ཚང་མས་རང་རྟོགས་ཀྱིས་ཁྲིམས་སྲུང་དགོས།
རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཁྲིམས་ལུགས་སྦྱོང་བའི་གོམས་གཤིས་ཆགས་པ་བྱས་ནས་བཅའ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་དགོས། རང་རྟོགས་ཀྱིས་《རྔམ་སྟོན་ཁྲོམ་སྐོར་》དང་《ཡིག་བསྐུར་ངོ་གཏུག་གི་ཁྲིམས་སྲོལ་》སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་ལེན་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་ཚོད་འཛིན་གྱིས་རེ་ཞུ་བྱས་ནས་བཅའ་ཁྲིམས་ལྟར་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཡིག་བསྐུར་ངོ་གཏུག་བྱེད་དགོས་ན་དམིགས་འཛུགས་སྣེ་ལེན་བྱེད་སར་ཕྱིན་ནས་གནད་དོན་ཞུ་དགོས་པ་དང་། ལུགས་མཐུན་གྱི་བྱེད་ཐབས་ལ་བརྟེན་ནས་རིམ་པ་རེ་རེ་བཞིན་རེ་ཞུ་བྱེད་དགོས་པ་ལས། དོན་མེད་རྩོད་སློང་བྱ་རྒྱུ་མེད། རྒྱུ་མཚན་ཡོད་ན་བཅའ་ཁྲིམས་ལྟར་ཚོད་འཛིན་གྱིས་རེ་བ་ཞུ་བྱེད་དགོས། རིམ་པ་བརྒལ་ནས་གོང་ལ་ངོ་གཏུག་བྱེད་མི་ཆོག འདུས་འཛོམས་ཀྱིས་འུར་སྒྲ་རྒྱག་མི་ཆོག པེ་ཅིང་སོགས་གཙོ་གནད་ས་ཁུལ་དང་། ཚོར་སྐྱེན་ཆེ་བའི་སར་འདུས་འཛོམས་རྩོད་སློང་བྱས་ནས་སྤྱི་པའི་སྒྲིག་ལམ་དཀྲུག་མི་ཆོག འུར་སྒྲ་བརྒྱབ་ནས་ཐག་གཅོད་བྱེད་རོགས་ཞུ་བར་གཏན་འགོག་བྱེད་དགོས། ཕྱི་རྒྱལ་གྱི་གཞུང་ཚབ་ཁང་སོགས་སུ་ཞུ་གཏུག་བྱེད་པར་གཏན་འགོག་བྱེད་དགོས། འགལ་བ་དང་རྩོད་གཞི། ཉེས་དོན་གྱོད་གཞི་ཡོད་པ་དང་། སྲིད་གཞུང་གི་སྲིད་འཛིན་བྱ་སྤྱོད་ལ་མི་མགུ་བ་དང་ཡང་ན་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ། དེ་མིན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་བཅས་ཀྱི་དབང་གིས་ཁེ་དབང་སྲུང་སྐྱོང་བྱེད་དགོས་ན་བཅའ་ཁྲིམས་ལྟར་བྱེད་དགོས་པ་ལས། ཁྲིམས་འགལ་གྱིས་ཁེ་དབང་སྲུང་སྐྱོང་བྱེད་མི་ཆོག་པ་དང་། དྲག་པོས་དྲག་པོ་བཏུལ་མི་ཆོག །
ཁྲིམས་ལུགས་སྐོར་གྱི་ཤེས་བྱ་།(ཚན་བཤུས།)