ནང་བསྟན་ཆོས་ལུགས་དང་འཛམ་གླིང་ཞི་མཐུན།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-16


   སེམས་ཅན་རྣམས་བདེ་སྡུག་གང་འདོད་ཀྱི་ཆ་ནས་བཤད་ན། སྤྱིར་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད་མོད། འོན་ཀྱང་ཤེས་བཞིན་དུ་ད་རུང་སྡུག་བསྔལ་བསྐྱེད་པའི་རྒྱུ་སྒྲུབ་པ་ནི་མིའི་རིགས་ཀྱི་རང་གཤིས་ཤིག་ཡིན་ནམ། ཡང་ན་མིའི་རིགས་དེ་དུད་འགྲོ་སྲོག་ཆགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡིན་ནམ་དཔྱད་གཞི་ཞིག་ཏུ་གྱུར་འདུག དུས་རབས་ཉི་ཤུ་བ་ནི་མིའི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དང་ཚན་རིག་ལག་རྩལ་སོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་བའི་དུས་རབས་ཤིག་ཡིན་ནའང་། ཕྱོགས་གཞན་ཞིག་ནས་བལྟས་ན། དུས་རབས་ཉི་ཤུ་བ་ནི་མིའི་རིགས་ཕན་ཚུན་ནང་ཁུལ་རྩོད་པ་བྱུང་བའི་འཛམ་གླིང་དམག་ཆེན་ཐེངས་དང་པོ་དང་གཉིས་པ་འཁྲུག་པའི་དུས་རབས་ཤིག་ཡིན་ཕྱིར་འགྲོ་བ་མིའི་རིགས་ལ་སྡུག་བསྔལ་དང་སྲོལ་རྒྱུན་རིག་གནས་སོགས་ཉམས་རྒུད་ཤིན་ཏུ་ཆེན་པོ་བྱུང་བའི་དུས་རབས་ཤིག་ཀྱང་ཡིན་ནོ། དེ་རིང་བལྟས་ན། དུས་རབས་ཉི་ཤུ་བ་ནས་དུས་རབས་ཉེར་གཅིག་པར་བརྒལ་ཟིན་པའི་དུས་འདིར། འགྲོ་བ་མིའི་རིགས་མ་ཟད་དུད་འགྲོ་སྲོག་ཆགས་ཡིན་ཡང་འབྱུང་འགྱུར་དུ་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད་ཕྱིར། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་འཚོ་བའི་ཞི་བདེའི་འཕེལ་ཕྱོགས་ལ་བརྩོན་པ་ནི་སྲོག་ལྡན་ཐམས་ཅད་ཀྱི་ཐུན་མོང་གི་རེ་སྨོན་ཉག་གཅིག་ཡིན་ནོ། དེ་ལྟར་ནའང་ཞི་བདེ་ཞེས་པ་དེ་གནམ་ནས་ལྷུང་ཡོང་རྒྱུ་ཞིག་དང་། ས་ནས་རང་བཞིན་དུ་འབུར་ཡོང་རྒྱུ་ཞིག་མིན་པར་འཛམ་གླིང་ཞི་བདེ་ཅན་དུ་འགྱུར་བ་ལའང་རྒྱུ་རྐྱེན་ངེས་ཅན་ཞིག་ཚང་དགོས་ལ་དེ་འདྲའི་རྒྱུ་རྐྱེན་ནི་འགྲོ་བ་མིའི་རིགས་ཀྱིས་བསྒྲུབ་དགོས་པ་ལས་ཐབས་ལམ་གཞན་མེད་དོ། འཛམ་གླིང་ལ་ཞི་བདེ་འབྱུང་བའི་སྔོན་འགྲོའི་ཆ་ནས་བཤད་ན། དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་པའི་འཛམ་གླིང་ཞི་བདེ་དང་དམངས་གཙོོ་ཅན་དུ་འགྱུར་བའི་དུས་སུ་འདྲ་མཉམ་ནི་དེ་དག་གི་སྔོན་འགྲོའི་རྐྱེན་ལྟ་བུར་གྱུར་ཏེ། འདྲ་མཉམ་མེད་ན་འཚོ་ཐབས་མེད་པ་དང་། འཚོ་ཐབས་མཆོག་ཏུ་གྱུར་པ་ནི་འདྲ་མཉམ་ཡིན་པ་ལ་ཐུག་ཡོད། དེ་བཞིན་འབྱུང་འགྱུར་གྱི་འཛམ་གླིང་ཡོངས་རྫོགས་ཞི་བདེ་ཅན་དུ་འགྱུར་བ་ལ་རྒྱལ་ཁབ་ཆེ་ཆུང་དང་། མི་གྲངས་མང་ཉུང། ཤ་མདོག་དཀར་ནག། ཆོས་ལུགས་དང་རིག་གནས་འདྲ་མིན། གོམས་གཤིས་མཐུན་མིན་སོགས་ལ་མི་ལྟོས་པར་སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་བསམ་པ་བསྐྱེད་དགོས་ལ། གལ་ཏེ་འདྲ་མཉམ་མེད་ན་ཕན་ཚུན་མཐུན་པར་འགྱུར་བའི་རྨང་གཞི་མེད་ལ་དེ་བཞིན་རྩོད་པ་ཞི་བའི་ཐབས་ཀྱང་མེད་དོ། ། འདྲ་མཉམ་ཡོད་ན་མཐོ་ལ་ཕྲག་དོག་དང་། དམན་པ་ལ་སྨ་འབེབས་དང་། མཉམ་པ་ལ་རྩོད་པ་སོགས་མི་བྱེད་པ་སོགས་ནི་ཞི་བདེ་འབྱུང་བའི་རྨང་གཞིའོ། མདོར་ན་འགྲོ་བ་མིའི་རིགས་སོ་སོའི་འཚོ་བའི་འགྲོ་ལུགས་འདུག་སྟངས་མི་འདྲ་བ་ཙམ་མ་གཏོགས་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་མཚུངས་ཕྱིར་རང་རང་གི་ཁམས་དང་མོས་པ་ལྟར་གྱིས་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སྤོང་བའི་དབང་ཆ་ཐམས་ཅད་ལ་འདྲ་མཉམ་དུ་ཡོད་དགོས་པ་ཡིན་ནོ།།

   བདེ་སྡུག་འབྱུང་བའི་ཆོས་ཉིད་ཀྱི་ཆ་ནས་བཤད་ན། འཇིག་རྟེན་འདིར་འཛམ་གླིང་ཤར་ལྷོ་ནུབ་བྱང་དང། མི་རིགས་འདྲ་མིན་ལ་ཆོས་ལུགས་དང་རིག་གནས། བསམ་སྤྱོད་དང་གོམས་གཤིས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་དེ་བསྟུན་གྱི་དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་སྨོས་མ་དགོས། འོན་ཀྱང་དེང་སང་འཛམ་གླིང་སྤྱི་ལུགས་ཀྱི་རིག་གནས་ཀྱི་ལྟ་བའི་ཆ་ནས་བལྟས་ན། སེམས་ཅན་གཞན་ལ་ཕན་པ་སྒྲུབ་ན་བདེ་བ་འབྱུང་བ་དང་། སེམས་ཅན་གཞན་ལ་གནོད་པ་དང་འཚེ་བ་བྱེད་ན་སྡུག་བསྔལ་འབྱུང་བ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ཅིག་ཏུ་བརྩི་བཞིན་ཡོད་དོ།། དཔེར་ན་ནས་བཏབ་ན་ནས་ཀྱི་མྱུ་གུ་སྐྱེ་བ་དང། སྲན་མ་བཏབ་ན་སྲན་མའི་མྱུ་གུ་སྐྱེ་བ་ལས་ནས་ལ་སྲན་མའི་མྱུ་གུ་དང་སྲན་མ་ལ་ནས་ཀྱི་མྱུ་གུ་སྐྱེ་མི་སྲིད་དེ་འབྲས་བུ་རྣམས་རང་རང་གི་མཐུན་པའི་རྒྱུ་ལས་འབྱུང་གི་རྒྱུ་མི་མཐུན་པའི་རྒྱུ་ལས་མི་འབྱུང་བ་དང་། སེམས་ཅན་ལ་ཕན་པ་སྒྲུབ་ན་བདེ་བ་འབྱུང་བ་དང་། སེམས་ཅན་ལ་གནོད་པ་དང་འཚེ་བ་བྱེད་ན་སྡུག་བསྔལ་འབྱུང་ཕྱིར་སྡུག་བསྔལ་སྐྱེད་པའི་རྒྱུ་མི་དགེ་བའི་ལས་ཀྱི་སྒོ་ཐམས་ཅད་འགོག་པར་བྱའོ། ། དེ་བཞིན་སེམས་ཅན་ལ་ཕན་པ་བསྒྲུབས་ན་ཞི་བདེ་འབྱུང་བ་དང་གནོད་པ་དང་འཚེ་བ་བྱས་ནས་འཛམ་གླིང་མི་མཐུན་པ་དང་ནམ་ཞིག་ཕན་ཚུན་འཁྲུག་པའི་དུས་ཀྱང་འབྱུང་སྲིད་དོ།
   སེམས་ཅན་ཐམས་ཅད་མར་ཤེས་པའི་ཆ་ནས་བཤད་ན། དུས་རབས་ཉེར་གཅིག་པར་ཕྱོགས་པའི་འགྲོ་བ་མིའི་རིགས་ཀྱི་མཐུན་ལམ་གྱི་འཕེལ་ཕྱོགས་ནི་གོ་ལའི་ཁྱིམ་འཛུགས་རྒྱུ་ཡིན་ཞིང་། སེམས་ཅན་ཐམས་ཅད་མར་ཤེས་པའི་ལྟ་བ་ཡོད་ཚེ། སེམས་ཅན་སྤྱི་དང་བྱེ་བྲག་གཞན་གྱི་དོན་སྒྲུབ་པ་ནི་རང་གི་མའི་དོན་སྒྲུབ་པ་དང་གཅིག་ཏུ་འཛིན་པར་འགྱུར། ད་ལྟ་དང་མ་འོངས་པའི་ཆ་ནས་བལྟས་ན། འཛམ་གླིང་གི་དཔལ་འབྱོར་དང་རིག་གནས། དམག་དོན་དང་ལག་ཤེས། ཆབ་སྲིད་སོགས་སོ་སོའི་ཁེ་ཕན་ལ་ཐུག་དུས། རང་ཕྱོགས་རྒྱལ་ཐབས་དང་རང་ཕྱོགས་ཁོ་ནའི་ཁེ་ཕན་ལ་ལྟོས་པ་མིན་པར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཡང་ན་མར་ཤེས་པའི་བསམ་པ་བཟུང་ན་འཛམ་གླིང་ཞི་བདེ་ཅན་དུ་འགྱུར་བ་ལ་ནུས་པ་ཆེན་པོ་ཐོན་ཐུབ། དུས་རབས་ཀྱི་དཔལ་འབྱོར་དང་ཚན་རིག་ལག་རྩལ་འཕེལ་འགྱུར་གྱི་འགྲོས་དང་བསྟུན་པའི་འདོད་ཚུལ་ལྟར་ན། འཛམ་གླིང་ཤར་ལྷོ་ནུབ་བྱང་གི་རྒྱལ་ཁབ་ཁག་དང་མི་རིགས་ཀྱི་ཆོས་ལུགས། རིག་གནས་གོམས་གཤིས་སོགས་ཕན་ཚུན་འབྲེལ་འདྲིས་ཉིན་རེ་ལས་ཉིན་རེར་ཐག་ཇེ་ཉེར་འགྱུར་བཞིན་པའི་སྐབས་སུ། གོ་ལའི་ཁྱིམ་ཞེས་པ་འགྲོ་བ་མིའི་རིགས་ཐམས་ཅད་ཀྱིི་བསམ་སྤྱོད་དང་སྨོན་འདུན་སོགས་གཅིག་གྱུར་ཡོང་བའི་འཕེལ་ཕྱོགས་སུ་བརྩོན་པར་བྱ་བ་ནི་འབྱུང་འགྱུར་གྱི་རེ་ལྟོས་ཡིན་ལ། དེ་ལྟར་ན་སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་འགྲོ་བ་མིའི་རིགས་ཀྱི་རྒྱལ་ཁབ་དང་རྒྱལ་ཁབ་བར་དང་། མི་རིགས་དང་མི་རིགས་བར། གཞན་ཡང་ཆོས་ལུགས་དང་རིག་གནས། གོམས་གཤིས་སོགས་བར་ཁྱད་པར་མེད་པར་ཐམས་ཅད་འདྲ་མཉམ་དུ་འགྱུར་བའི་བསམ་སྤྱོད་རླབས་པོ་ཆེ་ལ་བློ་གོམས་པར་བྱའོ།།
   ཆོས་གཞུང་ལས་བདག་འཛིན་གྱིས་སྡུག་བསྔལ་སྐྱེད་པའི་ཆ་ནས་བཤད་ན། འཇིག་རྟེན་འདིའི་སེམས་ཅན་སྤྱི་དང་ཁྱད་པར་འགྲོ་བ་མིའི་རིགས་ལ་མཚོན་ན། བདག་འཛིན་ནམ་ངར་འཛིན་ཤུགས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སོགས་ཀྱིས་འཇིག་རྟེན་འདིའི་དགེ་སྡིག་གི་ལས་སྣ་ཚོགས་པ་བསགས་ཏེ་རྣམ་སྨིན་གྱི་ལུས་རྟེན་ཡང་སྣ་ཚོགས་པ་ཞིག་བླངས་སོ། མདོར་ན་འདོད་ཆགས་དང་ཞེ་སྡང་། གཏི་མུག་སོགས་ཉོན་མོངས་ཐམས་ཅད་ཀྱི་རྩ་བའམ་འབྱུང་ཁུངས་ནི་འཇིག་ལྟའམ་མ་རིག་པ་ཡིན་ལ་དེ་ལས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་ཞེ་སྡང་ང་རྒྱལ་སོགས་འབྱུང་བ་ཡིན་ནོ། དེས་ན་རང་ཁོ་ན་བསམས་པའི་བདག་འཛིན་ནམ་རང་འཛིན་དེ་དོར་ནས་དུས་དང་རྣམ་པ་པ་ཀུན་ཏུ་གཞན་ལ་ཕན་པའི་བྱ་བ་བསྒྲུབ་པ་ནི་རང་གཞན་ལ་བདེ་བ་འབྱུང་བའི་རྒྱུ་ཁོ་ན་ཡིན་ལ། དེ་ལྟར་རང་ལས་གཞན་གཅེས་འཛིན་གྱི་ལྟ་བ་བསྐྱེད་དེ་སྡུག་བསྔལ་བྱུང་ན་རང་གིས་ཁུར་བ་དང་། བདེ་བ་འབྱུང་ན་གཞན་ལ་སྟེར་བའི་བདག་གཞན་བརྗེ་བའི་ལྟ་བ་ནི་འཛམ་གླིང་ལ་ཞི་བདེ་འབྱུང་བའི་རྩ་བ་ཞིག་ཡིན་ནོ།།

   མདོར་ན། དུས་རབས་ཉེར་གཅིག་པར་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་དང་། ཆོས་ལུགས། བསམ་སྤྱོད། གོམས་གཤིས་སོགས་ཀྱི་ཆ་ནས་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མུ་མཐུད་རྒྱུན་འཛིན་བྱེད་པར་འགྱུར་ཞིང་། ཁྱད་པར་དུ་འབྱུང་འགྱུར་དུ་དེ་སྔར་བྱུང་མ་མྱོང་བ་དང་མི་རབས་སྔ་མ་དག་གི་བློ་ཡུལ་ལས་འདས་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་སྣ་ཚོགས་པ་གསར་གཏོད་བྱེད་སྲིད་ཀྱང་དེ་དག་ཐམས་ཅད་འཛམ་གླིང་གི་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་དང་འཚོ་བ་ལ་ཕན་པར་འགྱུར་བ་ཡིན་ན་ང་ཚོས་བསླབས་ནས་ལག་ལེན་བྱ་འོས་མོད་ཀྱང་། གལ་སྲིད་དེ་ལྟར་མིན་པར་ཚན་རྩལ་གྱི་ཆུ་ཚད་ཇི་ལྟར་མཐོ་ནའང་འཛམ་གླིང་གི་ཞི་བདེ་དང་འགྲོ་བ་མིའི་རིགས་ཀྱི་འཚོ་བ་ལ་གནོད་པར་འགྱུར་བ་ཡིན་ན་དོར་བྱ་ཁོ་ནའོ། །  

སྲོལ་རྒྱུན་གྱི་རིག་གནས་བྱེད་སྒོ། ཝང་ཏཱ་ཅིན་གྱིས་པར་བླངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1