ཀན་ལྷོ་བླ་བྲང་ཡུལ་གྱི་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་ཚུལ།

ཀན་ལྷོ། སྐལ་བཟང་འཚོ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཚེ་འཛིན་སྒྲོལ་དཀར། སྤེལ་དུས། 08-16


        མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཞེས་པ་ནི་མི་རིགས་གང་ཞིག་ལ་མཚོན་ན་སྲོལ་རྒྱུན་གྱི་རིག་གནས་ཁྱད་པར་བ་ཞིག་ཡིན་ལ། མི་རིགས་ཞིག་གི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར་དང་རིག་གནས་ལ་སོགས་ཀྱི་དོན་སྤྱི་སྟེ་བསམ་བློ་དང་ཀུན་སྤྱོད། གཤིས་རྒྱུད་བཅས་ཀྱི་རྣམ་པ་དུ་མའི་སྒོ་ནས་ཕྱིར་མངོན་པ་ཡིན། དེ་བས་བླ་བྲང་ས་ཆའི་བོད་རིགས་བུད་མེད་ཀྱི་སྐྲ་ཕབ་ཡུལ་སྲོལ་གོམས་གཤིས་ནི་བླ་བྲང་ས་ཆའི་མཚོན་རྟགས་ཅན་གྱི་རིག་གནས་ཁྱད་པར་བ་ཞིག་ཡིན་ལ། དེར་སྤྱི་ཚོགས་འཚོ་བའི་མྱོང་གོམས་སྣ་ཚོགས་སམ་ཤེས་རིག་གྱ་ནོམ་པ་ཞིག་འདུས་ཡོད་ཕྱིན། འདིར་བླ་བྲང་ས་ཆའི་སྐྲ་ཕབ་ཀྱི་གོམས་གཤིས་ངོ་སྤྲོད་རགས་ཙམ་བྱའོ།

འཛམ་གླིང་གི་མི་རིགས་མང་ཤོས་ཤིག་གི་བུད་མེད་དག་ལ་རང་རང་སོ་སོའི་ནར་སོན་པའི་མཛད་སྒོ་སྤེལ་སྟངས་རེ་ཡོད་ལ། ལ་ལས་གྱོན་པའི་སྟེང་ནས་མཚོན་པར་བྱེད་པ་དང་ལ་ལས་སྐྲ་ཤད་དང་སྐྲ་རྒྱན་གྱི་སྟེང་ནས་མཚོན་པར་བྱེད་པ་མ་ཟད། ཕལ་ཆེར་བ་ཞིག་ནི་གཉེན་སྒྲིག་བྱེད་པའི་སྔ་རྗེས་སུ་སྤེལ་བའི་གོམས་གཤིས་འདུག བོད་རིགས་ས་ཁུལ་གཞན་དག་དང་འདྲ་བར་བླ་བྲང་ས་ཆའི་བོད་རིགས་བུད་མེད་ཀྱིས་སྤེལ་བའི་ནར་སོན་པའི་མཛད་སྒོ་ལ་སྐྲ་ཕབ་ཞེས་ཟེར་ཞིང་། བོད་རིགས་བུ་མོ་ལོ་བཅུ་བདུན་ལ་སླེབས་ཚེ་སྐྲའི་ཉག་མ་ལན་བུ་བྱེད་པ་དང་སྐྲ་རྒྱན་བཏགས་ནས་སྐྲ་ཕབ་ཀྱི་མཛད་སྒོའམ་སྟོན་མོ་རྒྱ་ཆེན་པོ་ཞིག་སྤེལ་བ་རེད། དེ་ལས་བུ་མོ་དེ་ཉིན་དེ་ནས་བཟུང་བྱིས་པའི་དུས་དང་ཁ་གྱེས་ཤིང་མི་དར་མའི་གྲས་སུ་ཚུད་པ་དང་། འཇིག་རྟེན་གྱི་དགའ་རོགས་རྩེད་རོགས་འཚོལ་ཆོག་པ་མ་ཟད་། ད་དུང་གཉེན་སྒྲིག་ཀྱང་བྱེད་ཆོག་ལ། དེ་མིན་མི་དར་མའི་སྤྱི་ཚོགས་བྱ་འགུལ་གྱི་གྲས་སུ་ཞུགས་ཆོག་པ་ངང་གིས་མཚོན་ཡོད། འདི་ལྟ་བུའི་མཛད་སྒོ་ནི་ལོ་རེའི་ལུགས་རྙིང་གི་ཟླ་དང་པོོའི་ཚེས་གསུམ་ཉིན་ལ་སྤེལ་བའི་གོམས་སྲོལ་ཆགས་ཡོད། རྒྱུན་ལྡན་དུ་བུ་མོ་ལོ་བཅུ་བདུན་ལ་བསླེབས་ཚེ་སྐྲ་ཕབ་ཀྱི་ཡོད་མོད། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་དཔེར་ན་ཁྱིམ་དུ་ནད་ཀྱིས་མནར་བའི་བགྲེས་པོ་ཡོད་པ་དང་འདུན་ཁུར་ཡོད་ཚེ་ལོ་གཅིག་གི་སྔོན་ནམ་རྗེས་སུ་བསྣུར་ཆོག

        སྐྲ་ཕབ་པ་ལས་བུ་མོ་དེ་མི་དར་མའི་གྲས་སུ་ཚུད་པ་མཚོན་པ་མ་ཟད། ད་དུང་བུ་མོ་ལ་གྱོན་གོས་དང་རྒྱན་ཆ་ཉོ་སྒྲིག་བྱེད་པའི་དུས་ཤིག་ཀྱང་ཡིན། སྐྲ་མ་ཕབ་པའི་སྔོན་ལ་བུ་མོ་དག་གིས་གོང་ཆེན་མཛེས་པའི་གྱོན་གོས་གོན་པ་དང་རྒྱན་ཆ་འགས་པའི་སྲོལ་ཆེན་པོ་མེད། སུ་ཚང་གི་བུ་མོ་སྐྲ་ཕབ་པའི་དུས་ལ་བསླེབས་ཚེ། རང་ཁྱིམ་ཚང་གི་རྒྱུ་འབྱོར་བའི་ཤོང་ཚད་ཀྱིས་བུ་མོ་ལ་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་སྒྲིག་པ་དང་གོས་ཆེན་གྱི་གྱོན་པ་དང་ཞྭ་མོ་བཟོ་རྒྱུ། ད་དུང་ལོ་གསར་གྱི་སྔོན་ལ་ཕ་མ་གཉིས་ཀྱིས་གཉེན་ཉེ་དུ་དང་ཁྱིམ་མཚེས། གྲོགས་པོ་བཅས་ཚང་མར་བརྡ་རྒྱག་དགོས། གལ་ཏེ་སྔོན་ལ་བརྡ་མ་བརྒྱབ་ཚེ་ཕན་ཚུན་བར་གྱི་འབྲེལ་བ་དང་མཐུན་འགྲིག་ལ་གནོད་འགྲོ། ལོ་གསར་གྱི་ཚེས་གཉིས་ཉིན་ལ་ཕ་མས་ཆེད་དུ་རང་སྡེ་བ་ལས་མགོ་ལས་ལག་བདེ་ཤིག་གདན་འདྲེན་བྱེད་པ་དང་། གཞན་ཡང་སྡེ་བའི་བུད་མེད་དར་མ་ཚང་མ་ཁྱིམ་ཚང་དེ་ཚང་ལ་ཡོང་ནས་མགོ་ལས་ཀྱིས་ལན་མགོ་ལས་ཟིན་པའི་ལན་བུ་དག་གི་ལན་རྔ་སྐྱོང་དགོས་པའི་སྲོལ་ཡོད་ཅིང་། ཉུང་མཐར་ཡང་ཉིན་དེར་སྡེ་བ་དེའི་བུད་མེད་དར་མ་བཅུ་ཙམ་མགོ་ལས་རོགས་བྱེད་དུ་ཡོང་སྲིད། ཐོག་མར་མགོ་ལས་ཀྱིས་སྤྱི་གཙུག་ནས་སྐྲའི་སུམ་ཆ་གཅིག་ཙམ་ཟིན་པའི་སྐྲ་ལན་ཟླུམ་པོ་ཞིག་བཀར་ཏེ་སྤྱི་གཙུག་ཏུ་རྡོག་རྡོག་བྱས་ནས་བཞག་རྗེས། དེའི་མཐའ་སྐོར་གྱི་སྐྲ་ཚང་མ་མར་ལ་ཤད་ནས་ལན་བུ་ལས་འགོ་རྩོམ་པ་རེད། ལན་བུ་ཐོག་མ་ལས་མཁན་ནི་མགོ་ལས་མ་ཡིན་པར་རང་ཁྱིམ་ལས་ཕ་འཛོམས་མ་འཛོམས་དང་བྱིས་པ་དང་བུ་ཕྲུག་གིས་མཐའ་སྐོར་ཞིང་ནང་བཟའ་ཚང་འཆམ་མཐུན་ཡིན་པའི་བུད་མེད་གཅིག་ཡིན། དེ་ཡང་བུ་མོ་དེའི་མ་འོངས་པའི་ཁྱིམ་གཞིས་སུ་བཟའ་མི་ཀུན་གྱི་ལུས་ཁམས་བདེ་ཐང་ཡོང་བ་དང་ལོ་ཕྱུགས་ཀྱི་གཡང་ཁ་འཕེལ་བའི་རྟེན་འབྲེལ་གྱི་ཁ་གཡང་ཞིག་གི་ཚུལ་དུའོ། མགོ་ལས་ཀྱིས་སྐྲའི་ཉག་མ་འགའ་ལན་བུ་རེ་བྱས་ནས་ལན་མགོ་ལས་རྗེས། རོགས་བྱེད་མཁན་རྣམས་ཀྱིས་ལན་རྔ་སྐྱོང་བ་དང་ལན་བུ་གཉིས་ནས་གསུམ་མཚེ་བྱས་ནས་དར་སྐུད་ནག་པོའི་སྐྲ་མཐུད་མཐུད་པ་ཡིན་ལ། ལན་བུ་རེ་རེ་ལས་ཚར་རྗེས་དཔྲལ་བའི་དཀྱིལ་ནས་སྐྲའི་ལན་བུ་གཞོགས་གཉིས་སུ་བགོས་ཏེ་མདུན་ནས་རྒྱབ་ཏུ་སྟེང་འོག་རིམ་པ་གཉིས་བྱས་ཏེ་སྟར་བ་དང་རྣའི་རྩ་ནས་བཟུང་ལྟག་རྒྱབ་ཏུ་རིམ་པ་གཅིག་བསྟར་དགོས། ཆེས་མཐའ་གཉིས་ཀྱི་ལན་བུ་ཉག་མ་གཉིས་ཙམ་མཚེ་བྱས་ཏེ་སྐྲ་མཐུད་དུ་བལ་སྐུད་དཀར་པོ་འདོགས་པ་དང་། དེ་ལས་བུ་མོ་དེའི་གཤིས་རྒྱུད་བལ་ལྟར་འཇམ་ཞིང་དཀར་བ་མཚོན་པ་རེད།

        ལོ་གསར་ཚེས་གསུམ་གྱི་ནངས་སྔ་མོའི་ཉི་མ་རྩེ་ཤར་གྱི་སྔོན་ལ་མགོ་ལས་མཁན་གདན་འདྲེན་བྱས་ཏེ་ལན་བུ་ཚང་མ་རིམ་པ་བཞིན་གསུམ་ནས་ལྔ་བར་མཉམ་གཅིག་བྱས་ནས་ཚགས་སྟར་དགོས་པ་དང། སྤྱི་གཙུག་གི་ཟླུམ་དབྱིབས་ལྟ་བུའི་སྐྲ་དེ་ལ་ལན་ཕྲུག་ཅེས་ཟེར་ཞིང་དགུ་ལས་ཤིག་ལས་དགོས། ལན་ཕྲུག་གི་སྟེང་དུ་རྐེའི་མཚམས་ནས་རལ་ཕྲུག་འདོགས་པ་དང་། རལ་ཕྲུག་གི་གོང་གི་དགུ་ལས་གསེབ་ཏུ་བལ་དཀར་པོ་ཞིག་འཇོག་པའི་སྲོལ་ཡོད། དེ་ནི་བུ་མོའི་མིང་བོའི་སྐལ་ཡིན་ཞེས་བཤད་སྲོལ་ཡོད། རལ་ཕྲུག་ནི་འགོ་སྣམ་དམར་པོ་ཞེང་དུ་ཚུན་གཉིས་ཙམ་དང་རིང་ཐུང་ལ་ཁྲེ་ཙི་གང་དང་ཕྱེད་ཙམ་ཡོད་པ་ཞིག་གི་སྟེང་དུ་སྤོས་ཤེལ་ལ་སྒྲོག་རིལ་གཡུ་དང་བྱུ་རུའི་བརྒྱན་པ་བཅུ་ལྷག་སྒྲིག་ཡོད་པ་ཞིག་ཡིན། དེའི་རྗེས་ལན་བུ་ཚང་མ་དང་རལ་ཕྲུག་ལྷན་ཅིག་ཏུ་རལ་བའི་ནང་དུ་བསྡུ་དགོས། རལ་བའི་ཞེང་ནི་ཚུན་དགུ་ཙམ་དང་རིང་ཐུང་ལ་ཁྲེ་ཙི་གཉིས་ཙམ་ཡོད་པའི་འགོ་སྣམ་དམར་པོའི་མཐའ་རྒྱན་ནག་པོ་ཡིན་པ་དང། དེའི་སྟེང་དུ་དངུལ་སྒོར་ལྔ་བཅུ་ང་དྲུག་བཞི་སྒྲིག་བྱས་ཡོད་པ་དང་སྟེང་ཕྱོགས་ཀྱི་དཀྱིལ་དུ་དངུལ་དུང་ཞིག་ཡོད། རལ་ཕྲུག་དང་རལ་བ་གཉིས་སྦྲེལ་བྱེད་ཀྱི་རལ་སྒྲོག་ཚང་མའང་དངུལ་སྒོར་ཡིན་པ་དང་ལན་བུ་ཚང་མ་རལ་བའི་ནང་དུ་བསྡུ་སྐབས་རལ་སྒྲོག་རེ་རེའི་བར་དུ་ལན་བུ་བཅུ་ཙམ་མཉམ་གཅིག་བྱས་ནས་བསྡུ་དགོས་པ་ཞིག་ཡིན་ལ། རལ་བའི་ཆེས་འོག་ཏུ་དར་སྐུད་དམར་པོའི་ཙོར་ལོ་འཕངས་ཡོད་ཅིང་། སྐེ་རགས་བཅིངས་པའི་སྐབས་སུ་སྐེ་རགས་ཀྱི་སྣེ་གཉིས་རལ་བའི་གཞོགས་གཉིས་སུ་འཕེན་པ་ཞིག་ཡིན། དེ་ལྟར་གོས་ཚ་རུ་གྱོན་པ་དང་སྐྲ་རྒྱན་འདོགས་པ། གཡུ་དང་བྱུ་རུ། གསེར་དངུལ་གྱི་སྐེ་རྒྱན་དང་རྣ་རྒྱན། མཛུབ་རྒྱན་སོགས་རེ་རེ་བཞིན་བཏགས་རྗེས། ཚར་ཞྭར་ཏོག་དང་ཙོར་གྱིས་བརྒྱན་པ་ཞིག་གོན་ཏེ་ཉི་མ་རྩེ་ཤར་ལ་བུ་མོ་ལོ་བཅུ་གཉིས་ཡར་མར་ཅན་གྱི་བག་རོགས་དང་ལྷན་ཅིག་ལུག་ཤ་རྩུབ་ལག་ཅིག་འཁྱེར་ནས་གཉེན་ཉེ་དང་གྲོགས་པོ། ཁྱིམ་མཚེས་བཅས་རེ་རེ་བྱས་ནས་ཉིན་དེར་འབོད་མཁན་གྱི་ཁྱིམ་ཚང་སོ་སོའི་ཁྱིམ་དུ་འགྲོ་དགོས་པ་དང་། འབོད་མཁན་ཁྱིམ་ཚང་དེ་དག་གིས་ཀྱང་ཐོག་མར་དཀར་ཡོལ་འབྲུག་རིས་མའང་བཀྲ་ཤིས་རྟགས་བརྒྱད་འཛོམས་པ་ཞིག་གི་ནང་དུ་ཇ་དཀར་བླུགས་ནས་མགྲོན་བྱེད་འགོ་རྩོམ་དགོས་ལ། ད་དུང་ལེགས་སྐྱེས་སུ་གོས་བཟོ་ལྭ་གཅིག་དང་ཁ་བཏགས། སྒོར་མོ་སོགས་སྟེར་བའི་སྲོལ་ཡོད།

        སྐྲ་ཕབ་བུ་མོའི་ཁྱིམ་ཚང་གིས་ཀྱང་གཉེན་ཉེ་དང་གྲོགས་པོ། དེ་མིན་བུ་མོ་ལ་ལེགས་སྐྱེས་ཕུལ་མཁན་ཚང་མར་བཀའ་དྲིན་ཞུ་ཆེད་དུ་ཚེས་གསུམ་ཉིན་ནས་མགྲོན་འབོད་བྱས་ཏེ་བུ་མོ་ནར་སོན་པའི་མཛད་སྒོའམ་སྐྲ་ཕབ་ཀྱི་སྟོན་མོ་རྒྱ་ཆེན་པོ་ཞིག་སྤེལ་ངེས་ལ། དེ་དུས་གླུ་ལེན་གར་རྩེད་ནི་མེད་དུ་མི་རུང་བ་ཞིག་ཡིན། གཞན་ཡང་སྟོན་མོའི་སྐབས་སུ་གཞན་གྱིས་ལེགས་སྐྱེས་སུ་ཕུལ་བའི་དངོས་པོ་ཚང་མ་ཁྱམས་རར་བཤམས་པ་དང་། གོས་དང་སྐེ་རགས་སོགས་ཁྱམས་རའི་ཐག་རྡང་ལ་འཕངས་ནས་མགྲོན་པོ་རྣམས་ལ་རང་ཁྱིམ་ཚང་གི་ཕྱིའི་འབྲེལ་བ་དང་སྟོབས་མངའ་ཐང་མངོན་པའི་སྲོལ་ཡོད་ཅིང་། ད་ལྟའང་འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་མ་ཉམས་པར་གནས་ཡོད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1