དགོན་པའི་དུས་སྟོན། དཀོན་རྡོས་པར་བླངས།
དེ་རིང་། གྲོགས་པོ་ཚོ། དགོན་པའི་སྐོར་ལམ་ན།
དད་ལྡན་གྱི་མཇལ་བ་ཆ་མེད་ཚོ་དང་ལྷན་དུ།
ཁྱིམ་ཚང་གི་སྐྱིད་སྡུག་སྐྱབས་སུ་བཅོལ་བར།
བྲེལ་འཚུབ་དང་འགྲན་རྩོད་ཀྱིས་འདུར་བཞིན།
དྲིལ་ཆུང་ལ་སིལ་སྒྲ་དབེན་པའི་འདུ་ཁང་གི་གྲུ་ལོགས་དང་།
བྱམས་ཆེན་གྱི་མཆོད་མདུན་ན་རྩིས་གཉེར་པ་བཞིན་གྲུང་བའི།
ཚི་ལེན་དམར་པོ་གྱོན་མཁན་གྱི་གྲྭ་བཙུན་ཚོ།
ཕལ་ཆེར་ཐང་ཆད་ལ་ཉེ་ཡང་། ས་ག་ཟླ་བ།
འབྲས་ལྡན་སྟོན་གྱི་དུས་ཚིགས་བཞིན།
བྲེལ་འཚུབ་ཧ་ཅང་ཆེ། ཡོང་འབབ་ཤིན་ཏུ་མང་།
དེ་རིང་། གྲོགས་པོ་ཚོས། དགོན་པའི་ཐང་གཅལ་ན།
གནའ་བོའི་རྡོ་རིང་གི་ལོ་རྒྱུས་ལ་ཅེར་བཞིན།
དམ་པ་གོང་མ་ཚོར་གུས་ཞབས་དང་མཚར་སྣང་ཅི་ཡང་མེད་པར།
དབྱར་རྩྭ་དགུན་འབུའི་གོང་ཚོད་གླེང་བཞིན།
དངུལ་ལོ་གཙུག་ཏུ་བཀུར་ཏེ་མཆོད་ཕྱག་ས་ལ་བརྐྱངས་སོང་།
སྨྱུང་ཞིང་གནས་པར་བཞུགས་པའི་ཨ་ཡེ་བགྲེས་མོ་འགའ།
གནས་ལས་མ་སྡོད་པའི་ལང་ཤོར་བུ་མོ་བཞིན།
ཟས་བཅད་ངག་སྡོམ་གྱི་ཆགས་སྡང་སྤངས་པའི་ཟོལ་གྱིས།
ཐེག་ཆེན་གསོ་སྦྱོང་གི་དངོས་གྲུབ་རྙེད་པའི་ཚུལ་གྱིས།
ཉིན་ཞག་ཁད་ཀྱིས་བགྲངས་ཟིན་ནའང་། ས་ག་ཟླ་བ།
ཡུལ་མི་རྣམས་ཞོར་ལས་སུ་ཆས་ཟིན་པས།
ཁོ་མོ་ཚོར། སེམས་ཁྲལ་ཧ་ཅང་ཆེ། འདང་རྒྱག་ཧ་ཅང་མང་།
དེ་རིང་། གྲོགས་པོ་ཚོས། དགོན་པའི་ལྷ་ཁང་དུ།
སྐྱེས་ཆེན་གང་ཞིག་གི་མྱང་འདས་ལ་གདུང་མཆོད་བྱེད་བཞིན།
བསྔོ་སྨོན་གྱི་དབྱངས་རྟ་སང་ཉིན་གྱི་བྱ་བ་ལམ་འགྲོ་ཡོང་བར་ཕུལ་ཀྱང་།
ཇོ་མདུན་གྱི་དགེ་འདུན་པ་ཚོར་སྔོན་ལམ་གྱི་ཆོས་སྒྲ་སྟོང་ཞིང་།
མཇལ་བ་རྣམས་གཟི་ཚ་སྡེ་དགུའི་ལྗོངས་རྒྱུ་པ་བཞིན།
དངུལ་ལོ་ཕར་ལ་སྤྲད་དུས་སྐེ་ལ་ཁ་བཏགས་གཡོགས་བྱུང་།
ཐམས་ཅད་སྤྲེའུ་བཞིན་རྩེད་པའི་སྙིགས་མའི་བྲོ་ར་འདི་ན།
སྟོན་པ་བཀའ་དྲིན་ཅན་ལ་རྗེས་དྲན་གྱི། ས་ག་ཟླ་བ།
ཚོང་ཟོང་དཔལ་འབྱོར་དང་ཆགས་སྡང་འཁོན་འཛིང་གི་ཁྲོད་དུ།
བོད་པ་ཚོ། ཡོམ་ཞིང་སྐྱོམ་ལ། འདར་ཞིང་ལྕུག །