དུས་བཞིའི་རང་སྒྲ།

དཀར་མཛེས། ཚོ་དྲུག་རྡོ་རྗེས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-16


སྔོ་ལྗང་གི་རྩྭ་ཐང་། ནིའུ་ལིན་ལུང་གིས་པར་བླངས།

དཔྱིད་ཀ།

སྟོད་ཀྱི་ས་འཛིན་སྔོ་ལྗང་གོས་ཀྱིས་བཀླུབས། །
སྨད་ཀྱི་མཚོ་མོ་འཁྱགས་རོམ་རྒྱ་ལས་གྲོལ། །
བར་གྱི་རྒྱ་རྫོང་ནགས་ཚལ་དཀྱིལ་འཁོར་ན། །
ཁུ་བྱུག་སྔོན་མོའི་མགྲིན་གླུ་རྣ་བའི་དཔྱིད། །
ཨ་སྔོན་དགུང་གི་ཆུ་འཛིན་ཀློང་ནས་སྦྲང་ཆར་བསིལ་མ་ཤག་ཤག་འཇོ། །
སྤྲིན་གྱི་སྒྲ་དབྱངས་ལྷོད་ཀྱིས་གྲགས་པས་སྐྱེ་འགྲོ་ཀུན་གྱི་རྨི་ལམ་དཀྲོགས། །
རྨ་བྱ་དགའ་མགུར་འདོད་པས་མྱོས་ཏེ་ངག་ནས་སྒྲ་སྐད་སྣ་ཚོགས་འབྱིན། །
དྲོད་འཇམ་ཉི་འོད་འཛིན་མར་འཁྱུད་པས་རྩི་ལྗོན་འདབ་མ་ལྷུག་ལྷུག་གྲོལ། །
སོ་ནམ་རྒན་པོའི་སེམས་ཀྱི་མཚོ་མོར་རེ་བའི་རླབས་རྒྱུན་དྲག་ཏུ་འཕྱོ། །
དབྱར་ཁ། 
གཡུ་ལོ་རྣམ་པར་བཀོད་པའི་སྐྱེད་ཚལ་ན། །
མེ་ཏོག་སྣ་བརྒྱའི་ལང་ཚོ་ཡིད་དུ་འོངས། །
དྭངས་གཙང་དྲི་མ་མེད་པའི་ཉལ་འགྲོ་རུ། །
ལྟོ་དཀར་ཉ་མོ་འཁྱུག་འགྲོས་དཔལ་གྱིས་སྒེག །
ནེའུ་གསིང་གཡུ་ཡི་མཚོ་མོའི་ཀློང་ན་སྔོ་ལྗང་གཡུ་ལོའི་སྒེག་འཛུམ་ངོམས། །
སྔོན་མོ་སྤང་གི་ཡངས་པའི་ཐང་ན་རྟ་ནོར་ལུག་གསུམ་གར་དུ་རྩེན། །
སྣ་ཚོགས་མེ་ཏོག་བཞད་པའི་ཚལ་ན་རྐང་དྲུག་བུང་བའི་གཤོག་གླུ་སྙན། །
ལེགས་བྲིས་སྐྱེད་ཚལ་ས་ལ་ལྷུང་འདྲའི་ཁམས་གསུམ་སྣོད་ཀྱི་འཇིག་རྟེན་འདིར། །

སྐྱེ་འགྲོ་ཀུན་པོས་བང་ཁ་འགྲན་ཏེ་འཚོལ་སྙེག་ལམ་དུ་འདུར་ཞིང་རྒྱུགས། །

སྟོན་ཀ། 

ས་ལེ་སྦྲམ་གྱིས་སྤྲས་པའི་རྣང་མའི་བར། །
འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ཞིང་གཡོ། །
མཐོན་མཐིང་ཀུན་གསལ་ལམ་གྱི་བཞི་མདོ་ན། །
ལྷོ་བཞུད་ཁྲུང་ཁྲུང་དཀར་མོའི་དཔུང་ཁག་བསྟར། །
ཁོར་ཡུག་རི་བོའི་ལྟེབས་གཉེར་ཁྲོད་ན་རིན་ཆེན་གསེར་གྱི་རྦ་རླབས་འཕྱུར། །
དྲི་མེད་སྟོན་ཟླ་མཁའ་རུ་འཛུམ་པས་གངས་དཀར་རི་བོའི་མཛེས་པ་འཕྲོག །
འབྲས་ལྡན་སྙེ་མ་ཁུར་གྱིས་དུད་ཅིང་ཞིང་པའི་དགོད་སྒྲ་ལྷང་ལྷང་གྲགས། །
རྟ་ནོར་ལུག་གསུམ་ཤེད་ཀྱིས་སྙེམས་ཤིང་སྙན་འཇེབས་འབྲོག་གླུ་བྲག་ཅར་འཁྱིལ། །
ཞིང་འབྲོག་མི་དམངས་སྐྱིད་པའི་འཚོ་བ་ཕྱོགས་ཀྱི་བུ་མོའི་རྒྱན་དུ་འཁྲུངས། །
དགུན་ཁ། 
འདབ་དྲུག་ཁ་བའི་མེ་ཏོག་ལྷོད་ཀྱིས་བབས། །
ཉལ་འགྲོ་འཁྱགས་པས་བསྡམས་ནས་ངུ་སྐད་འབྱིན། །
ས་གཞི་སྒྲེན་མོར་རྒྱུ་བའི་དུས་ཚིགས་འདིར། །
ཉམས་ཆུང་ལུས་པོ་གྲང་རེག་ཙག་གིས་གཟིར། །
ཁ་བའི་འདབ་མ་དལ་གྱིས་ལྷུང་བས་ཁོར་ཡུག་རི་ལུང་འོད་དུ་འཚེར། །
ས་གཞིའི་བུ་མོ་ཙག་གིས་གདུངས་ནས་མི་སྡུག་ཞལ་རས་སྐྱ་ཐང་ཐང་། །
ཕྱོགས་དང་ཕྱོགས་སུ་བུ་ཡུག་འཚུབ་པས་འགྲོ་བ་ཀུན་གྱི་སྙིང་རྩ་འཁུམས། །
མི་རྟག་སྣོད་བཅུད་གང་ལ་བལྟས་ཀྱང་ཨ་ཐང་ཆད་པའི་སྐྱོ་གཞས་ཤིག །
རྒྱང་བཞུད་གྲོགས་པོ་དྲན་པའི་མོད་ལ་མིག་ཟུང་མཆི་མས་ཡང་ཡང་བཀྲུས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1