ལེའུ་བཞི་པ།
ཆོས་ལྡན་རྒྱལ་རབས་ཀྱི་སྐབས།
བོད་ཡུལ་རུ་ཆེན་ལྔ་རུ་ཕྱེས། །
དམག་གི་རུ་སྒར་བརྒྱད་དུ་བཏབ། །
རུ་དར་རུ་རྟ་གཏན་ལ་ཕབ། །
ཡུལ་གྱི་དབང་རིས་བཅོ་བརྒྱད་ཕྱེས། །
རྒོད་ཀྱི་སྟོང་སྡེ་རེ་གཅིག་དང་། །
གཡུང་ལ་རྗེ་བྲན་རིམ་ལྔར་ཕྱེས། །
དཔའ་སྡེ་གསུམ་གྱིས་སོ་ཁ་སྲུང་། །
གཅིག བོད་ཡུལ་རུ་ཆེན་ལྔ་ཞེས་པ་ནི། གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ། ཡན་ལག་སུམ་པའི་རུ་བཅས་ལྔ་རུ་ཕྱེའོ། དེ་དག་སོ་སོའི་ས་ཚད་གང་ཡིན་མཁས་པའི་དགའ་སྟོན་དང་། ལྡེའུ་ཆོས་འབྱུང་སོགས་ཡིག་རྙིང་རྣམས་ལས་གསལ་བ་ལྟར་རོ།
གཉིས། མག་གི་རུ་ཆེན་བརྒྱད་ཅེས་པ་ནི། དེ་ཡང་དམག་སྒར་སོ་སོའི་ཐུན་མོང་མིན་པའི་ཁྱད་ཆོས་གང་དང་བཅས་བཤད་པར།
ཀ ༽ དབུ་རུ་སྟོད་ཀྱི་དམག་སྒར། དབུ་རུ་སྟོད་ཀྱི་དམག་དཔོན་ནི་སྣ་ནམ་རྒྱལ་རྒན། དཔའ་ཟླའམ་དཔུང་རོགས་ནི་གནོན་འཕན་གསུམ། རུ་རྟ་ཟེ་དཀར་རྟ་སྐྱ། རུ་དར་དམར་པོ་ལྕེ་ཁྲ་བོ། དམག་གི་བཞེད་པ་ནི་མཚོ་ལ་ཁ་བ་འབབ་བཞིན་དུ་འོང་སྐད།
ཁ ༽ དབུ་རུ་སྨད་ཀྱི་དམག་སྒར། དབུ་རུ་སྨད་ཀྱི་དམག་དཔོན་དབས་སྐྱེས་བཟང་སྟག་སྣ། དཔའ་ཟླའམ་དཔུང་རོགས་ཤུད་བུ་ཁོད་བཙན། རུ་རྟ་མཚལ་བུ་གཟིག་རིས། རུ་དར་དཔལ་དར་དམར་པོ། དམག་གི་བཞེད་པ་ནི་མཚོ་ལ་གངས་འབབ་འདྲ་བཞིན་ནོ
ག ༽ གཡོ་རུ་སྟོད་ཀྱི་དམག་སྒར། གཡོ་རུ་སྟོད་ཀྱི་དམག་དཔོན་ནི་མྱང་སྟག་གཟིག་གཡུ་བཙན། དཔུང་རོགས་ལ་གཡས་མང་བཞེར། རུ་རྟ་མོག་རོ་བུན་བུན། རུ་དར་སེང་གེ་དམར་པོ། དམག་གི་བཞེད་པ་ནི་མཚོ་ལ་སྦྲང་ཆར་བབས་པ་བཞིན་དུ་འགྲིམས་ནས་འོང་ངོ༌།
ང ༽ གཡོ་རུ་སྨད་ཀྱི་དམག་སྒར། གཡོ་རུ་སྨད་ཀྱི་དམག་དཔོན་ནི་མཆིམས་རྒྱལ་གཟིགས་ཤུད་རིང༌། དཔུང་རོགས་ནི་སོ་གད་གཉེན་བཞེར། རུ་རྟ་མཚལ་བུ་རྟིང་དཀར། རུ་དར་དར་དཀར་སྙིང་ནག་དམག་གི་བཞེད་པ་ནི་མཚོ་ལ་སྦྲང་ཆར་འབབ་པ་བཞིན་ནོ།
ཅ ༽ གཡས་རུ་སྟོད་ཀྱི་དམག་སྒར། གཡས་རུ་སྟོད་ཀྱི་དམག་དཔོན་ནི་ཁྱུང་པོ་སྟག་བཟང་ཉ་སྟོང༌། དཔུང་རོགས་ནི་སྦ་ཚབ་མཚོ་བཞེར་ཙང་ལོད། རུ་རྟ་མཚལ་བུ་མེ་སྟག རུ་དར་དར་ནག་སྙིང་དཀར་ལ་བྱ་ཁྱུང་བྲིས་པ། དམག་གི་བཞེད་པ་ནི་སྤང་ལ་མེ་ལྕེ་མཆེད་པ་བཞིན་འོང་ངོ༌།
ཆ ༽ གཡས་རུ་སྨད་ཀྱི་དམག་སྒར། གཡས་རུ་སྨད་ཀྱི་དམག་དཔོན་ནི་མགོས་ཁྲི་གཉེན་ཡང་འཕྱོས། དཔུང་རོགས་ནི་ལང་པ་མགོན་ནེ། རུ་རྟ་སྔོན་པོ་གཡུ་རྟ། རུ་དར་སྐྱར་ཁ་གོང་ཁྲ། དམག་གི་བཞེད་པ་ནི་སྤང་ལ་མེ་ལྕེ་མཆེད་པ་བཞིན་འོང་ངོ༌།
ཇ ༽ རུ་ལག་སྟོད་ཀྱི་དམག་སྒར། རུ་ལག་སྟོད་ཀྱི་དམག་དཔོན་ནི་འབྲོ་རྒྱལ་མཚན་སེང་གེ། དཔུང་རོགས་ནི་གནམ་སྡེ་གུར་ཚབ། རུ་རྟ་ངང་པ་ཕུད་དམར། རུ་དར་སེང་དཀར་གནམ་འཕྱོ། དམག་གི་བཞེད་པ་ནི་གངས་ལ་སེང་གེ་འགྲིམ་པ་བཞིན་འོང་སྐད་དོ།
ཉ ༽ རུ་ལག་སྨད་ཀྱི་དམག་སྒར། རུ་ལག་སྨད་ཀྱི་དམག་དཔོན་ནི་ཁྱུང་པོ་གཡུའི་ཟུར་ཕུད། དཔུང་རོགས་ནི་མཆིམས་བཙན་བཞེར་ལྷ་གཟིགས། རུ་རྟ་རག་པ་རྔོག་ནག རུ་དར་དཔལ་དར་ནག་པོ། དམག་གི་བཞེད་པ་ནི་གངས་ལ་སེང་གེ་འགྲིམ་པ་བཞིན་འོང་སྐད་དོ།
གསུམ། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ཅེས་པ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྲིད་དབང་གི་མངའ་ཁོངས་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདི་ཉིད་རྒྱལ་པོའི་སྲིད་དབང་གི་འོག་ཏུ་གནས་པའི་ཡུལ་གྲུ་དེ་དག་ཡུལ་ཆེན་ཁག་བཅོ་བརྒྱད་དུ་ཕྱེས་ཏེ། ཡུལ་ཆེན་སོ་སོའི་དཔོན་པོ་རྣམས་ཀྱིས་གོང་གི་བཙན་པོའི་བཀའ་ལུང་ལ་བརྩི་བཀུར་དང༌། ཁྲལ་ཁྲིམས་ཁུར་ལེན་བྱེད་པའི་ཆ་རྐྱེན་འོག འབངས་མི་དང་ས་ཞིང་ནོར་ཕྱུགས་སོགས་གང་འཚམ་རེ་བདག་པོ་བྱས་ནས་རྒྱལ་པོ་ལ་སྲི་ཞུ་སྒྲུབ་ཀྱིན་ཡོད་པའི་སྡེ་ཤོག་རྣམས་ཏེ་རྒྱས་པ 《ཆོས་འབྱུང་མཁས་པའི་དགའ་སྟོན》དང་། 《མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང》དག་ལས་གསལ་བ་ལྟར་རོ།
བཞི། དཔའ་སྡེ་གསུམ་ནི།
སྟོད་ཀྱི་དཔའ་སྡེ། ལྷོ་ཕྱོགས་རྒྱ་གར་དང་། ནུབ་ཕྱོགས་ཏ་ཟིག་གི་ས་མཚམས་སྲུང་བའི་དཔའ་སྡེ་རྣམས་ནི། མཁས་པའི་དགའ་སྟོན་ལས། རི་བྲང་སྟག་པ་གོང་ཡན་ཆད། མོན་འབྲལ་ཁ་བཞི་མན་ཆད་ན། འབྲོ་དང༌། ཁྱུང༌། མགར། སྣུབས། གཉན་བཅས་ལྔ་པོས་གུ་གེ་དང༌། ཅོག་ལ་གཉིས་ལ་སྡེ་ཚོ་ལྔ་ཡོད་པ་དེའི་དཔོན་པོ་བྱས། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་བྱ་བ་ནུ་མ་གཡས་པ་མེ་བཙས་བསྲེགས་ཏེ་འཇིགས་རྔམ་སྟོན་ཅིང༌། མདའ་སྤར་མོ་གསུམ་གྱི་མགོ་ཙམ་པ་འཕེན་པའི་ཚེ་ན་རྡོ་ལེབ་ལའང་ཅུར་ཏེ་འགྲོ་བ་①འཇིགས་པ་ཅན་ལ་ཇི་མི་སྙམ་པར་འཐབས་ཚེ། དཔའ་ཚན་དུ་སྟག་གི་སྤྱིལ་བུ་ཕུབ། འོག་རྟ་གཡུལ་ས་དེ་ཁར་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ། དཔའ་རྟགས་བླངས། ཞང་ཞུང་སྟོང་སྡེའི་ནང་གི་བོད་དང་སུམ་པའི་མཚམས་ན་ཡོད་པའི་གུག་ཅོག་སྟོང་སྡེ་གཉིས་སོ།
བར་གྱི་དཔའ་སྡེ། ཤར་ལྷོ་འཇང་གི་ས་མཚམས་ཀྱི་དཔའ་སྡེ་རྣམས་ནི། མཁས་པའི་དགའ་སྟོན་ལས། རི་པེ་ནམ་ལུང་ཡན་ཆད། ཆ་སྐོར་དར་བས་མན་ཆད། ཡུལ་དེ་ན་སྦས་རྒྱ་སྡེ་བཅུ་གཉིས་གནས་པས་ནགས་ཤོད་ཀྱི་དཔོན་བྱས་ཏེ། ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུག་པ་ལ་རྒོལ་བའི་ཚེ་དཔའ་ཚན་དུ་རལ་གྲི་ལ་རི་མོ་བྲིས། ② དུར་རྒྱགས་ལྟོར་ཟོས། ③ ཚེ་སློག་རྒྱབ་ཏུ་གོན་ཏེ་མི་སྡུག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་ལོ། སུམ་པ་རུ་ཆེན་གྱི་ནགས་ཤོད་སྟོང་བུ་ཆུང་གི་སྦས་སྡེ་བཅུ་གཉིས་ནགས་ཤོད་ཀྱིས་དཔོན་བྱས།
སྨད་ཀྱི་དཔའ་སྡེ། ཤར་ཕྱོགས་ཐང་གི་ས་མཚམས་ཀྱི་དཔའ་སྡེ་རྣམས་ནི། མཁས་པའི་དགའ་སྟོན་ལས། རྨ་སྤོམ་ར་མན་ཆད། ཀ་ཐང་ཀླུ་ཚེས་ཡན་ཆད་ན་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གནས་པ་ལ། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་སྒྲིག་རྒྱུགས་པའི་ནང་ནས་མི་མཁར་ཐུང་ཙམ་གྱིས་སྟ་རེའི་ཁ་ཁྲུ་རེ་ཙམ་པ་ཐོགས་ཏེ་རྒོལ་བའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས། དཔའ་ཚན་དུ་རལ་གྲིའི་ཤུབས་བཅག④ ཁ་ཆེམས་གཉེན་ཉེ་ལ་བཞག བུ་སྨད་ཉེ་དྲུང་ལ་བཅོལ་ཏེ་སླར་དམག་ས་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་བས་རྒྱ་ཐུལ་པའི་དཔའ་རྟགས་བླངས། །
བོད་ཁམས་དབང་བསྒྱུར་ཕྲིན་ལས་གནས། །
མཐའ་འདུལ་ཡང་འདུལ་རུ་གནོན་གྱི། །
ཕྱོགས་མཐར་ལྷ་ཁང་བཅུ་གཉིས་བཞེངས། །
སྲིད་འབྱོར་རིག་གསུམ་གཅིག་ཏུ་སྤེལ། །
དུས་དེར་ཆོས་རྒྱལ་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་མཐའ་དག་ལ་དབང་དུ་བསྒྱུར་ཅིང་། ས་ཐག་རིང་བའི་ཕྱོགས་མཐའ་རྣམས་ལ་སྲིད་དབང་གི་ལས་ཀ་བྱ་ཡུལ་དང་། བོད་ཡུལ་གྱི་ས་དཔྱད་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུ་དེའི་ཁ་གནོན་དུ་མཐའ་འདུལ་དང་། ཡང་འདུལ། རུ་གནོན་བཅས་ཀྱི་ལྷ་ཁང་བཅུ་གཉིས་བཞེངས་པ་འདི་དག་ངོ་བོ་སྲིད་དབང་གི་ཕྱག་ལས་བྱ་ཡུལ་ཞིག་ལ། རྣམ་པ་ཆོས་ཀྱི་གཙུག་ལག་སྡེ་ཚན་ལྟ་བུ་ཡིན་པར་ངེས།
གཅིག ༽ མཐའ་འདུལ་གྱི་གཙུག་ལག་
ཁང་བཞི་ནི།
1.ཡར་ལུང་ཁྲ་འབྲུག་ལྷ་ཁང་། སྲིན་མོའི་དཔུང་འགོ་གཡོན་གནོན་པ་ལ་ཡར་ཀླུང་ཁྲ་འབྲུག་བྱམས་པ་མི་འགྱུར་བའི་ལྷ་ཁང་བཞེངས། འདི་ད་ལྟ་ལྷོ་ཁའི་སྣེ་གདོང་རྫོང་ཁོངས་སུ་ཡོད།
2.དབུ་རུ་ཀ་ཚལ་གྱི་ལྷ་ཁང་། སྲིན་མོའི་དཔུང་འགོ་གཡས་གནོན་པ་ལ་དབུ་རུ་ཀ་ཚལ་གྱི་ལྷ་ཁང་བཞེངས། འདི་ད་ལྟ་ལྷ་སའི་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཡོད།
3.གཡས་རུ་གཙང་འགྲམ་ལྷ་ཁང་། སྲིན་མོའི་དཔྱི་འགོ་གཡས་གནོན་པ་ལ་གཡས་རུར་གཙང་འགྲམ་གྱི་ལྷ་ཁང་བཞེངས། འདི་ད་ལྟ་གཞིས་རྩེའི་རྣམ་གླིང་རྫོང་ཁོངས་སུ་ཡོད།
4.གྲོམ་པ་རྒྱང་གི་ལྷ་ཁང་། དཔྱི་འགོ་གཡོན་གནོན་པ་ལ་རུ་ལག་ཏུ་གྲོམ་པ་རྒྱང་གི་ལྷ་ཁང་བཞེངས། འདི་ད་ལྟ་གཞིས་རྩེ་ལྷ་རྩེ་རྫོང་ཁོངས་སུ་ཡོད། དེ་དག་ནི་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ཡིན་ནོ།
གཉིས ༽ ཡང་འདུལ་གྱི་གཙུག་ལག་ཁང་བཞི་ནི།
1.ཀོང་པོ་བུ་ཆུང་ལྷ་ཁང་། སྲིན་མོའི་གྲུ་མོ་གཡས་པ་གནོན་པ་ལ་ཀོང་པོ་བུ་ཆུང་ལྷ་ཁང་བཞེངས། འདི་ཉིད་ད་ལྟ་ཉིང་ཁྲི་རྫོང་ཁོངས་སུ་ཡོད།
2.ལྷོ་བྲག་ཁོ་ཐིང་ལྷ་ཁང་། གྲུ་མོ་གཡོན་པ་གནོན་པ་ལ་ལྷོ་བྲག་ཁོ་ཐིང་ལྷ་ཁང་བཞེངས། འདི་ད་ལྟ་ལྷོ་ཁའི་ལྷོ་བྲག་རྫོང་ཁོངས་སུ་ཡོད།
3.མང་ཡུལ་དགེ་རྒྱས་ལྷ་ཁང་། སྲིན་མོའི་པུས་མོ་གཡས་གནོན་པ་ལ་མང་ཡུལ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་བཞེངས། འདི་ད་ལྟ་གཞིས་རྩེའི་སྐྱིད་གྲོང་རྫོང་ཁོངས་སུ་ཡོད།
4.བྱང་པྲ་དུན་རྩེའི་ལྷ་ཁང་། པུས་མོ་གཡོན་གནོན་པ་ལ་བྱང་པྲ་དུན་རྩེའི་ལྷ་ཁང་བཞེངས། འདི་ད་ལྟ་གཞིས་རྩེའི་འབྲོང་པ་རྫོང་ཁོངས་སུ་ཡོད། དེ་རྣམས་ནི་ཡང་འདུལ་གྱི་གཙུག་ལག་ཁང་བཞི་ཡིན་ནོ།
གསུམ ༽ རུ་གནོན་གྱི་གཙུག་ལག་ཁང་བཞི་ནི།
1.ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་། སྲིན་མོའི་ལག་མཐིལ་གཡས་གནོན་པ་ལ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས། འདི་ད་ལྟ་ཁམས་སྡེ་དགེའི་ཁོངས་སུ་ཡོད།
2.མོན་སྐྱེར་ཆུ་ལྷ་ཁང་། ལག་མཐིལ་གཡོན་གནོན་པ་ལ་མོན་སྐྱེར་ཆུ་ལྷ་ཁང་བཞེངས། འདི་ད་ལྟ་འབྲུག་པ་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད།
3.མཚལ་རིགས་སྒྲོལ་མ་ལྷ་ཁང་། སྲིན་མོའི་རྐང་མཐིལ་གཡས་གནོན་པ་ལ་མཚལ་རིགས་སྒྲོལ་མ་ལྷ་ཁང་བཞེངས། འདི་ད་ལྟ་མངའ་རིས་ས་ཁུལ་དུ་ཡོད།
4.ཚངས་པ་རླུང་གནོན་གྱི་ལྷ་ཁང་། རྐང་མཐིལ་གཡོན་གནོན་པ་ལ་ཚངས་པ་རླུང་གནོན་གྱི་ལྷ་ཁང་བཞེངས། འདི་ད་ལྟ་བལ་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད། དེ་དག་ལ་རུ་གནོན་གྱི་ལྷ་ཁང་བཞི་ཞེས་གྲགས།
བཞི ༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་རྣམས་ནི།
1.ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་དང་པོ་མོང་བཟའ་ཁྲི་ལྕམ་ནི། བོད་ཡུལ་དབུས་སུ་མོང་གི་ཁྱིམ་རྒྱུད་དུ་འཁྲུངས། རྒྱལ་པོ་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕྱིན། མཛད་རྗེས་གཙོ་བོར་བྲག་ཡེར་པའི་ལྷ་ཁང་བཞེངས། སྐབས་དེར་བན་བོན་གང་གི་ལུགས་ཡིན་མ་གསལ། དེང་དུས་ནང་པའི་ཆོས་ལུགས་ཀྱི་སྒྲུབ་གནས་གྲགས་ཆེ་བ་ཞིག་ཡིན།
2.རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་གཉིས་པ་མི་ཉག་བཟའ་རུ་ཡོང་བཟའ་ནི། མདོ་ཁམས་མི་ཉག་གི་ཡུལ་དུ་འཁྲུངས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕྱིན། མཛད་རྗེས་གཙོ་བོར་བྲག་མགོན་པོའི་ལྷ་ཁང་བཞེངས། ལྷ་ཁང་དེ་ཡང་ནང་པའི་ལུགས་ཀྱི་ལྷ་ཁང་ཞིག་ཡིན་པར་གྲགས།
3.རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་གསུམ་པ་ཞང་ཞུང་བཟའ་ལི་ཐིག་སྨན་ནི། གངས་ཏི་སེའི་ཞོལ། མཚོ་མ་ཕམ་པའི་འགྲམ་དུ་ཞང་ཞུང་རྒྱལ་པོའི་སྲས་མོ་རུ་འཁྲུངས། སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀ་ཞང་ཞུང་རྒྱལ་པོའི་བཙུན་མོར་ཕྱིན་པ་དང་དུས་མཚུངས་ཙམ་ན། ལི་ཐིག་སྨན་སྲོང་བཙན་སྒམ་པོའི་བཙུན་མོར་བསུས། མཛད་རྗེས་གཙོ་བོར་ཐེམ་བུ་ལྐོག་གི་ལྷ་ཁང་བཞེངས། དེ་ནི་ཞང་ཞུང་བོན་ལུགས་ཀྱི་ལྷ་ཁང་ཞིག་ཡིན་པར་གྲགས་པ་ཙམ་ལས་དེང་དུས་གནས་ཡུལ་གང་ཡིན་ཤེས་མཁན་མེད་པར་སྣང་།
4.རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་བཞི་པ་བལ་བཟའ་ཁྲི་བཙུན་ནི། དེང་དུས་བལ་པོའི་རྒྱལ་ས་ཀ་ཏེ་མན་ཏུར་བལ་པོ་རྒྱལ་པོ་འོད་ཟེར་ཁྲི་བཙན་གྱི་སྲས་མོ་རུ་འཁྲུངས། སྤྱི་ལོ་་632པ་ཤིང་འབྲུག་ལོར་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕེབས། མཛད་རྗེས་གཙོ་བོར་སྤྱི་ལོ་639པ་ས་ཕག་ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། ལྷ་ཁང་འདི་ནི་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་རྟེན་བཞུགས་གནས་ཀྱི་ཆེད་དུ་བཞེངས་པ་སྟེ། བོད་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྷ་ཁང་དང་པོ་ཡིན།
5.རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་པ་རྒྱ་བཟའ་ཀོང་ཇོ་ནི། རྒྱ་ནག་ཐང་གི་རྒྱལ་པོ་ཐང་ཐའེ་ཙུང་གི་སྲས་མོ་རུ་འཁྲུངས། བོད་ཀྱི་རྒྱལ་པོའི་ཁབ་ཏུ་ཕེབས། མཛད་རྗེས་གཙོ་བོར་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས། ལྷ་ཁང་འདི་ནི་ལྕགས་ཕག་ལོ་སྟེ་སྤྱི་ལོ་651ལོར་བཞེངས་པར་གསལ། འདི་ནི་རྒྱ་བཟའ་ཀོང་ཇོས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་བཞུགས་ཡུལ་ཆེད་དུ་བཞེངས་པ་ཞིག་ཡིན།