བོད་ཀྱི་བཟའ་བཏུང་སྤྱོད་ལམ་ལས་ཚན་རིག་དང་མཐུན་པའི་སྐོར་གླེང་བ།

ར་ཧོར་དགེ་འདུན་དར་རྒྱས། ངེད་གསར་འགོད་པས་པར་བླངས' རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-16


        དེ་ཡང་གངས་རིའི་ར་བས་བསྐོར་ཞིང་ཆུ་ཀླུང་དལ་གྱིས་འབབ་པའི་ས་གཙང་། ཆུ་གཙང་། ཡུལ་གཙང་། ཁམས་གཙང་། སེམས་གཙང་བའི་སྒང་པ་བོད་ཀྱི་ཡུལ་འདི་ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་གི་སེམས་ཁམས། སྲོལ་རྒྱུན་གྱི་འཚོ་བ་གང་གི་ཐད་ནས་བཤད་ནའང་དེང་དུས་ཀྱི་ཚན་རིག་འཕྲོད་བསྟེན་དང་མཐུན་པའི་སྐོར་ཧ་ཅང་མང་པོ་ཞིག་འདུག སྤྱིར་ཚན་རིག་བྱ་བའི་རིག་པ་གསར་པ་འདི་འཛམ་བུའི་གླིང་ལ་དར་ནས་དུས་ཡུན་རིང་པོ་ཞིག་མིན་ཞེས་མཁས་པ་ཚོས་བཤད་ནའང་ང་ཚོ་བོད་ཀྱི་གཙུག་ལག་ནང་དུ་ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་ཤིག་དར་ནས་དུས་ཡུན་ཧ་ཅང་རིང་པོ་སོང་ཡོད་པ་རེད། བཟའ་བཏུང་གི་ཆ་ནས་བཤད་ནའང་བན་བོན་གཉིས་དང་གསོ་བ་རིག་པའི་གཞུང་ལུགས། དམངས་ཁྲོད་ཀྱི་སྲོལ་རྒྱུན་འཚོ་བ་བཅས་ཀྱི་ནང་དུའང་ཚན་རིག་དང་མཐུན་པའི་སྐོར་མི་ཉུང་བ་ཞིག་འདུག་པས་འདིས་བོད་མི་རིགས་ཀྱི་མེས་པོའི་གཟི་བརྗིད་དང་རིག་གཞུང་གི་རིན་ཐང་སོགས་གསལ་བོ་རྟོགས་ཐུབ།
        སྤྱིར་བོད་ལ་སྲོལ་རྒྱུན་བཟའ་བཏུང་གི་ལུགས་འདི་དར་ནས་དུས་ཡུན་ཧ་ཅང་རིང་པོའི་ཁྲོད། འདིའི་སྐོར་གྱི་སྤང་བླང་གི་ཤེས་བྱ་མང་པོ་ཞིག་དང་པོ་བོད་རང་གི་མེས་པོའི་ཉམས་མྱོང་གི་རིག་པ་ལ་བརྟེན་ནས་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་དང་། དེ་ནས་གདོད་མའི་ཆོས་ལུགས་ཞྭ་དཀར་གཡུང་དྲུང་བོན་གྱི་གྲུབ་མཐའ་ནས་བཟུང་རིམ་བཞིན་ནང་པའི་བསྟན་པ་དར་བ་དང་མཉམ་དུ་གསོ་བ་རིག་པ་སོགས་ཡིག་ཐོག་གི་གཞུང་ལུགས་ཞིག་ཆགས་པ་རེད། ནང་ཆོས་ཀྱི་འདུལ་བ་དང་སྡོམ་གསུམ་སོགས་ལས་རབ་བྱུང་གི་ཟས་ཟ་བའི་སྡེ་ཚན་སོགས་སུ་གསལ་བོ་བཤད་ཡོད་པ་དང་གསོ་རིག་རྒྱུད་བཞིའི་བཤད་རྒྱུད་ལེའུ་བཅུ་དྲུག་པ་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། ། དམན་ལྷག་ལོག་འགྱུར་ནད་སྐྱེད་འཕྲལ་སྲོག་འཇོམས། ། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །ཞེས་གསུངས་པ་ལྟར་བོད་ཀྱི་མི་རྣམས་ཀྱིས་གནའ་ནས་ད་བར་དུ་བཟའ་བཏུང་སྤང་བླང་གི་ཕན་གནོད་ཤེས་པ་དང་ཡང་རིག་གནས་ཆེ་བ་བཅོ་བརྒྱད་དུ་དབྱེ་བའི་སྐབས། ཟས་ཀྱི་ཚད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ་ཤེས་པ་དང་། རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ་ཤེས་པ། ཞེས་བཤད་པ་བཞིན་བཟའ་བཏུང་གིས་བདེ་སྲུང་བྱེད་པ་དང་ནད་བྱུང་བ་ལ་སྨན་བརྟེན་པ་ནི་རིག་པའི་གཞུང་ལུགས་གཉིས་སུ་དབྱེ་ནས་གསུངས་པ་ཡང་བཟའ་བཏུང་གི་སྐོར་ལ་གནའ་ནས་བཟུང་བོད་ལ་རིག་པའི་གཞུང་ལུགས་ཞིག་ཆགས་ནས་ཡོད་པ་རེད། འདི་ལའང་ཡིག་ཐོག་ཏུ་ཡོད་མེད་གང་རུང་ཞིག་འདུག


        སྤྱིར་བོད་ཀྱི་འཁོར་ཡུག་ཏུ་སྔོ་ཚལ་སོགས་བཟའ་བཅའི་རིགས་ཉུང་ནའང་ས་གནས་རང་ལས་ཐོན་པའི་བཟའ་བཅའ་ནི། གྲོ་ནས་སྲན་གསུམ། འོ་དར་ཞོ་གསུམ། ཤ་ཐུད་མར་གསུམ། མར་ཕྱེ་རྩམ་གསུམ། སྔོ་ལྡུམ་རྩི་གསུམ། སིལ་ཏོག་མངར་གསུམ་སོགས་བཟའ་བཅའི་སྐོར་ནི་རང་གི་ཁོར་ཡུག་དང་བོད་མིའི་ལུས་ཁམས། མེས་པོའི་ཁྲག་རྒྱུན་ལས་བརྒྱུད་པའི་ཁམས་ཁྱད་པར་བ་ཞིག་ཡོད་པས་དེར་འཕྲོད་པོ་ཡོད་པ་རེད། འདི་ལ་འཛམ་གླིང་གི་མཁས་པ་ཚོས་རང་ས་ནས་ཐོན་པའི་བཟའ་བཅའ་མང་དུ་བསྟེན་ཟེར་བ་དེ་དང་མཐུན་ཡོད། སྤྱིར་འཛམ་བུའི་གླིང་གི་ཆ་ནས་བཤད་ན་ཉིན་གཅིག་ལ་ཁ་ཟས་ཐེངས་གསུམ་བསྟེན་པ་ཡིན་ལ་ང་ཚོ་བོད་རྣམས་ལས་ཁྱད་པར་དུ་འབྲོག་པ་རྣམས་ཀྱིས་ཉིན་གཅིག་ལ་ཟས་ཐེངས་ལྔའམ་བདུན་དུ་ཟ། འདི་ནི་དེང་དུས་ཀྱི་འཛམ་གླིང་འཕྲོད་བསྟེན་ཚོགས་པ་དང་སྨན་པ་མཁས་པ་རྣམས་ཀྱིས་གསུངས་པ་བཞིན་ཟས་ཉུང་ངུ་ཐེངས་མང་པོར་ཟ་བ་དེའི་ཁྱད་ཆོས་ཡོད་པ་རེད། དུས་རྒྱུན་མགྲོན་པོ་བྱུང་བའམ་རང་གཞན་སུས་ཟས་ཟ་བའི་ཐོག་མ་ཇ་ཕོར་བ་གང་འཐུང་ནས་ད་གཟོད་ཟས་ཟ་བ་ནི་ཟས་སྔོན་མའི་དུག་རོ་མར་དེད་ནས་ཟས་སྔ་ཕྱིའི་མཚམས་གཅོད་པ་དང་ཕོ་ཁ་དང་རྒྱུ་མ་གཙང་མ་བཟོ་བ་མ་ཟད་ཟས་འཇུ་བར་ཕན། ཕོ་ཁ་དང་རྒྱུ་མ་སོགས་ལ་ནད་མི་འབྱུང་བར་ཕན་པ་ཡོད་པ་རེད། ཟ་མ་ཟོས་རྒྱབ་དང་ཁྱད་པར་དུ་ཤ་སོགས་ཟོས་ན་ཁ་བཤལ་དགོས། མ་བཤལ་ན་སྤྱང་ཀིའི་སྐྱེ་བ་ལེན་ཞེས་པ་འདིའང་གཙང་སྦྲ་དང་ཟས་འཇུ་བ། ཕོ་ཁ་དང་རྒྱུ་མར་ནད་སོགས་མི་འབྱུང་བའི་བདེ་ཐང་དང་བདེ་སྲུང་གི་ཐབས་ཤེས་ཤིག་ཡིན། གཤམ་དུ་ཉིན་གཅིག་གི་ཟས་ཚིགས་ལྔ་ཡིས་སྒོ་ནས་བཤད་ན།
        ནངས་ཟས་ནི་དང་པོ་ལས་ཐམས་ཅད་ཀྱི་འགོ་མ་ལ་འོ་ཇ་དཀར་པོ་འཐུང་བ་འདིའང་རྟེན་འབྲེལ་ཙམ་མ་ཡིན་པར་འོ་མ་བཅུད་བཟང་བ་ཡིན་པས་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ལའང་སྔ་མོ་འོ་མ་བཏུང་བའི་སྲོལ་ཡོད་པ་བཞིན་ང་ཚོ་བོད་རྣམས་ལའང་ནངས་ཇ་ལ་འོ་མ་མེད་ཐབས་མེད། ཁྱད་པར་དུ་ལོ་ལོན་དང་བྱིས་པ་ལ་ཁ་སྐད་དུ་གུན་ཇ་བྱ་བ་ཟུར་དུ་འོ་ཇ་བསྐོལ་ནས་འཐུང་བ་འདི་སྔ་མོའི་ཟས་བཅུད་བཟང་དགོས་པ་དང་ལུས་ཟུངས་གསོ་བས་ཡིན་པ་རེད། འཛམ་གླིང་འཕྲོད་རྟེན་མཁས་པ་ཚོའི་ཞལ་ནས་སྔ་མོ་ཟས་བཅུད་བཟང་བ་ཟ་བ་ནི་མི་དེའི་ཉིན་གཅིག་གི་རིག་པ་གསལ་མིན་ལ་རགས་ལས་ཞེས་བཤད། འབྲོག་པའི་ས་ཆ་འགའ་རེས་ནངས་ཇ་འཐུང་བ་ལ་ཁམས་བསང་འཐུང་ཞེས་ཟེར་བ་འདི་ཡང་ཁམས་དྭངས་ཤིང་རིག་པ་གསལ་བྱེད་ཤིག་ཡིན་པས་བཏགས་པ་ཡིན་རྒྱུ་རེད་སྙམ། ཐ་སྙད་འདི་ལ་དཔྱད་ན་དམངས་ཁྲོད་སྲོལ་རྒྱུན་གྱི་རིག་པ་འདི་ཚན་རིག་དང་མཐུན་མིན་གསལ་བོ་རྟོགས་ཐུབ་པ་རེད། གཞན་རབ་བྱུང་དང་བསྙེན་གནས་ཀྱི་ཟས་བརྟེན་པ་ལ་ཡང་སྔ་མོ་ཇ་དང་ཆུ། འོ་ཇ་དང་རྩམ་ཇ་སོགས་བཏུང་ཆོག་པའི་རྒྱུ་མཚན་ཡང་མི་ཞིག་ལ་མཚོན་ན་ནངས་ཟས་འདི་ཧ་ཅང་གལ་ཆེ་བ་དང་ལུས་ཁམས་ལ་ཆུའི་ཁ་སྣོན་བྱས་ནས་ལུས་ཕུང་བདེ་སྲུང་སོགས་ཀྱི་ཆེད་དུ་ཡིན།
དྲོས་ཇ་ནི་ཉི་དྲོས་སྐབས་བཏུང་པའི་ཇ་ལ་ཟེར། འདི་ལ་ཟས་ཆེར་མི་ཟ་བས་གཙོ་བོ་ཇ་སོགས་འཐུང་བ་འདི་ཡང་ནངས་ཟས་ཟོས་ནས་ཟོག་བཞོ་བ་སོགས་ལས་ཀ་ལས་པས་ལུས་ངལ་གསོ་བ་དང་མིའི་ལུས་ཁམས་ཀྱི་བརྒྱ་ཆ་བདུན་ཅུ་ཁྲག་ཡིན་པ་དང་ཁྲག་གི་བརྒྱ་ཆ་བརྒྱད་ཅུ་ཆུ་ཡིན་པས་མིའི་ལུས་ཁམས་ལ་ཆུ་མེད་མི་རུང་བ་ཡིན་པས་ཇ་ཚིགས་འདི་ནི་འཛམ་གླིང་འཕྲོད་བསྟེན་མཁས་པས་བཤད་པ་ལྟར་ཆུས་མིའི་ལུས་ཁམས་གྱི་ཁྲག་སླ་བར་བསྒྱུར་བ་དང་ཀླད་པ་དང་ཁྲག་ཤེད། སྙིང་དང་ཁྲག་རྩའི་ནད་སོགས་མི་འབྱུང་བར་ཕན་པ་ཆེན་པོ་ཡོད་པས་ཡིན། །

        གུང་ཟས་ནི་ཉིན་གུང་གི་ཟས་ལ་ཟེར། འདི་ལ་ཟས་རྒྱགས་ཐག་ཆོད་ཅིག་བཟའ་བ་ཡིན། མཛོ་སྣ་དང་ཤ་བཙོས་མ། ཤ་ཁུ། གོར་བ། རྩམ་པ་སོགས་ཟ། འདི་ནི་འཛམ་གླིང་འཕྲོད་བསྟེན་མཁས་པའི་ལེགས་བཤད་ལས། ཉིན་གུང་བློན་པོའི་གུང་ཟས་ལྟ་བུ་བརྟེན། ཞེས་གསུངས་པ་ལྟར་ཟས་མང་ཙམ་ཟ་དགོས་པ་ཡིན་པས་མི་ཞིག་ལ་མཚོན་ན་ཉིན་གཅིག་གི་ལུས་ཤུགས་དང་ཀླད་ཤུགས་ལ་ཁ་སྣོན་བྱེད་པ་ནི་ཟས་འདི་ལ་རགས་ལས་ཡོད་པས་ཡིན། རབ་བྱུང་གི་གུང་ཚིགས་དང་བསྙེན་གནས་ཀྱི་སྡོམ་པ་ལེན་མི་དག་གིས་གདན་གཅིག་གི་ཐོག་ཏུ་ཟས་རྒྱགས་ཐག་ཆོད་ཅིག་ཟོས་མ་ཚར་བར་ཡར་ལངས་མི་རུང་བ། ཡང་ཉིན་གུང་གི་ཟས་འདི་མི་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས་རེད།
        དགོང་ཇ་ནི་ཕྱི་དྲོ་དགོང་མོ་བཏུང་བའི་ཇ་ལ་ཟེར། འདི་ལའང་ཇ་སོགས་བཏུང་བ་ལས་ཟས་ཆེར་མི་ཟ། ཟོས་ནའང་མང་པོ་མི་ཟ། སྤྱིར་འདིའང་ལས་ཀའི་རྒྱབ་ཀྱི་ངལ་གསོ་བ་དང་ཇ་སོགས་ཀྱིས་ལུས་ཁམས་ལ་ཆུ་ཁ་སྣོན་བྱས་པ་ཡིན། རབ་བྱུང་དང་བསྙེན་གནས་ཀྱི་སྡོམ་པ་བསྲུང་མཁན་ཚོས་ཕྱི་དྲོའི་ཁ་ཟས་སྤང་དགོས་པ་ཡིན་པས་འདིས་ནི་ནད་མི་འབྱུང་བ་དང་ལུས་ཁམས་བདེ་ཐང་། རིག་པ་གསལ་བ། གཉིད་མི་དུབ་པ་སོགས་ལ་ཕན་པ་ཡོད་པས་ཡིན། འདིའི་ཡིག་ཐོག་གི་རིག་གཞུང་བོད་ལ་དར་ནས་ལོ་སྟོང་གཅིག་དང་ལྔ་བརྒྱ་ལ་ཉེ་བ་ཡོད།
        ནུབ་ཟས་ནི་མཚན་མོ་ཟས་བསྟེན་པ་ལ་ཟེར། འབྲོག་པ་ཚོས་གོང་གི་དགོང་ཇ་འཐུང་ཚར་བ་དང་འོ་མ་བཞོས་ནས་འབྲི་མ་བེའུ་རྣམས་ཕར་བཏང་ཞིང་བསིལ་རྩྭ་ཟ་རུ་བཅུག དེའི་བར་ལ་ཁྱིམ་མི་ཚོས་ནུབ་ཟས་ཟ། ཟོས་ཚར་བ་ན་ཁྱིམ་མི་རྣམས་ཕྱོགས་ཕྱོགས་སོ་སོར་སོང་ནས་གོ་རུག་བྱེད་པ་ཡིན། གོ་རུག་ཚར་བ་ན་ཁྱིམ་གྱི་གོ་ཁར་བསྡད་ནས་སྒྲོལ་མ་སོགས་འདོན། དེ་ནས་ཡང་ཇ་སོགས་འཐུང་ཞོར་དུ་ཁ་མཚར་དང་ཁེད། གནའ་སྒྲུང་སོགས་རྩེད་མོའི་རིགས་རྩེད་ཅིང་དགའ་སྤྲོའི་ངང་མལ་དུ་གཉིད། གོང་གི་སྲོལ་རྒྱུན་གྱི་འཚོ་བའི་སྤྱོད་སྟངས་འདི་ནི་ད་ལྟའི་འཛམ་གླིང་འཕྲོད་བསྟེན་མཁས་པས་ནུབ་ཟས་སྔ་དགོས་པ་དང་ཟོས་རྗེས་དལ་མོའི་གོམ་པ་སྤོས་ནས་སོང་ན་ཟས་འཇུ་བ་དང་ལུས་ཁམས་བདེ་ཐང་སོགས་ལ་ཕན་པ་རྒྱ་ཆེན་པོ་ཡོད་ཅེས་གསལ་བཤད་བྱས་ཡོད། གཞན་མཚན་མོར་རྩེད་མོ་རྩེ་བ་ནི་སེམས་ཁམས་དོ་མཉམ་པ་དང་སྤྲོ་བའི་སེམས་དང་ལྡན་པའི་སྒོ་ནས་གཉིད་ན་ལུས་སེམས་ཀུན་ལ་ཕན་པ་ཆེ། སྤྱིར་མི་རྣམས་ཀྱིས་ནུབ་ཟས་ཟོས་རྗེས་ཀེ་ཟེར་བའི་བཅུད་ཉུང་ངུ་ཞིག་རྒྱུ་མར་སྨིན་པ་དང་མང་ཆེ་བ་ཟོས་རྗེས་ཀྱི་དུས་ཚོད་བཞི་ནས་ལྔ་ཙམ་གྱི་སྐབས་ལུས་ལ་སྨིན་བཞིན་ཡོད་པ་རེད། འདིའི་སྐབས་གཉིད་ཡོད་པ་ཡིན་ན་གཅིན་གྱི་ནང་དུ་ཀེ་སོང་ནས་གཅིན་ལམ་དང་གཅིན་སྣོད་ནང་དུ་རྡོ་ཆགས་ནས་ན་ཚ་སློང་། གཞན་ནུབ་ཟས་ཕྱི་དྲགས་པ་དང་རྒྱགས་དྲགས་པ། བཅུད་བཟང་དྲགས་པ་བཅས་ནི་ལུས་ཁམས་མི་བདེ་ཞིང་ནད་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་ཉེན་ཡོད་པ་རེད། མི་རྣམས་ཉིན་གང་བོར་ལས་ཀར་སོང་ནས་མཚན་མོ་ནུབ་ཟས་བཅུད་བཟང་བ་རྒྱགས་ཐག་ཆོད་ཅིག་ཟོས་པས་ཉལ་བའི་སྲོལ་ངན་པའང་འདུག དམངས་ཁྲོད་ཀྱི་གཏམ་དཔེ་ལས། ཟ་ཚོད་སེམས་ཀྱིས་མ་བཟུང་ན། །དམུ་རོའི་ལྟོ་ལ་གང་རྒྱུ་མེད། །ཟེར་བ་ནི་མི་རྣམས་ཀྱིས་ཟས་ཟ་ཚོད་རང་གི་སེམས་ཀྱིས་མ་བཟུང་ན། ནད་བསྐྱེད་དམུ་རོའི་ལྟོ་བར་གང་རྒྱུ་མེད་ཞེས་པའི་དམུ་ནི་ནད་བདག་ཞིག་ལ་གོ མི་རྣམས་ཀྱིས་དུས་རྒྱུན་ནུབ་ཟས་རྒྱགས་དྲགས་པ་དང་བཅུད་བཟང་དྲགས་པ། ཟ་ཕྱི་དྲགས་པ་ཡིན་ན་ནད་མང་པོ་འབྱུང་བ་དང་ཚེ་ཐུང་བ་ཡིན།
གོང་དུ་བཤད་པ་ནི་བོད་རྣམས་ཀྱི་ཟས་ཚིགས་ཐེངས་ལྔའི་སྒོ་ནས་བཤད་པ་ཡིན་ཡང་དགོན་པར་དང་ཁྱིམ་ཚང་ལ་སྒྲུབ་སྐོར་འདོན་མི་རྣམས་ལ་ཇ་ཚིགས་བདུན་ཡོད་པ་ཡིན། སྤྱིར་བཤད་ན་དུས་རབས་ཉི་ཤུ་པར་འཛམ་གླིང་གི་མི་རྣམས་ཀྱིས་སྨན་དང་སྨན་པ་བཟང་མིན་གཙོ་ཆེར་བལྟ། དུས་རབས་ཉེར་གཅིག་པར་ལུས་ཁམས་ཀྱི་བདེ་སྲུང་དང་ནད་སོགས་སྔོན་འགོག་བྱེད་པ་གཙོ་ཆེར་འཛིན་པ་ཡིན་ཡང་ང་ཚོ་བོད་རྣམས་ཀྱི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་རང་གི་ཁོར་ཡུག་ནས་བྱུང་བའི་ཟས་མཆོག་རྣམས་དོར་ནས་རྫས་འགྱུར་གྱི་ལུད་སྣ་ཚོགས་ལས་བྱུང་བའི་ཟས་ངན་ཕྱིའི་མདོག་བཟང་བ། ནང་གི་བཅུད་ཞན་པ། དོན་ལ་གནོད་པ་མང་བའི་ཟས་རིགས་ཟ་སྲོལ་དར་ནས་ཡོད་པ་འདི་ཉེན་ཁ་ཧ་ཅང་ཆེ་བར་སྣང་། དེ་ལས་རང་རེའི་མེས་པོ་རྣམས་ཀྱི་བཟའ་བཏུང་གི་སྲོལ་ལུགས་དག་བསྟེན་ན་ད་ལྟའི་འཛམ་གླིང་གི་ཆེས་བརྩི་མཐོང་ཆེ་བའི་སྔོ་ལྗང་ཅན་གྱི་ཟས་མཆོག(绿色食品)ཤ་སྟག་ཡིན་པས་འདི་དག་བསྟེན་པར་རིགས། དུས་རྒྱུན་ཟས་མཆོག་འདི་དག་བསྟེན་རྒྱུའི་དབང་དུ་བཏང་ན་ལུས་ལ་ན་ཚ་མེད་ཅིང་ལུས་ཕུང་བདེ་སྲུང་ཐུབ་པ་དང་ཚེ་ཐག་རིང་བ་སོགས་ལ་ཕན། གཞན་སྲོལ་རྒྱུན་གྱི་ཟས་རིགས་རྣམས་ལའང་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དུས་རྒྱུན་མི་བསྟེན་པ། འཛམ་གླིང་གི་ཁོར་ཡུག་ཇེ་དྲོར་སོང་བ། འབགས་བཙོག་ལས་སྐྱུར་ཆར་འབབ་པ། དཀར་ཟས་བྱེད་པར་བསྐུལ་བ་སོགས་ཀྱི་འགྱུར་ལྡོག་གི་དབང་གིས་ཕྱིས་སུ་རང་རེའི་བོད་ཀྱི་མི་རྣམས་ཀྱི་ལུས་ཁམས་ལའང་ཁ་ཟས་འདི་དག་འཕྲོད་མིན་ཅི་རིགས་ཤིག་ཡོང་རྒྱུ་རེད་སྙམ་མོ། །  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1