ཡིད་འོང་དབེན་པའི་རི་གྲོང་ཉམས་དགའ་ཡི་ཚལ་ན། །
མཛའ་བའི་ཡིད་གཅུགས་སྙིང་གི་གདུ་བུ་དེའི་ཕྱོགས་སུ། །
ཡུན་རིང་སེམས་སུ་ཉར་བའི་གསང་འཕྲིན་གྱི་མདའ་མོ། །
དུང་དུང་རླུང་བུའི་གཞུ་མོས་དབང་མེད་དུ་དྲངས་སོང་། །
བདེན་པའི་ཚིག་གསུམ་སེམས་ཀྱི་དཀྱིལ་འཁོར་དུ་བདོག་ཅིང་། །
འཛུམ་པའི་ཞལ་རས་མཇལ་བའི་སྐལ་བ་དེ་ཕྲ་བས། །
དེང་འདིར་བྱམས་པ་ཁྱོད་ཀྱི་ཕྱིར་མིག་གི་རེ་ཞགས། །
བདག་ལ་ལན་གཅིག་འཕེན་པའི་སྟ་གོན་དུ་བསྐྲུན་ཡོད། །
བརྩེ་བའི་རླབས་ཕྲེང་སེམས་ཀྱི་ཡོལ་གོ་རུ་འཁྱིལ་ཞིང་། །
དུང་བའི་རི་མོ་སྙིང་གི་ཟུངས་ཁྲག་ལ་བྲིས་པའི། །
དགའ་བའི་དྲོད་ཁོལ་འཕར་བའི་མི་ཡུལ་གྱི་ལྷ་མོ། །
བདག་གི་དྲན་པའི་ངོགས་ན་འོད་ཟེར་བཞིན་འཕྲོས་ཡོད། །
གློག་གི་འགྱུར་བར་མཐུན་པའི་ཚེ་སྲོག་གི་རྒྱུ་བ། །
གང་ཙམ་མཆིས་པ་མི་རྟག་རང་བཞིན་དུ་གནས་ཀྱང་། །
གྲོགས་ཁྱོད་འཛུམ་པའི་ཟུར་མིག་གཡོ་བ་དེ་དྲན་དུས། །
བདག་སེམས་བརྟན་པའི་འགྱུར་བ་སླར་ཡང་འདིར་འཕྲོག་སོང་། །
འུར་ཟིང་འདུ་འཛི་ཡལ་བའི་རི་ཁུགས་ན་འཚོ་བའི། །
ཁེར་རྐྱང་བདག་གིས་ལྷ་ཚོགས་མཆོད་གནས་ཀྱི་དྲུང་དུ། །
དྲི་མེད་ལྷ་དར་གཙང་མ་སེམས་མཚོན་དུ་འཐེན་པས། །
སྙིང་གི་ཐིག་ལེ་ཁྱོད་ལ་སྐྱབས་འཇུག་རང་ཞུས་ཡོད། །
རི་ཆུ་སྟོང་ཕྲག་མང་པོས་ལམ་ཐག་དེ་བཅད་ཀྱང་། །
སེམས་ཀྱི་བར་ཐག་དུང་བའི་སྐུད་པ་ལ་སྦྲེལ་བའི། །
མ་བཅོས་སེམས་ཀྱི་ཡོད་ཚད་གང་ཉིད་ལ་གཏད་སའི། །
བྱམས་པར་མི་འགྱུར་དམ་བཅའི་མནའ་ཚིག་ཀྱང་བཞག་ཡོད། །
མཛེས་པའི་ཞལ་ནས་ལྷོད་པོའི་ངག་འཇམ་གྱི་ཕྲེང་བ། །
ཅུང་ཟད་དོགས་པའི་ཟོལ་གྱིས་བཤད་པ་དག་དྲན་དུས། །
དབུགས་ཀྱི་རྒྱུ་བའི་འཕར་སྒྲ་ཇེ་མགྱོགས་སུ་ཕྱིན་ཏེ། །
ཤུགས་རིང་གཅིག་ལ་ཁེན་ཏེ་བསྡད་དགོས་རང་བྱུང་སོང་། །
དགུན་གསུམ་ཁ་བའི་འདབ་མ་རི་ལུང་ཀུན་འཐོར་ཞིང་། །
ཙག་དང་ལྷགས་རླུང་རྒོད་པོའི་ངར་ཁ་དེ་བཙན་དུས། །
བརྩེ་བའི་འཛུམ་མདངས་གྲོལ་བའི་ཐག་རིང་གི་ཁྱོད་ཉིད། །
ཡིད་ལ་ཝ་ལེར་ཤར་བ་ལན་གཅིག་ཙམ་མ་ཡིན། །
ཨེ་མ་གནམ་གྱི་རྒྱལ་མོས་ལས་སྐལ་དུ་འཕངས་པས། །
རྒྱུས་མེད་ཡུལ་ནས་མི་ཚེ་རྫོགས་པ་ལ་ཉེ་ཡང་། །
བློ་སེམས་བལ་ལས་དཀར་བའི་རྒྱང་བཞུགས་ཀྱི་ཁྱོད་ལ། །
བརྩེ་བའི་མིག་ཆུས་བྲིས་པའི་སྙན་ངག་འདི་འབུལ་ལོ། །
མཐོན་པོ་རི་བོའི་རྩེ་ནས་ཁྱོད་མིང་ནས་འབོད་ཅིང་། །
མདུན་གྱི་གཙང་པོོའི་འགྲམ་ནས་ཁྱོད་ཉིད་ལ་སྒུག་རུང་། །
ཁྱོད་ཀྱི་གྲིབ་མ་ཙམ་ཡང་མཇལ་རྒྱུ་དེ་མེད་པས། །
ཕར་བཞུད་ཁྲུང་ཁྲུང་ཕོ་མོའི་མཛའ་བརྩེ་ལ་ཡི་རངས། །
མཐའ་ཀླས་འཇིག་རྟེན་ཁྲ་བོའི་ཁྲོམ་ཆེན་གྱི་ཀློང་ན། །
སྣ་ཚོགས་སྐྱེ་བོའི་སྤྱོད་པ་ཡ་མ་བརླ་མཐོང་དུས། །
ཞི་དུལ་ཉམས་ཀྱིས་ཕྱུག་པའི་བརྩེ་འཛུམ་གྱི་བདག་པོ། །
ཁྱོད་ཀྱི་བག་ཡོད་སྤྱོད་པའི་གོམ་སྟབས་དེ་འཆར་ཡོང་། །
རྫ་བྱ་གོང་མོ་ལྡིང་བའི་རྫ་ལམ་གྱི་འཕྲང་ནས། །
ཁྱོད་ཀྱི་ཡིད་སེམས་མཚོན་པའི་གསང་འཕྲིན་ལ་སྒུག་ངེས། །
གལ་ཏེ་ཚེ་ཡི་འཕེལ་བ་ཅུང་ཙམ་རེ་མཆིས་ན། །
ཉིད་ཀྱི་འཛུམ་ཞལ་མཐོང་བའི་སྐལ་བའང་ཡོད་སྲིད། །