ལེའུ་བཞི་པ།
ཆོས་ལྡན་རྒྱལ་རབས་ཀྱི་སྐབས།
སྲས་རྣམས་སྲིད་ལ་རྩོད་པའི་མཐར། །
ཤིང་སྦྲུལ་ཁྲི་ལྡེའུ་གཙུག་བརྟན་ཉིད། །
སྲིད་ཁྲིར་བཀོད་ཅིང་སླར་ཡང་དུ། །
སྲིད་དབང་ཁྲི་མ་ལོད་ཀྱིས་བཟུང་། །
ཆུ་བྱིར་ཐང་གི་སྲས་མོ་ཆེ། །
གྱིམ་ཤིང་ཀོང་ཇོ་བོད་དུ་འབྱོར། །
ས་འབྲུག་མཚོ་སྔོན་ནུབ་ཕྱོགས་སུ། །
ཐང་བོད་བར་དུ་དམག་འཁྲུག་ལངས། །
དུས་དེར་སྟག་སྒྲའི་དམག་དཔུང་གིས། །
རྒྱ་ཡི་ཀན་ཀྲུའུ①་གྲོང་ཁྱེར་བཅོམ། །
ས་ཡོས་གྱིམ་ཤིང་ཀོང་ཇོ་གྲོངས། །
ཆུ་རྟར་ཁྲི་སྲོང་ལྡེའུ་བཙན་འཁྲུངས། །
ཤིང་ལུག་ཁྲི་ལྡེ་གཙུག་བརྟན་ཉིད། །
འབལ་དང་ལང་གིས་ལྐོག་ཏུ་བཀྲོངས། །
6. རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི། ཡབ་རྒྱལ་པོ་འདུས་སྲོང་མང་རྗེ་དང༌། ཡུམ་མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཀྱི་སྲས་སུ་སྤྱི་ལོ་698པ་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས། དགུང་ལོ་བདུན་པའི་ཤིང་འབྲུག་ལོར་ཡབ་འཇང་ཡུལ་དུ་སྐུ་གཤེགས། ལྗང་བཟའ་དང་མཆིམས་བཟའ་གཉིས་ཀྱི་སྲས་རྣམ་གཉིས་སྲིད་ཁྲིར་རྩོད་པའི་མཐར། སྤྱི་ལོ་705པ་ཤིང་སྦྲུལ་ལོར་ཁྲི་ལྡེའུ་གཙུག་བརྟན་རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ།
སྐུ་གཞོན་ནུའི་སྐབས་སུ་ཆབ་སྲིད་གཙོ་བོ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས། སྤྱི་ལོ་712པ་ཆུ་བྱི་ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས། དེ་རྗེས་སྣ་ནམ་བཟའ་ཁབ་ཏུ་བཞེས། སྦས་སྐྱེས་བཟང་སྟོང་བཙན་དང༌། མཆིམས་རྒྱལ་གཟིགས་ཤུ་ཏིང༌། འབྲོ་ཆུ་བཟང་འོར་མ་བཅས་ཀྱིས་བློན་པོ་བྱས། ཆབ་སྲིད་མཐའ་བཞིར་བསྐྱེད། སྤྱི་ལོ་728པ་ས་འབྲུག་ལོར་ཝང་ཅུན་ཕྲོ་བྱ་བས་དམག་དྲངས། མཚོ་སྔོན་པོའི་ནུབ་ཕྱོགས་སུ་བོད་དམག་ཕམ། བོད་ཀྱི་གོ་ཆ་དང་རྟ་ལུག་མང་པོ་ཐོབ་སྟེ་ཕྱིར་ལོག དེ་ཡང་ཐོག་མར་བོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་བྱ་བས་ཏ་ཏིག་ཀུའུ་བྱ་བར་དམག་དྲངས། དེ་མུས་སུ་ཀན་ཀྲུའུ་ལ་དམག་དྲངས་ཏེ་མཁར་རྣམས་བསྲེགས། ཝང་ཅུན་ཕྲོ་ཡིས་བོད་ཀྱི་དམག་ཤུགས་ལ་ཞེད་ནས་འཐབ་མ་ཐུབ། དུས་དེ་ཙ་ན་ཁ་བ་ཆེན་པོ་བབས་པས་བོད་དམག་མང་པོ་འཁྱགས་ཤི་ཐེབས། དེ་ནས་བོད་དམག་ཅི་ཧྲི་ཅུན་གྱི་གཡས་ཕྱོགས་ནས་ཕྱིར་ལོག ཝང་ཅུན་ཕྲོ་ཡིས་སྔ་མོ་ནས་བོད་ཀྱི་ས་ཆར་དམག་མི་མངགས་ཏེ། བོད་དམག་ཕྱིར་ལོག་པའི་ལམ་གྱི་རྩྭ་ས་རྣམས་ལ་མེ་བརྒྱབ། སྟག་སྒྲའི་འཁོར་རྣམས་ཏ་ཧྥེ་ཁྲོན་ལ་སླེབས་དུས། བོད་དམག་གི་རྟ་འཚོ་ཞིང་ངལ་གསོ་བ་ལ། རྩྭ་ས་མེར་ཤོར་བས་རྟ་མང་ཆེ་བ་ལྟོགས་གྲིར་ཤི། ཝང་ཅུན་ཕྲོ་དང༌། ཆིན་ཀྲིག་གི་ཏུའུ་ཏུའུ་ཀྲང་ཅིན་ཧྲུན་བྱ་བ་སོགས་ར་མདར་རྒྱུགས་པས། མཚོ་སྔོན་པོའི་ནུབ་ཕྱོགས་སུ་སླེབས་ཚེ། མཚོ་མོ་དར་ཁ་འགྲིག་པའི་དུས་དང་འཕྲད་དེ་དམག་དཔུང་དར་ཐོག་ནས་བཤར། དེ་དུས་སྟག་སྒྲའི་འཁོར་རྣམས་ཆུ་བོ་ཏ་ཧྥེ་ཁྲོན་བརྒྱུད་དེ་ལོག་ཟིན་ཡང་། གཡུལ་གྱི་ཞབས་ཕྱི་པ་དང་ངལ་བས་དུབ་པའི་དམག་མི་སྐོར་ཚོ་གཅིག་མཚོ་སྔོན་པོའི་འགྲམ་དུ་སྡོད་པ་མཐོང་སྟེ། ཝང་ཅུན་ཕྲོ་ཡིས་དམག་མི་བཏང་ནས་དེ་རྣམས་བཟུང་སྟེ་ཕྱིར་ལོག ལོ་དེའི་ཟླ་བ་དགུ་པར། བོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང༌། འབྲོ་ལུང་མང་པོ་རྗེ་བྱ་བ་གཉིས་ཀྱིས་ཀན་ཀྲུའུ་རུ་དམག་དྲངས་ཏེ། དེ་གའི་ཚི་ཧྲི་ཐེན་ཡོན་ཞན་དང༌། ཝང་ཅུན་ཕྲོའི་ཡབ་ཝང་ཧྲིག་གཉིས་བཟུང༌། མཁར་དུ་ཡོད་པའི་རྒྱུ་ནོར་རྣམས་ཁྱེར། མཁར་ཡང་བཤིག་སྟེ་ཕྱིར་ལོག དེ་ནས་བོད་དམག་ཡུས་མིན་ཅུན་དང་ཁྲང་ལའོ་ཞན་ལ་དྲངས། ཞན་ལེན་གྱི་གོ་གནས་ཡོད་པའི་ཅ་ཧྲི་ཧྲུན་བྱ་བས་མཁར་བསྲུངས་ནས་ཉིན་བརྒྱད་ཅུར་འཐབས་པས་མཐའ་མ། བོད་དམག་ཕྱིར་ལོག་དགོས་ཐུག
སྤྱི་ལོ་739པ་ས་ཡོས་ལོར་རྒྱ་བཟའ་གྲོངས། སྤྱི་ལོ་742པ་ཆུ་རྟ་ལོར་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། སྤྱི་ལོ་755པ་ཤིང་ལུག་ལོར་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་ཉིད་ཡར་འབྲོག་སྦྲ་ཚལ་དུ་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བཀྲོངས་ཞེས་གྲགས། བང་སོ་མུ་ར་རི་ཞེས་པ་འཕྲུལ་གྱི་རྒྱལ་པོའི་གཡོན་དུ་བརྩིགས།
ལོ་དེར་ཁྲི་སྲོང་རྒྱལ་སར་བཀོད། །
བློན་རྣམས་ཆོས་བོན་ཕྱོགས་གཉིས་རྩོད། །
མ་ཞང་བློན་པོ་གྲོམ་པ་སྐྱེས། །
བོན་ལ་དགའ་ཞིང་དབང་ཤུགས་ཆེ། །
འགོས་ཀྱི་བློན་པོ་ཁྲི་བཟང་དང་། །
ཞང་གི་བློན་པོ་ཉ་བཟང་དང་། །
སྦ་ཡི་བློན་པོ་གསལ་སྣང་སོགས། །
ཆོས་ལ་དད་པའི་བློན་པོ་ཡིན། །
འགོས་ཀྱིས་གཡོ་ལས་མ་ཞང་བཀྲོངས། །
བོན་ཆོས་བསྣུབས་ཤིང་དམ་ཆོས་སྤེལ། །
བོ་དྷི་ས་ཏྭ་བོད་དུ་དྲངས། །
རྒྱལ་པོའི་ཐབས་ཀྱིས་བོད་འབངས་རྣམས། །
བསམ་ཡས་བཞེངས་པའི་ལས་ལ་བསྐུལ། །
7. རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི། ཡབ་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་དང༌། ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་742པ་ཆུ་རྟ་ལོར་སྐུ་བལྟམས། སྤྱི་ལོ་755པ་ཤིང་ལུག་ལོར་རྒྱལ་པོའི་ཁྲི་ལ་བཀོད། སྣང་བཞེར་ཟླ་བརྩན་དང༌། ཞང་མཆིམས་རྒྱལ་གཟིམས་ཤུ་ཐེང༌། བློན་སྐྱེས་བཟང་རྒྱལ་ཀོང༌། ཞང་སྟོང་རྩན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང་ལ་སོགས་པ་རྣམས་ཀྱིས་བློན་པོ་བྱས། མཆིམས་བཟའ་ལྷ་མོ་བཙན་དང༌། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས། རྒྱལ་བུས་ཆབ་སྲིད་བཞེས་མ་ཐག་སྐབས་སྐུ་ནར་མ་སོན་པས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ། “རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མ་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུ་ཞིག་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ” ཞེས་ཁྲིམས་བཅས། སྐབས་དེར་གསེར་གྱི་ལྷ་སྐུ་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང༌། མཁར་བྲག་དང༌། མགྲིན་བཟང་གི་ལྷ་ཁང་རྣམས་བཤིག དེའི་དུས་སུ་སྦ་གསལ་སྣང་གིས་སངས་རྒྱས་ཀྱི་གསུང་རབ་འཚོལ་བའི་སླད་དུ་རྒྱ་གར་དང༌། བལ་ཡུལ་དུ་འགྲོ་ཆོག་པར་གནང་བ་ཞུས་པར། བཙན་པོས། འོ་ན་ངས་ཁྱོད་མང་ཡུལ་གྱི་ཁ་བློན་དུ་བསྐོའོ་གསུངས་ནས་མང་ཡུལ་ཏེ་ད་ལྟའི་སྐྱིད་གྲོང་རྫོང་གི་ལུང་པ་དེར་མངགས། སྦ་གསལ་སྣང་མ་ཞང་གིས་ཁྲིམས་དང་འགལ་ཏེ་རྒྱ་གར་དུ་གནས་མཇལ་བར་ཕྱིན། བལ་ཡུལ་དུ་མཁན་པོ་བོ་དྷི་ས་ཏྭ་མཇལ་ཏེ་བལ་རྗེ་ལ་ཞུས་ནས་མང་ཡུལ་དུ་གདན་དྲངས། ལྷ་ཁང་གཉིས་ཀྱང་བཞེངས། མཁན་པོ་སླར་བོད་དུ་འབྱོན་པར་གསོལ་བ་ཞལ་གྱིས་བཞེས་ནས་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས། སླར་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉི་ཤུར་སོན་པའི་སྐབས་སུ་ཕྱག་ལ་སྦྲིད་ནད་བྱུང་བར་ཐབས་གང་གིས་ཀྱང་ཕན་བསྐྱེད་མ་བྱུང་བའི་ཚེ་ན། རྒྱལ་པོའི་ཐུགས་ལ་ཡབ་མེས་ཀྱི་དུས་ནས་མཛད་པའི་སངས་རྒྱས་ཆོས་ལུགས་བསྣུབས་ཤིང༌། སྙད་འདོགས་པ་ནི་མ་ལེགས་སྙམ་པའི་ཐུགས་དོགས་སྐྱེས་ནས། སངས་རྒྱས་ཆོས་བྱེད་མི་ཆོག་པའི་བཀའ་ཁྲིམས་དེ་རྩིས་མེད་དུ་བཏང་ནས། སྦ་གསལ་སྣང་དང་མཇལ་འཕྲད་གནང་སྟེ་གློ་བུར་དུ་ཞང་བློན་གྱི་མདུན་སར་བཀོད། ཞང་ཉ་བཟང༌དང་། བློན་ཆེན་པོ་འགོས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ལ་མོས་པ་རྣམས་འཚོགས་ནས་དམ་ཆོས་ཇི་ལྟར་སྤེལ་བའི་བཀའ་གྲོས་མཛད། འགོས་ཀྱིས་གཡོ་ཐབས་ཀྱིས་བོན་གྱི་ཁ་འཛིན་བློན་ཆེན་མ་ཞང་གྲོམ་པ་སྐྱེས་བཀྲོངས། བོན་གྱི་རིག་གཞུང་རྣམས་མེར་བསྲེགས་པ་དང་། ཆུར་བསྐྱུར་བ། ཕལ་ཆེ་བ་བསམ་ཡས་སུ་ས་འོག་ཏུ་སྦས་ཤིང་དེའི་ཐོག་ཏུ་མཆོད་རྟེན་བཞེངས། བོན་ཆོས་གནོན་པའི་མཆོད་རྟེན་ཡིན་པར་མཚོན་བྱེད་དུ་ཚོན་ནག་པོ་བྱུགས། དེ་ལྟར་བོན་ཆོས་ལ་དད་པ་བྱེད་མཁན་གྱི་བློན་པོ་རྣམས་ཕམ་པས་བོན་གྱི་ཆོས་དང་རིག་གནས་ལའང་གཏོར་བརླག་གི་གནོད་སྐྱོན་ཚབ་ཆེན་ཐེབས་ཀྱང་། བོན་གྱི་ཆོས་ལ་སྙིང་ཐག་པ་ནས་དད་པའི་མཁས་པ་རྣམས་ཀྱིས་མི་ལོ་སྟོང་ཕྲག་མང་པོ་བརྒྱུད་ནས་གྲུབ་པའི་བོན་དང་སྲོལ་རྒྱུན་གྱི་རིག་གནས་དེ་རྒྱུན་འཛིན་ལེགས་དར་སྤེལ་གནང་གང་ཐུབ་བྱས་པས། དེང་དུས་བར་དུ་བོན་གྱི་རིག་གཞུང་རྣམས་མ་བརླག་པར་གནས་ཐུབ་ཡོད་ཅིང་། ལྷག་པར་དུ་དེང་གི་དུས་སུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་བོན་དགོན་སུམ་བརྒྱ་ལྷག་ཙམ་ཡོད་འདུག
ཁྲོ་ཚང་འབྲུག་ལྷ་རྨེའུ་དཔལ་ཆེན་ཞབས། །
གྱེར་མི་ཉི་འོད་གཡུང་དྲུང་གླིང་པ་དང་། །
ཤེས་རབ་རྒྱལ་མཚན་ཁྱུང་སྤྲུལ་འཇིག་མེད་དབང་། །
ཤར་རྫ་པ་སོགས་བོན་གྱི་མཁས་པའི་སྡ་ེ། །
དེ་ནས་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་ཤིང་ཕོ་བྲང་རླུང་ཚུབས་སུ་ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བགྱིས་ཏེ་དགེ་བ་བཅུ་དང༌། ཁྲིམས་བཅོ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་བཤད་དེ་ཟླ་བ་ཁ་ཤས་སོང་བ་ན། ཕོ་བྲང་འཕང་ཐང་ཆུས་ཁྱེར་བ་དང༌། དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་ཕྱུགས་ནད། ལོ་ཉེས་སོགས་བྱུང་བས་བོད་འབངས་ཐམས་ཅད་ཁ་ལོག་ནས་བཙན་པོས་ཆོས་བྱས་པས་ལན། ཨ་ཙ་②ཡར་སྤྱུགས་ཤིག་ཟེར་ཏེ་ཆོས་བྱེད་དུ་མ་བཅུག དེ་ནས་བཙན་པོས་མཁན་པོ་ལ་གསེར་མང་པོ་ཕུལ་ནས། བདག་སྐལ་པ་ཆུང་ལ་བོད་ནག་པོ་ལ་ཞེན་པས་དེ་ལས་ལྡོག་པར་དཀའ། ཐབས་མི་མཁས་ན་ལྷ་ཆོས་མི་འགྲུབ་པར་ཤེས། རེ་ཞིག་མཁན་པོ་ཕྱིར་ཕེབས་ལ་བལ་ཡུལ་དུ་བཞུགས་ཤིག སླད་ཐབས་བགྱིས་ཏེ་ཆ་རྐྱེན་འཛོམས་མ་ཐག་ཏུ་སྤྱན་འདྲེན་གཏོང་བར་བྱའོ་ཞེས་ཞུས། མཁན་པོས་བོད་ཀྱི་ལྷ་ཀླུ་གདུག་པ་ཅན་རྣམས་མ་བཏུལ་ན་ལྷ་ཆོས་སྤེལ་མི་ཐུབ་པས་ཨོ་རྒྱན་གྱི་སློབ་དཔོན་པད་མ་འབྱུང་གནས་ཞེས་བྱ་བ་བཞུགས་པ་དེ་བདག་གིས་སྤྱན་དྲངས་ལ་ཡོང༌། སླད་ཕྱིན་རྒྱལ་པོའི་དགོངས་པ་འགྲུབ་ཅིང་བོད་ཁམས་སུ་སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་རྗེས་སུ་བསྟན་པར་འགྱུར་བས་དེ་བགྱིད་པར་དམ་བཅའ་མཛད། ཨ་ཙ་བསྐྲད་པ་ལྟར་བྱས་ནས་ཕྱིར་བལ་ཡུལ་དུ་ཕེབས། སྤྱི་ལོ་761པ་ལྕགས་གླང་ལོར་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང༌།
ཆུ་སྟག་ཀོང་པོ་སྨན་ལུང་དུ། །
བོད་ཀྱི་གསོ་རིག་སློབ་གླིང་བཙུགས། །
གསོ་དཔྱད་མཁས་པས་བོད་ཁམས་གང་། །
ཆུ་ཡོས་པད་འབྱུང་བོད་དུ་ཕེབས། །
རི་བྲག་ཀུན་ལ་སྒྲུབ་གནས་བཅས། །
གསང་སྔགས་རྙིང་མའི་བསྟན་པ་དར།
།
ཆུ་སྟག་སྟེ་སྤྱི་ལོ་762ལོར་ཀོང་པོ་སྨན་ལུང་དུ་བོད་ཀྱི་གསོ་རིག་སློབ་གླིང་བཙུགས། སྐབས་དེར་སློབ་མ་སུམ་བརྒྱ་ཙམ་བསྡུས་ཤིང་སློབ་གྲྭའི་དབུ་འཛིན་དང༌། སློབ་དཔོན་གཉིས་ཀ་གཡུ་ཐོག་པས་གཅིག་ལྕོགས་གནང༌། བོན་གྱི་གསོ་རིག་འབུམ་བཞི་ལ་རྒྱུད་བཞི་ཞེས་མིང་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་སྤེལ། སློབ་སྦྱོང་གི་ཡུན་ཚད་ལོ་བཅུ་རེ་གཏན་འབེབས་གནང་སྟེ་སྨན་པ་གསར་ཐོན་རྣམས་ལ་སོ་སོའི་ཡོན་ཏན་གྱི་ཚད་གཞི་དང་བསྟུན་པའི་རིག་གནས་ཀྱི་ཐོབ་ཐང་གི་མིང་དུ་འབུམ་རམས་པ་དང༌། རབ་འབྱམས་པ། དཀའ་བཅུ་པ། བསྡུས་ར་པ་བཅས་རིམ་པ་བཞིར་ཕྱེས།
སྤྱི་ལོ་763པ་ཆུ་ཡོས་ལོར་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས། དེ་ནས་བཙན་པོས་སྦ་གྲི་གཞེར་སོགས་ལོ་ཙཱ་བ་བཞི་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་གྱི་རྒྱལ་པོ་ཉི་མ་སེང་གེའི་མདུན་དུ་བཏང་ནས་སློབ་དཔོན་པད་མ་འབྱུང་གནས་བོད་དུ་གཏང་རོགས་ཞུས་པར་དེ་བཞིན་གནང་སྟེ་སློབ་དཔོན་བོད་དུ་བྱོན། དེ་ནས་སློབ་དཔོན་པད་མས། བོད་འབངས་རྣམས་སྐྱིད་པར་བྱེད་པའི་ཆེད་དུ་གནོད་སྦྱིན་ལས་ནོར་བསླངས་ཏེ། འཛམ་བུ་གླིང་གི་ནོར་ཁུང་ཡོད་ཚད་བོད་དུ་ཡོད་པར་བྱ། ངམ་ཤོད་སོགས་ཆུ་དཀོན་པ་རྣམས་སུ་ཆུ་བཏོན་ནས་གྲམ་པ་ཐམས་ཅད་ཞིང་དུ་བསྒྱུར་ནས་ཞིང་གིས་བོད་ཀུན་འཚོ་བར་བྱ། གཙང་ཆུ་སྦུབས་སུ་འཇུག་པ་དང༌། བྱེ་མ་ཐམས་ཅད་ནགས་ཚལ་དང་ནེའུ་གསིང་ཐང་དུ་བསྒྱུར། བོད་ཡུལ་ངན་པ་ཀུན་བཟང་པོར་བྱས། གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་བོད་དུ་ཟླ་བ་དྲུག་ཙམ་བཞུགས་ཤིང༌། བསམ་ཡས་སུ་མན་ངག་ལྟ་བའི་ཕྲེང་བ་གསུངས་ནས་ཨོ་རྒྱན་གྱི་ཡུལ་དུ་ཕྱིར་ཕེབས་པར་བཤད། ཐུན་མོང་མ་ཡིན་པའི་སྐལ་བ་དང་ལྡན་པའི་སློབ་མ་རྗེ་འབངས་རྣམས་ལ། སྒྲུབ་གནས་ཆེན་པོ་ལྔ་གཙོ་བོར་གྱུར་པའི་གནས་རྣམས་སུ། ཆོས་སྒྲུབ་པ་སྡེ་བརྒྱད་དེ་ཞི་བ་ཁྲོ་བོའི་སྒྲུབ་ཐབས་ཁ་ཚར་དང་བཅས་པ་རྣམས་དང༌། འོད་གསལ་རྫོགས་པ་ཆེན་པོའི་ཡང་སྙིང་བླ་མ་ཞི་དྲག་གི་གདམས་ངག་སྐོར་རྣམས་ཀྱི་དབང་ལུང་སོགས་སྨིན་གྲོལ་གྱི་གདམས་པ་བསམ་གྱིས་མི་ཁྱབ་པ་གནང༌། གདམས་ངག་འགའ་ཞིག་དུས་དེར་སྤེལ་བའི་གནས་དང་དགོས་པ་མེད་པར་གཟིགས་ནས་མ་འོངས་པའི་འགྲོ་བ་རྣམས་ལ་དགོངས་ཏེ་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔ་དང༌། མིང་ཅན་མིང་མེད་པའི་གཏེར་ཁ་མང་པོ་ཞིག་སྦས་ཏེ་རྒྱ་རིམ་པ་བདུན་གྱིས་བཏབ། བསམ་ཡས་མཆིམས་ཕུ་དང༌། བྲག་ཡེར་པ། དཔལ་ཆེན་ཆུ་བོ་རི་སྟེ་སྒོམ་གྲྭ་ཆེན་པོ་གསུམ་བཙུགས། གཞན་ཡང་བོད་ཀྱི་རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། སྐལ་ལྡན་རྣམས་ལ་གདམས་ངག་བསྩལ་བས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་བརྒྱད་རེ། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་གྲུབ་ཐོབ་མང་པོ་བྱུང་། དེ་ནས་གསང་སྔགས་རྙིང་མ་བའི་བསྟན་པ་དར་བའི་འགོ་ཚུགས། གདམས་ངག་འདིའི་ཆོས་རྒྱུད་འཛིན་མཁན་རྨ་གཉགས་གནུབས་གསུམ་ལ་སོགས་པ་དང་ཕྱིས་ཀྱི་གཏེར་སྟོན་མང་པོ་བྱུང་བ་རྣམས་ལས་མཛད་ཕྲིན་ཆེ་ཤོས་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡིན་ནོ།
ལོ་དེར་(763)བོད་དམག་གིས་ཐང་དམག་ཕམ་པར་བྱས་ཏེ་རྒྱལ་ས་ཞི་ཨན་དུ་སླེབས། ཏེ་ཙང་རྒྱལ་པོ་ཤིན་ཅུང་དུ་བྲོས།
གཡུ་སྒྲ་སྙིང་པོ་སྤང་སྟོན་མི་ཕམ་མགོན། །
རོང་ཟོམ་ཆོས་རྗེ་ཀུན་མཁྱེན་ཀློང་ཆེན་པ། །
ཚེ་དབང་ནོར་བུ་དཔལ་སྤྲུལ་ཆོས་ཀྱི་དབང་། །
མི་ཕམ་ལ་སོགས་རྙིང་མའི་མཁས་གྲུབ་ཚོགས། །
མེ་རྟར་སྒྲ་བསྒྱུར་སློབ་གླིང་བཙུགས། །
སྐ་ཅོག་ཞང་གསུམ་གཙོས་བྱས་པའི། །
ལོ་ཙཱ་མཁས་པས་བཀའ་བསྟན་བསྒྱུར། །
རྒྱ་གར་མཁས་པའི་ཕྲ་མ་ཡིས། །
བཻ་རོ་རྒྱལ་མོ་རོང་དུ་བསྐྲད། །
སད་མི་མི་བདུན་རབ་ཏུ་བྱུང་། །
རབ་བྱུང་འཚོ་བ་བླ་ནས་སྦྱར། །
དེར་བརྟེན་རབ་བྱུང་རབ་ཏུ་འཕེལ། །
མཛངས་བློན་དྲུག་པས་ཞལ་ལྕེ་དང་། །
བདུན་པས་སྒོ་ཕྱུགས་གསོ་ཐབས་སྤེལ། །
ལྕགས་སྤྲེལ་ཁྲི་སྲོང་སྒོམ་ལ་ཞུགས། །
དེ་ནས་གཙང་གི་སྙེ་མོ་བྱེ་མཁར་གྱི་རང་མིང་གན་ཇག་ཐང་ཏ་ཞེས་པ་ཆོས་ཀྱི་མིང་དུ་བཻ་རོ་ཙ་ན་དང༌། ལོ་ཙཱ་བའི་མིང་དུ་ཞང་ཡེ་ཤེས་སྡེ་ཞེས་པའི་མཚན་གྱི་རྣམ་གྲངས་ཅན་དེ་དང་། དབུ་རུ་འཕན་ཡུལ་གྱི་སྐ་བ་དཔལ་བརྩེགས། རུ་ལག་ཤངས་ཀྱི་ཅོག་རོ་ཀླུ་ཡི་རྒྱལ་མཚན་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་ཡིག་བསླབས་པས་མཁས་པ་འགྱུར། མཁན་སློབ་རྣམ་གཉིས་ཀྱིས་གསུངས་པའི་ཆོས་རྣམས་ཐད་ཀར་བོད་སྐད་དུ་བསྒྱུར། སྤྱི་ལོ་766པའི་མེ་རྟ་ལོར་བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་པ་དང༌། བས༵མ་ཡ༵ས་སྒྲ༵་སྒྱུ༵ར་གླིང་ཞེས་པའི་ལོ་ཙཱ་བའི་སློབ་གྲྭ་ཞིག་བཙུགས་ནས་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་དངོས་ཀྱིས་སློབ་གྲྭའི་དབུ་འཛིན་གནང་ཞིང་སློབ་གྲྭ་བ་རྣམས་ལ་འཚོ་བའི་མཐུན་རྐྱེན་གོང་གི་སྲིད་གཞུང་ནས་སྦྱར། རྒྱ་གར་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་སློབ་ཁྲིད་གནང་བ་དང༌། བཻ་རོ་ཙ་ན་དང༌། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་གྱིས་སྐད་སྒྱུར་སློབ་ཁྲིད་ཀྱི་ཕྱག་རོགས་གནང༌། བོད་ཡུལ་སྟོད་སྨད་བར་གསུམ་ནས་རང་ལོ་བརྒྱད་ཡན་ཆོད་དང༌། བཅོ་བརྒྱད་མན་ཆོད་ཡིན་པའི་གཞོན་ནུ་ལུས་ལ་ནད་དང་དབང་པོ་སོགས་ལ་སྐྱོན་མེད་པ། བསམ་པ་བཟང་ཞིང་ཡོན་ཏན་ལ་དགའ་ཞེན་ཡོད་པ། བློ་རིག་གསལ་ཞིང་ཤེས་རབ་ཆེ་བ་བཅས་ཀྱི་སློབ་མ་བརྒྱ་དང་བརྒྱད་བསྡུ་ལེན་བྱས་ནས་ལེགས་སྦྱར་གྱི་སྐད་ཡིག་བསླབས། དུས་དེར་རྒྱ་གར་གྱི་ལོ་ཙཱ་བ་འགའ་ཞིག་གིས་བཻ་རོའི་ཡོན་ཏན་ལ་ཕྲག་དོག་གིས་བཻ་རོས་རྒྱ་གར་ནས་དམ་པའི་ཆོས་ཀྱི་གདམས་ངག་མ་བླངས་པར་མུ་སྟེགས་པའི་ངན་སྔགས་བོད་དུ་ཁྱེར་ཡོད་པའི་ཕྲ་མ་བོད་ཀྱི་རྒྱལ་བློན་རྣམས་ཀྱི་སྙན་དུ་ཕུལ་བས། བློན་པོ་རྣམས་གྲོས་ཏེ་བཻ་རོ་རྒྱང་ཕུད་བྱ་དགོས་པའི་བཀའ་ཕབ། རྒྱལ་པོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་བཻ་རོ་རྒྱང་ཕུད་བཏང་ངོ་།
བཻ་རོ་ཙ་ན་ཤར་རྒྱལ་མོ་རོང་དུ་ཕེབས་ནས་སྤང་རྒན་མི་ཕམ་མགོན་པོ་ལ་སོགས་འདུལ་བྱ་རྣམས་བསྐྱངས་ནས་ལོ་ཤས་བཞུགས་ཏེ་སླར་དབུས་སུ་ཕེབས།
སྤྱི་ལོ་774པ་ཤིང་སྟག་ལོར་རྒྱ་དཀར་ནག་དང། ཏ་ཟིག་སོགས་ཕྱོགས་མཐའ་དག་ནས་འོངས་པའི་གསོ་རིག་མཁས་ཅན་རྣམས་དང་། བོད་ཀྱི་སྨན་པ་སྟོང་ཕྲག་ཙམ་དང་ལྷན་དུ་འཛོམས་ནས་སྨན་གྱི་དཀའ་གནད་སྐོར་ལ་བགྲོ་གླེང་མཛད། སྐབས་དེ་ཙམ་ན་སད་མི་མི་བདུན་རབ་ཏུ་བྱུང་བས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་དར།
འཕྲུལ་བློན་མཛངས་མི་དྲུག་པ། འགོས་ཁྲི་བཟང་ཡབ་ལྷག་གིས་བསད་པ་སྟོང་གི་ཞལ་ལྕེ་དང་། རྨས་པ་ཁྲག་གི་ཞལ་ལྕེ་སོགས་དམངས་ཁྲིམས་དོན་ཚན་བཅོ་བརྒྱད་ཐོག་མར་གཏན་ལ་ཕབ་པས་དུས་བདེ་ཞོད་འཇགས་ཀྱི་མཛད་རྗེས་དང་། མཛངས་མི་བདུན་པ། སྟག་བཙན་གདོང་གཟིགས་ཀྱིས་འབངས་མི་དུད་ཁྱིམ་སོ་སོས་རྟ་དང་། གཡག མཛོ། བ་གླང་སོགས་གསོ་ཚགས་བྱ་དགོས་པའི་བཀའ་གཏན་དང་། དབྱར་ཁར་རྩྭ་བརྔས་མར་བསྐམས་ཏེ་དགུན་ཐོག་ནོར་ཕྱུགས་ལ་སྟེར་རྒྱུའི་སྲོལ་གཏོད།
རྒྱལ་པོ་དགུང་ལོ་སོ་དགུ་པ་ལྕགས་སྤྲེལ་སྤྱི་ལོ་780ལོར་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད་ནས་བཙན་པོ་འདི་ཉིད་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་བཞུགས། བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་མ། གསང་སྔགས་རྙིང་མ་བའི་ཤིང་རྟའི་སྲོལ་འབྱེད། མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་དུ་གྱུར་པའི་གསང་བ་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ཏུ་གྱུར་པ་རེད།
དགུང་ལོ་ང་ལྔ་པའི་མེ་བྱི་སྤྱི་ལོ་796ལོའི་ལོ་གསར་གྱི་མཚན་མོར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རྟ་རྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་འདས། དེབ་ཐེར་འགའ་ཞིག་ཏུ་མཚན་མོ་ལྐོག་མདའ་ཕོག་ནས་བཀྲོངས་ཀྱང་ཟེར། བང་སོ་མུ་ར་རི་ལ་ཡབ་ཀྱི་བང་སོའི་རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་བརྩིགས། །