རྒྱ་གར་ནི་ད་ལྟའི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་སྟེ་འཛམ་གླིང་སྟེང་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་གྱི་བྱང་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ། ཤར་ཕྱོགས་སུ་བྷང་ག་ལའི་མཚོ་ཁུག ལྷོ་ཕྱོགས་སུ་རྒྱ་གར་རྒྱ་མཚོ་ཆེན་པོ་བཅས་དང་འབྲེལ་ཡོད། ས་ཆའི་ཆགས་སྟངས་ནི་དཔངས་མཐོ་བའི་རི་བོ་དང་རྒྱ་ཆེ་བའི་བྱེ་ཐང་། ངོ་མཚར་ཆེ་བའི་མཐོ་སྒང། མཚོ་ཁ་དང་གླིང་ཕྲན་སོགས་སྣ་མང་རང་བཞིན་གྱིས་གྲུབ་ཡོད་ཅིང་ས་ཁྱོན་ལ་བསྡོམས་པའི་སྤྱི་ལེ་གྲུ་བཞི་མ་ཁྲི་297.47ཡོད།
རྒྱ་གར་ནི་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་བཞིའི་ནང་གི་གཅིག་ཡིན་ཞིང་། མིའི་རིགས་ཀྱི་ལོ་རྒྱུས་སུ་སྙན་གྲགས་ཀྱི་བ་དན་དགུང་ལ་འཕྱོ་བའི་ཧིན་དྷུའི་ཤེས་རིག་གསར་གཏོད་བྱས། ཧིན་དྷུའི་ཆོས་ལུགས་ཀྱི་བསྟན་བཅོས་《རིག་བྱེད་པའི་གཞུང་།》དང་། ལོ་རྒྱུས་སྙན་རྩོམ་རིང་མོ་《ར་མ་ཎའི་རྟོགས་བརྗོད།》དང་《མ་ཧ་བྷ་ར་ཏ།》 སློབ་དཔོན་ནག་མོ་ཁོལ་གྱི་《སྤྲིན་གྱི་ཕོ་ཉ།》དང་སྙན་ངག་མཁན་པོ་ཐའེ་ཀོར་གྱི་《སྙན་ངག་གི་མཆོད་པ།》 སོགས་ཀྱིས་གོ་ལ་ཧྲིལ་པོའི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་བཞག་མྱངས།
འོད་སྟོང་འབར་བའི་གནའ་བོའི་ཤེས་རིག་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆེན་པོ་ཡོད་པས། རྒྱ་གར་ལ་གནའ་ཤུལ་གྲགས་ཅན་དང་མཆོག་གྱུར་གནས་རི་གནས་ཆུ་བརྗོད་ཀྱིས་མི་ལོངས་པ་དང་བལྟ་བས་མི་ངོམས་པ་ཡོད། རྒྱ་གར་ནི་གོ་ལ་ཧྲིལ་པོའི་མིའི་རིགས་ཀྱི་ལྗོངས་རྒྱུ་དང་གནས་སྐོར་བྱ་སའི་ཡུལ་མཆོག་ཁྱད་པར་བ་ཞིག་ཡིན་ལ། ལྷག་པར་ང་ཚོ་མགོ་ནག་བོད་པ་དག་ལ་མཚོན་ན་དེ་བས་ཀྱང་ངོ་། རྒྱུ་མཚན་ནི་འཛམ་བུ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་སངས་རྒྱས་ཆོས་ལུགས་ཐོག་མར་ཡུལ་འདིེ་ནས་བྱུང་བས་ད་ལྟའང་སངས་རྒྱས་ཆོས་ལུགས་ཀྱི་གནའ་ཤུལ་གྲགས་ཅན་དང་འགངས་ཆེན་མང་པོ་ཡོད་དེ། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་དང་། གཞན་ཆོས་འཁོར་ཐོག་མར་བསྐོར་སའི་གནས་ཝཱ་རཱ་ཎ་སཱ། སྐུ་མྱ་ངན་ལས་འདས་པའི་ཡུལ་རྩྭ་མཆོག་གྲོང་སོགས་ཡོད།
རྒྱ་གར་གྱི་ས་ཁུལ་གཞན་དང་མི་འདྲ་བའི་གནམ་གཤིས་ཀྱི་དབང་གིས་ཚ་ཁུལ་གྱི་རྒྱུན་ལྗང་ནགས་ཚལ་དང་། ཚ་ཁུལ་གྱི་ལོ་མ་དུས་སུ་ལྷུང་བའི་ནགས་ཚལ། ཚེར་ཤིང་། རི་ཤིང་། མཚོ་ཁའི་ཆུ་ཤིང་སོགས་རྩྭ་དང་རྩི་ཤིང་རིགས་སྣ་ཚོགས་ཡོད་ལ། རྨ་བྱ་དང་ཁྲུང་ཁྲུང་སོགས་བྱ་རིགས་དང་། སྟག་དང་གཟིག གླང་ཆེན་སོགས་རྩ་ཆེའི་སྲོག་ཆགས་རིགས་ཀྱང་མང་པོ་ཡོད།