༄༅།།ཆབ་མདོ་བྲག་གཡབ་སླང་རུང་འདུ་ཁང་ནང་གི་ངོ་མཚར་རྡོ་བརྐོས་སྒྱུ་རྩལ།

ཐུབ་དགས་བྲིས་ཤིང་ཡོན་ཏན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-17


ཐུབ་དགས་བྲིས་ཤིང་ཡོན་ཏན་སྒྲོལ་མས་བསྒྱུར།
        ཆབ་མདོ་ས་ཁུལ་གྱི་རྡོ་བརྐོས་སྒྱུ་རྩལ་ལ་བོད་ཁུལ་དུ་སྙན་གྲགས་ཧ་ཅང་ཆེ། དེ་བཞིན་བྲག་གཡབ་ཀྱི་རྡོ་བརྐོས་སྒྱུ་རྩལ་ལ་ཡང་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྣ་མང་ཕུན་སུམ་ཚོགས་ལ་ལག་རྩལ་ཆེས་མཐོན་པོ་ཡོད་པས་རྡོ་བརྐོས་སྒྱུ་རྩལ་གྱི་ཕ་གཞིས་ཞེས་པའི་མཚན་སྙན་ཡོད། དེ་དག་གི་ཁྲོད་ནས་ལོ་རྒྱུས་རིང་ཤོས་ནི་བྱམས་མདུན་གྲོང་རྡལ་འོ་འབུམ་གྲོང་ཚོའི་རི་མདའ་བྲག་བརྐོས་འབུར་བརྙན་ཡིན། དེ་གའི་བོད་ཡིག་རྡོ་བརྐོས་ནང་དོན་གཞིར་བཟུང་ན་འབུམ་བརྙན་རྐོ་བཟོའི་ལོ་རྒྱུས་ནི་804ལོ་ནས་ད་བར་ལོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་།  དེའི་ནང་གི་རྟེན་གཙོ་ནི་རྣམ་པར་སྣང་མཛད་ཡིན་པ་དང་གཡས་གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་དང་མཁའ་བསྐྱོན་མ་དང་། དེའི་གཤམ་དུ་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བརྐོས་པའི་བོད་ཡིག་དང་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཁ་ཤས་ཡོད།  བྱམས་མདུན་གྲོང་རྡལ་གྱི་བྱམས་ཁང་ཆེན་མོར་རྒྱལ་བ་བྱམས་པའི་སྐུ་རང་བྱོན་ཞིག་ཡོད་པའི་སྙན་གྲགས་བོད་ཡོངས་སུ་ཁྱབ་ཡོད། གཙང་གསར་ཞང་ཉེ་འཁོར་གྱི་ས་དཀར་རི་ཁྲོད་དུ་མཆོད་རྟེན་ཆེ་ཆུང་བརྒྱ་ཙམ་ཡོད་པ་དང་།  དེའི་ཁྲོད་ནས་བླ་ཆེན་གྱི་སྐུ་གདུང་མཆོད་རྟེན་གསུམ་ནི་ཞིབ་ཚགས་ཆེ་ལ་བརྗིད་ཉམས་ལྡན་པ་དང་།  མཆོད་རྟེན་ཆེན་མོའི་མཐའ་བཞི་རུ་ཐིག་བརྐོས་སྐུ་འདྲ་དང་སྐུ་གདུང་མཆོད་རྟེན་མདུན་དུ་རྡོ་བརྐོས་རི་མོ་མང་པོ་ཡོད།  དེ་ཕུད་པའི་བྱམས་མདུན་གྱི་ལས་ཆུ་ཚན་གྱི་ལྷ་མོ་དང་། དབྱེན་འདུམ་གུར་དཀར་བྲག་རྩའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དང་མཁར་སྒང་འདེན་ཤོད་གྲོང་ཚོའི་རྡོ་བརྐོས། བྲག་གཡབ་བྱམས་འདུན་སུམ་ཆུ་གྲོང་རོང་གི་འབུར་བརྐོས། བྲག་གཡབ་ཤོ་དགོན་གྱི་རྡོ་རྐོས་དང་དེ་བཞིན་རྫོང་ཡོངས་སུ་ཁྱབ་པའི་མ་ཎི་རྡོ་འབུམ་དེ་དག་གིས་ཁྱད་དུ་འཕགས་པའི་བྲག་གཡབ་ཀྱི་རྡོ་བརྐོས་སྒྱུ་རྩལ་གྲུབ་ཡོད།  རྡོ་བརྐོས་སྒྱུ་རྩལ་གྱི་བརྩམ་བྱ་དེ་དག་ལས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་།  རྒྱ་བོད་རིག་གནས་ཀྱི་སྤེལ་རེས།  དེ་བཞིན་གནའ་བོའི་ཇ་ལམ་གྱི་འགྲོ་ཕྱོགས་དང་ཆོས་ལུགས་ཀྱི་དར་སྤེལ་སོགས་ཀྱི་ཐད་ལ་ལོ་རྒྱུས་དང་།   སྒྱུལ་རྩལ།  ཚན་རིག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན། 

        1986ལོའི་ཟླ་6པར་ང་རང་སླང་རུང་འདུ་ཁང་དུ་རྟོག་ཞིབ་ལ་ཕྱིན་ཞིང་། སྐབས་དེའི་རྡོ་བརྐོས་སྒྱུལ་རྩལ་གྱི་མཐོང་ཐོས་དང་རྒྱུས་ལོན་བྱུང་བའི་འབྲེལ་ཡོད་གནས་ཚུལ་སོགས་ལ་ཐོ་འགོད་ཆ་ཚང་བ་ཞིག་བྱས།  ལོ་ངོ་སུམ་ཅུའི་རྗེས་ཀྱི2016ལོའི་ཟླ་3པར་ང་རང་སླར་ཡང་ལས་ཀའི་གོ་སྐབས་དང་བསྟུན་ནས་སླང་རུང་འདུ་ཁང་དུ་སོང་ནས་རྡོ་བརྐོས་སྒྱུ་རྩལ་ལ་སྔར་ལས་ལྷག་པའི་སྒོ་ནས་རྟོག་ཞིབ་ཟབ་མོ་བྱས་ཏེ་རྩོམ་འདི་གྲུབ།  སླང་རུང་འདུ་ཁང་གི་རྟེན་གཙོ་ནི་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཡིན་པ་དང་། ད་དུང་ཇོ་བོ་ཤཱཀྱ་མུ་ནེ་དང་རྣམ་པར་སྣང་མཛད། སྒྲོལ་མ་སོགས་རྡོ་བརྐོས་འབུམ་བརྙན་11ཡོད། ལག་རྩལ་སྟབས་བདེའི་སྒོ་ནས་རྣམ་པར་སྣང་མཛད་ཀྱི་ཕྱིའི་དབྱིབས་མངོན་པར་བྱས་ཡོད་ཅིང་། རང་བྱུང་དུ་གྲུབ་པའི་སྐུ་ལུས་ཀྱི་བཟོ་དབྱིབས་དེ་འདྲ་ལ་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལྡན། 

 
རྡོ་བརྐོས་ཀྱི་འབྱུང་ཁུངས་སྐོར་གྱི་ངོ་མཚར་གཏམ་རྒྱུད།
        ས་གནས་དེ་གའི་མི་སེར་གྱིས་ངོ་སྤྲོད་བྱས་པ་ལྟར་ན་སླང་རུང་རྡོ་བརྐོས་འབུམ་བརྙན་ནི་རང་བྱོན་ཡིན་པར་བཤད། བཤད་སྲོལ་ལ་གནའ་སྔ་མོ་ཞིག་ལ་ས་གནས་དེའི་ཞིང་པས་ས་ཞིང་རྨོ་བའི་སྐབས་སུ་གློ་བུར་དུ་རྡོ་ཆེན་པོ་ཞིག་ལ་ཐུག་པ་དང་ཞིབ་མོར་ལྟ་སྐབས་ཐོག་ཏུ་ལྷའི་སྐུ་བརྙན་ཡོད་ཅིང་། བདག་པོ་དེར་དགའ་ཚོར་དཔག་མེད་སྐྱེས་པའི་ཞོར་དུ་སྔོག་དགོས་སམ་མི་དགོས་ཞེས་ཁེར་གཏམ་བཤད་བཞིན་པའི་སྐབས་སུ་ལྷ་སྐུ་དེས་གློ་བུར་དུ་གསུང་བྱོན། ཞིང་པ་དེས་གྲོང་རོགས་ཁྱིམ་མཚེས་རྣམས་རོགས་པར་བོས་ནས་ལྷའི་སྐུ་དེ་ཕྱིར་བཏོན་པ་དང་།      དེའི་རྗེས་སུ་སྐུ་བརྙན་མི་འདྲ་བ11ཙམ་ཐོན།  ཕྱིས་སུ་མི་རྣམས་ཀྱིས་སྐུ་འདྲ་དེ་དག་གསར་དུ་བཞེངས་པའི་འདུ་ཁང་ནང་བཞག་པ་དང་། ས་གནས་དེ་ལ་སླང་རུང་ཞེས་པའི་མིང་བཏགས། དེ་ནི་སླང་རུང་ཞེས་པའི་ས་མིང་གི་ཡོངས་ཁུངས་ཡིན།  ས་གནས་དེའི་མི་རྣམས་ཀྱིས་ལྷ་སྐུའི་མཐའ་འཁོར་ལ་བསྐོར་བ་རྒྱག་གིན་ཡོད་པའི་མི་རྣམས་གཟུགས་གཞི་བདེ་ཐང་ཡིན་པར་མ་ཟད། མི་ཕྱུགས་ཀུན་ལ་དར་འཕེལ་ཡོང་བ་དང་། དེ་བས་ཁྱད་མཚར་བ་ཞིག་ལ་ཕྲུ་གུ་མེད་པའི་བུད་མེད་དག་ས་གནས་དེར་བསྐོར་བ་ལ་ཡོང་ན་མངལ་ཆགས་ཀྱི་ཡོད་པར་བཤད་པས། སླང་རུང་དུ་བསྐོར་བར་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་ཧ་ཅང་འཁྲུག་ཆ་དོད་ལ་སྙན་གྲགས་ཆེན་པོ་ལྡན་པར་གྱུར་བ་རེད། གཏམ་རྒྱུད་ནི་རྟོག་བཟོ་ཡིན་མོད། དོན་དངོས་ཐོག་སླང་རུང་སྐུ་འདྲ་ནི་བོད་རིགས་ཀྱི་ལྷ་བཟོ་དག་གིས་རང་བྱུང་གི་རྡོའི་ཆགས་དབྱིབས་ལ་བསྟུན་ནས་བརྐོས་པའི་རྡོ་བརྐོས་ཀྱི་སྒྱུ་རྩལ་གྱི་ཐོན་རྫས་ཡིན།

        ད་ཡོད་ཀྱི་སླང་རུང་འདུ་ཁང་ནི་བྲག་གཡབ་རྫོང་ཝ་མཁར་ཞང་གི་ཉག་ཆུ་སྲིད་འཛིན་གྲོང་ཚོའི་སླང་རུང་རང་བྱུང་གྲོང་ཚོར་ཆགས་ཡོད་པ་དང་། དེ་ཉིད་ནི་ཕྱོགས་བཞི་རུ་གྱང་བརྡུངས་ནས་གྲུབ་པའི་བོད་ལུགས་ཀྱི་ཁང་པ་ཐོག་བརྩེགས་གཉིས་ཅན་ཞིག་ཡིན་པ་དང་།  དེའི་རྒྱ་ཁྱོན་ལ་ཀ་བ་12ཡོད་པ་དང་།  ཁང་པའི་ཐོག་ཁར་ཐོག་ཁེབས་གྲུ་བཞི་བསྐྲུན་ཡོད། འདུ་ཁང་གི་མཐའ་འཁོར་དུ་བསྐོར་བ་ལ་འགྲོ་སའི་བར་འཁྱམས་ཡོད་པ་དང་།  འདུ་ཁང་གི་མདུན་ཕྱོགས་སུ་ཐེམ་སྐས་8ཡོད།  མདུན་སྒོའི་གཡས་གཡོན་ཕྱོགས་གཉིས་ཀྱི་གྱང་གི་བར་དུ་བོད་ཡིག་བརྐོས་ཡོད་པའི་རྡོ་ལེབ་ཀྱི་ཐོག་ཏུ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཞེས་པའི་ལེགས་སྦྱར་གྱི་ཡི་གེ་དང་སྔགས་ཡིག་བརྐོས་ཡོད་པ་དང་།   གཡོན་ཕྱོགས་ཀྱི་རྡོ་ལེབ་ཐོག་ཏུ་བོད་ཡིག་ཡིག་ཕྲེང་བཅུ་གཅིག་བརྐོས་ཡོད་པ་དེར་གཙོ་བོ་སླང་རུང་འདུ་ཁང་ལ་ཕྱག་སྐོར་བྱས་པའི་དགེ་མཚན་དང་ཕན་ཡོན་སོགས་བཀོད་ཡོད།  ཐོག་མར་ཇོ་བོ་ཤཱཀྱ་མུ་ནེའི་གསུངས་ཤིག་དྲགས་ནས་སྟོན་པ་བཅོམ་ལྡན་འདས་སྤྱན་རས་གཟིགས་ལ་དད་བཀུར་བྱེད་པ་དང་།  གཉིས་པ་ནི་ཐད་ཀར་མགོན་པོ་སྤྱན་རས་གཟིགས་ལ་བསྐོར་བ་རྒྱག་པའི་དགེ་མཚན་དང་ཕན་ཡོན་ཏེ་གལ་ཏེ་བསྐོར་བ་བརྒྱ་དང་ལྔ་བཅུ་འཁོར་ཚེ་དགེ་བ་བསགས་ཤིང་སྡིག་གྲིབ་དག་པ་དང་། བླ་མེད་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་འགྱུར་ཅེས་བཀོད།  

                          ཁྱད་དུ་འཕགས་པའི་རྡོ་བརྐོས་སྒྱུ་རྩལ།
        སླང་རིང་རྡོ་བརྐོས་ལ་ཁྱོན་བསྡོམས་སྐུ་བརྙན་11ཡོད་པ་དང་། དེ་དག་ནི་རྡོ་ཐལ་བྲག་རྡོའི་ཐོག་ལ་མིས་བརྐོས་ནས་གྲུབ་པ་ཤ་སྟག་ཡིན་ཞིང་དེ་དག་གི་ཉམས་འགྱུར་དང་བཟོ་ལྟའི་ཐོག་ནས་རིགས་གསུམ་དུ་ཕྱེ་ཆོག
      རིགས་དང་པོ་ནི་བཞེངས་སྐུ་སྟེ་གསུམ་ཡོད་ཅིང་།  དང་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཡིན།  དེ་ནི་སླང་རུང་ལྷ་ཁང་གི་རྟེན་གཙོ་ཡིན་པ་དང་མཐོ་ཚད་ལ་སྨི་2.03དང་ཞེང་ཚད་ལ་སྨི་1.43ཡོད།   དེར་ཞལ་བཅུ་གཅིག་དང་ཕྱག་བརྒྱད་ཡོད་ཅིང་གཙུག་ལ་ཐུབ་དབང་ཡོད། ལངས་གཟུགས་གཉིས་པ་ནི་མི་འགའ་རེས་སྒྲོལ་མ་རེད་ཅེས་ཟེར་བ་དང་མི་འགའ་རེས་ཝུན་ཤིང་ཀོང་ཇོ་རེད་ཀྱང་ཟེར་སྲོལ་ཡོད།  རྡོ་སྐུའི་མཐོ་ཚད་ལ་སྨི་0.94དང་སྐུ་ལས་ཀྱི་མཐོ་ཚད་ལ་སྨི་0.80ཡོད།  སྐུ་དེའི་དབུ་ལ་རིན་ཆེན་གྱིས་བརྒྱན་པའི་དབུ་ཞྭ་གྱོན་ཞིང་དབུ་སྐྲ་རྒྱབ་ཏུ་གཡུགས་ཡོད།    ཕྱག་གཡས་པ་པུས་མོར་བཞག་ཡོད་པ་དང་གཡོན་པ་བྲང་ཁར་སྦྱར།   སྐུ་ལུས་ཡོངས་སུ་ན་བཟའ་མེད་ཅིང་གཅེར་བུ་ཡིན།  སྐུ་བརྙན་དེ་ནི་ཀ་གཟུགས་ཀྱི་རྡོ་ཞིག་གི་ཐོག་ཏུ་བརྐོས་ནས་གྲུབ་རེད་འདུག  རྡོ་རྐོ་པས་རྡོའི་རང་བྱུང་གི་དབྱིབས་ལ་བསྟུན་ནས་སྐུ་ལས་ཡོངས་དེའི་ཐོག་འཁོད་ཐུབ་པ་བྱས་ཡོད།  འོན་ཀྱང་རྒྱུ་ཆས་མ་འདང་བའི་རྐྱེན་གྱིས་སྐུ་བརྙན་དབུ་ནས་ཞབས་ཀྱི་བར་ཞེང་ཁ་ཆེ་ཆུང་གཅིག་པ་ཆགས་ཡོད་པའི་ཆ་ཚད་དེ་ཙམ་གྱིས་ལེགས་པོ་གྲུབ་མེད། སྐུ་གསུམ་པ་དེའི་སྤྱིའི་མཐོ་ཚད་ལ་སྨི་0.54དང་སྐུའི་མཐོ་ཚད་ལ་སྨི་0.46ཡོད་ཅིང་དབུ་ཞྭ་མེད་ལ་དབུ་སྐྲ་རྒྱབ་ཏུ་གཡུགས་ཡོད། ཞབས་གཡས་པ་མདུན་དུ་ཡོད་ཅིང་ཞབས་གཡོན་པ་རྒྱབ་ཏུ་འགྲོ་བཞིན་པའི་གཟུགས་སུ་ཟུར་དུ་ཕྱོགས་ནས་ཡོད་པ་དང་།   ཁོག་སྨད་ལ་མ་གཏོགས་ན་བཟའ་མེད་ཅིང་སྐུ་བརྙན་དེ་ནི་འཇུར་རྟ་ཡུ་རིང་གཟུགས་ཀྱི་རྡོ་ཞིག་གི་ཐོག་ཏུ་བརྐོས་ནས་གྲུབ་པ་ཞིག་ཡིན་པ་དང་སྐུ་བརྙད་གྱི་ན་བཟའ་ལ་ལྟེབ་རིས་མང་ལ་ལག་རྩལ་ཅུང་ཞན་པ་དང་ཆ་ཚང་ལེགས་པོ་གྲུབ་ཐུབ་མེད།  རིགས་གཉིས་པ་ནི་བཞུགས་སྐུ་བཞི་ཡིན་ཏེ།  དང་པོ་ནི།   རྣམ་པར་སྣང་མཛད་བཞུགས་པའི་རྣམ་པ་ཡིན་ཞིང་།   སྤྱིའི་མཐོ་ཚད་ལ་སྨི་1.31དང་སྐུ་ལུས་ཀྱི་མཐོ་ཚད་ལ་སྨི་1.15ཡོད་པ་དང་།   འབུར་བརྐོས་ཡིན་ཞིང་དབུ་ལ་པད་མའི་དབུ་ཞྭ་ཐོར་ཅོག་མཐོ་ཞིང་།  སྨིན་མ་སྟུག་ལ་སྤྱན་ཆེ་བ་ཞལ་རས་སྒོར་རིང་རྒྱག་པ་སྙན་ཅོག་ལ་མེ་ཏོག་པད་མའི་དབྱིབས་ཀྱི་རྣ་རྒྱན་བཏགས་ཡོད་ཅིང་ལོངས་སྐུའི་ཆ་བྱད་དང་ཕྱག་རྒྱ་མཛད་ཡོད།   གཉིས་པ་ནི།   ཇོ་བོ་ཤཱཀྱ་མུ་ནེ་བཞུགས་པའི་སྐུ་བརྙན་ཡིན་ཞིང་།   སྤྱིའི་མཐོ་ཚད་ལ་སྨི་0.77དང་དབུའི་མཐོ་ཚད་ལ་སྨི་0.23ཡོད་ཅིང་ཉམས་འགྱུར་གྱི་ཐོག་ནས་ཞབས་གཡས་པ་པུས་མོ་བཀུག་ནས་བཞུགས་བསྡད་པ་གསལ་པོ་མཐོང་ཐུབ།  གསུམ་པ་ནི།   མི་སྐྱོད་རྡོ་རྗེའི་སྐུ་ཕྱེད་ཀྱི་སྐུ་བརྙན་ཡིན་ཞིང་།  སྤྱིའི་མཐོ་ཚད་ལ་སྨི་0.28ཡོད་ཅིང་།   རིགས་ལྔའི་དབུ་ཞྭ་མནབས་ཡོད་པ་དང་ཞལ་གྲུ་བཞི་ཡིན་ལ་མཆུ་སྒྲོས་ཟུམ་ཡོད་པ་དང་མཇིང་པ་ཐུང་ལ་ཕྲག་པ་མཐོ་བ།   མགུལ་ལ་འབུར་དུ་ཐོན་པའི་རྡོ་ཐིག་གཉིས་ཡོད་པ་དང་།   ཕྱག་གཡས་པ་གཤམ་དུ་བརྐྱངས་པ་དང་ཕྱག་གཡོན་མ་སྐེད་པའི་མདུན་དུ་དངོས་པོ་ཉར་བའི་ཉམས་འགྱུར་དང་།  ན་བཟའ་མནབས་མེད་ཅིང་།   འབུམ་བརྙན་གྱི་རྣམ་པ་ཞི་ཞིང་དུལ་བ་དང་།   དབང་པོ་ལྔ་ཁ་གསལ་བར་ཡོད་མོད།    འོན་ཀྱང་སྐུ་ལུས་ཀྱི་འགུལ་སྐྱོད་ཅུང་ཁོབ་པོར་གནས་པར་མངོན་ཞིང་།   སྐེད་པ་མན་བརྐོ་ཐུབ་མེད།   བཞི་པ་ནི།    སྒྲོལ་མ་བཞུགས་པའི་སྐུ་བརྙན་ཡིན་ཞིང་།  སྤྱིའི་མཐོ་ཚད་ལ་སྨི་0.64ཡོད་པ་དང་དབུའི་མཐོ་ཚད་ལ་སྨི་0.19ཡོད།  རིན་ཆེན་གྱི་དབུ་ཞྭ་མནབས་ཡོད་པ་དང་། སྤྱན་འོད་ཁྲ་ཆེམ་ཆེམ་དུ་གནས་ལ་སྤྱན་ཟུར་གོང་དུ་གཟུར་ཡོད། ཞལ་ནི་འབུར་བརྙན་གཞན་དག་དང་བསྡུར་ཚེ་ཅུང་རྒྱགས་པ་དང་དབང་པོ་ལྔ་ནི་ཅུང་ཚད་ལྡན་ཡིན། སྙན་ཅོག་གཉིས་ཀར་རྣ་རྒྱན་བཏགས་ཡོད་པ་དང་།   ཕྱག་གཡས་པའི་མཐིལ་གཟུགས་པོར་ཕྱོགས་ནས་ཐུར་དུ་བརྐྱངས་ཡོད་པ་དང་ཕྱག་གཡོན་པ་སྐེད་པའི་མདུན་དུ་གནས་ཤིང་གཅེར་བུར་འདུག་པ་དང་ནུ་མ་མངོན་གསལ་དུ་འབུར་ཡོད།    འབུམ་བརྙན་དེའི་ལངས་གཟུགས་མའི་རྐོ་སྟངས་ཅུང་བྱང་ཆུབ་པ་ཡོད་ཅིང་།   ཆ་ཚད་ཀྱང་ཅུང་ལེགས་པོ་ཡོད།

      རིགས་གསུམ་པ་ནི་གཙུག་རྒྱན་ལྟ་བུའི་འབུར་བརྙན་བཞི་ཡིན་ཏེ།   དང་པོ་ནི།  སྤྱིའི་མཐོ་ཚད་ལ་སྨི་0.59ཡོད་པ་དང་དབུའི་མཐོ་ཚད་ལ་སྨི་0.10ཡོད།   དབུ་ལ་དབུ་ཞྭ་རྩེ་ཕྲ་མོ་ཅན་ཞིག་གྱོན་ཡོད་ལ་ཞལ་ངོའི་དབྱིབས་སྐམ་ལ་རིང་བ།           གཡས་ཕྱོགས་ཀྱི་ཐོག་ཁར་བལྟས་ཡོད་པ་དང་། དཔལ་རྒོད་ཅིག་རྡོ་ཕ་བོང་ཞིག་གི་རྒྱབ་ཏུ་ཡིབ་ནས་སྒང་ལ་ལྟ་བ་དང་འདྲ།  གཉིས་པ་ནི།   སྤྱིའི་མཐོ་ཚད་ལ་སྨི་1.70ཡོད་པ་དང་དབུའི་མཐོ་ཚད་ལ་སྨི་0.26ཡོད་པ།    དབུ་ཞྭ་རིང་པོ་མནབས་པ་དང་དབུ་སྐྲ་རྒྱབ་ཏུ་གཡུགས་ཡོད་པ་ལ་ཞལ་ངོ་ཅུང་རིང་བ་དང་སྤྱན་ཟུང་འབུར་དུ་བལྟས་ཡོད་ཅིང་།  དབུའི་མན་ཆད་རང་བྱུང་གི་རྡོ་དང་གཞི་གཅིག་དུ་གྲུབ་ཡོད།   གསུམ་པ་ནི།   སྤྱིའི་མཐོ་ཚད་ལ་སྨི་1.07ཡོད་པ་དང་དབུའི་མཐོ་ཚད་ལ་སྨི་0.18ཡོད།   ཞལ་ངོ་གྲུ་བཞི་ཡིན་པ་དང་དཔྲལ་བའི་དཀྱིལ་དུ་སྤྱན་གཅིག་ཡིན་ལ་སྣ་གདོང་དྲང་ལ་ཞལ་ཆེ་ཞིང་སོ་ཕྱི་རོལ་དུ་བཏོན་ནས་ཁྲོ་བའི་ཉམས་བསྟན་ཡོད།   བཞི་པ་ནི།      སྤྱིའི་མཐོ་ཚད་ལ་སྨི་0.67དང་དབུའི་མཐོ་ཚད་ལ་སྨི་0.23ཡོད།  ཞྭ་མོ་རིང་པོ་མནབས་ཡོད་པ་དང་སྨིན་མ་སྟུག་ཅིང་ཅུང་གུག་པ།   སྣ་གདོང་མཐོ་བ་ཞལ་མཆུ་ཟིམ་ཞིང་ཅུང་རྒྱགས་པ།  ཁོག་སྨད་རང་བྱུང་གི་རྡོ་དང་གཞི་གཅིག་ཏུ་གྲུབ།


སླང་རུང་རྡོ་བརྐོས་སྒྱུ་རྩལ་གྱི་རིན་ཐང་།
           སླང་རུང་རྡོ་བརྐོས་ཀྱི་ལོ་ཚད་སྐོར་ལ་ཁ་ཚོད་གཅོད་དཀའ་མོད། འོན་ཀྱང་གནས་མཆོག་སླང་རུང་རང་བྱོན་གྱི་དཀར་ཆག་ཏུ་བཀོད་པ་དང་། རྡོ་བརྐོས་ཀྱི་བཟོ་དབྱིབས་དང་ཉམས་འགྱུར་བཅས་ལ་དབྱེ་ཞིབ་བྱས་ཚེ་སྤྱིའི་ཆ་ནས་དུས་རབས12ཡས་མས་སུ་ཐག་བཅད་ཆོག
དེའི་གཞི་འཛིན་ས་གཅིག་ནི་ཡིག་ཆའི་ནང་ཐེངས་མང་སློབ་དཔོན་པད་མ་འབྱུང་གནས་དང་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མཚན་འཁོད་ཡོད་པའི་ལོ་རབས་ཀྱི་ཐོག་ནས་ཇི་ལྟར་སྔ་ཡང་དུས་རབས་བརྒྱད་པ་ལས་སྔ་མི་སྲིད་པ་རེད། གཉིས་ནི། ༼ གནས་མཆོག་སླང་རུང་རང་བྱོན་གྱི་དཀར་ཆག༽གཏེར་མའི་ཡི་གེའི་རྣམ་པའི་ཐོག་ནས་བྲིས་ཡོད་པ་དང་། བོད་རིགས་མཁས་དབང་ཕལ་མོ་ཆེས་གཏེར་མ་ནི་དུས་རབས༡༡ནས་༡༣པ་ཡས་མས་སུ་བཙལ་འཚོལ་ཐུབ་པར་ཁས་ལེན། གསུམ་ནི་རྡོ་བརྐོས་ཀྱི་བཟོ་དབྱིབས་དང་བརྐོ་སྲོལ་གྱི་ཉམས་འགྱུར་ཐོག་ནས་དབྱེ་ཞིབ་བྱས་ཚེ་ཐོག་མར་བརྐོས་པ་དག་ལོ་ངོ་བརྒྱ་ཕྲག་དུ་མའི་ཁྲོད་ཡལ་མོད། འོན་ཀྱང་དེའི་ཕྱིའི་བཟོ་དབྱིབས་ནས་བལྟས་ཚེ་སྤྱིར་བཏང་དུས་རབས༡༢ཡས་མས་ཙམ་ཡིན་པར་ལོ་རྒྱུས་ཀྱི་གཞི་འཛིན་ས་ཡོད།
        སླང་རུང་རྡོ་བརྐོས་ཁྲོད་ཀྱི་ཕལ་མོ་ཆེ་ནི་རང་བྱུང་གི་རྡོའི་དབྱིབས་ལ་བསྟུན་ནས་ཆེས་སྟབས་བདེའི་རྐོ་རྩལ་ལ་བརྟེན་ནས་བརྐོས་ཡོད་པ་དང་།   རྡོ་རང་གི་དབྱིབས་ལ་བསྟུན་ནས་བརྐོས་པས་སྐུ་ལུས་འདྲ་ལ་མི་འདྲ་བ་ཡོད་དེ།  བརྐོ་དཀྲོལ་མ་བྱས་ཀྱང་ཉམས་འགྱུར་ཐོན། ལྷག་དོན་དུ་ལོ་ངོ་བརྒྱ་ཕྲག་མང་པོར་མཆོད་འབུལ་བྱས་པའི་དབང་གིས་མིས་བཟོས་པའི་ཤུལ་ཚང་མ་ཡལ་བར་གྱུར་ནས་དད་ལྡན་མང་ཚོགས་ཚོས་དེ་ནི་རང་བྱོན་ཡིན་པར་དོགས་པ་སྐྱེ་མྱོང་མེད།
        སླང་རུང་རྡོ་བརྐོས་ཀྱི་ལག་རྩལ་ཅུང་ཞན་པ་ཆ་ཚད་ལེགས་པོ་འཛིན་ཐུབ་མེད་ཀྱང་།   དེའི་ཁྲོད་དུ་དམངས་ཁྲོད་སྒྱུ་རྩལ་པའི་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་ཐབས་འདུས་ཡོད་པས།   དེའི་ཉམས་འགྱུར་དང་ལག་རྩལ་གྱི་ཐོག་ནས་འབུར་བཟོའི་ཆ་ཚད་ཀྱི་འཆིང་འདོམ་ལས་གྲོལ་ཡོད་པ་དང་།  དེ་བྲག་གཡབ་དང་ཆབ་མདོའི་ས་ཁུལ་གྱི་འབུམ་བཟོའི་ཉམས་འགྱུར་དང་ཁྱད་པར་ཡོད་པར་མ་ཟད། བོད་ཀྱི་ས་གནས་ཁག་གི་འབུར་བཟོའི་ཉམས་འགྱུར་དང་ཡང་ཁྱད་པར་ཡོད་དེ།   དེར་དམངས་ཁྲོད་ཀྱི་སྒྱུ་རྩལ་བའི་བསམ་པའི་བཀོད་ཐབས་མང་པོ་ཞིག་འདུས་ཡོད།
        སླང་རུང་ལྷ་ཁང་གི་ཕྱི་རོལ་གྱི་རྡོ་ལེབ་ཐོག་ཏུ་དེར་མཆོད་འབུལ་བྱེད་པའི་དགེ་མཚན་དང་ཕན་ཡོན་བྲིས་ཡོད་དེ།  དེ་རུ་804ལོར་བརྐོས་པའི་བྲག་གཡབ་རི་མདའ་བྲག་བརྐོས་འབུར་བརྙན་གྱི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཡོད།   བྲག་གཡབ་མཁར་སྒང་དུ་ཡོད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། གཙང་གསར་ས་དཀར་རི་ཁྲོད་ཀྱི་བོད་ཡིག་གི་རྡོ་རིང་བཅས་སུའང་མཆོད་འབུལ་ཞུས་པའི་དགེ་མཚན་དང་ཕན་ཡོན་བྲིས་ཡོད་པ་ལས།    རི་མདའ་བྲག་བརྐོས་རི་མོའི་སྲོལ་རྒྱུན་རྒྱུད་འཛིན་བྱས་པ་གསལ་བཤད་ཐུབ་པར་མ་ཟད།   ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཡང་ངེས་ཅན་ལྡན་ཡོད་དོ། །
 ༼ ཀྲུང་གོའི་བོད་ལྗོངས༢༠༡༦ལོའི་དེབ་ལྔ་པ་ལས་བདམས།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1