འདི་ནས་སེམས་པ་གློད་དེ་ཕྱིར་འདང་ཞིག་བརྒྱབ་ནས །
ལོ་ངོ་བཅུ་ཕྲག་འགའ་ལ་སྡོམ་རྩིས་ཤིག་བཀོད་ན། །
གངས་རི་དཀར་པོའི་འདབས་ནས་འཚར་ལོངས་ཀྱི་གོ་རིམ། །
ཅི་ལྟར་བསྒྲིགས་ཀྱང་བྱིས་པའི་དུས་སྐབས་དེའི་སྐྱིད་མེད། །
ངོ་ཚའི་སྒྲིབ་གོས་མི་དགོས་གཅེར་བུ་ལ་དགའ་ཞིང་། །
ཞབས་ཀྱིི་གྲོ་རྡོག་དབྱུག་པའི་རྟ་རྒྱབ་ལ་ལྷན་ནས། །
སྤང་ལྗང་ནེམ་ཤའི་སྟེང་ནས་སྐོར་རྒྱུག་གིས་འཚོ་བའི། །
གཡོ་སྒྱུ་ཚུལ་འཆོས་མི་དགོས་བྱིས་དུས་དེ་བཟང་བ། །
སྟོད་ཀྱི་གངས་རིའི་ཞལ་མདངས་ཉི་འོད་ལ་རྩེན་དུས། །
སྨད་ཀྱི་མཚོ་མོའི་དྭངས་ཆ་མེ་ལོང་ལ་འགྲན་དུས། །
མཐོ་སྒང་ཁོར་ཡུག་ནད་མེད་སྐྱོན་མེད་དུ་ཡོད་དུས། །
རང་བྱུང་མེ་ཏོག་ཁྲོད་ཀྱི་བྱིས་བློ་དེ་སྐྱིད་པ། །
ནང་གི་དུང་བ་བེའུ་ལུག་རྟེའུ་གསུམ་ལ་བཅོལ་ནས། །
སེམས་ཀྱི་མཛེས་སྡུག་རང་བྱུང་མེ་ཏོག་ལ་གླན་ཏེ། །
འདི་ཤོར་འདི་ཐོབ་མེད་པའི་ལྷོད་ལྷོད་ཀྱི་སྐབས་དེའི། །
གུ་ཡངས་བྱུང་རྒྱལ་ཆོག་པའི་བྱིས་གླུ་དེ་སྙན་པ། །
དབྱར་ཟླ་བཞི་པའི་ཁུ་བྱུག་གསུང་སྙན་ལ་འཁྲི་བའི། །
མཐིང་སྨུག་སྦྲ་ནག་གྲུ་བཞིའི་ཁོར་ཡུག་གི་ལྷས་ནས། །
དཀར་ནག་ཕྱུགས་ཀྱིས་ངུར་དབྱང་ལྷོད་བག་གིས་འཐེན་དུས། །
འོ་མ་དག་མ་འཐུང་བའི་བྱིས་བསོད་དེ་ཆེ་བ། །
ཕྱི་ནས་གཞན་གྱིས་བཙིར་གནོན་དེ་འདྲ་ཞིག་མེད་དུས། །
ནང་གི་འགྲན་རྩོད་རྣོ་ངར་འདི་འདྲ་ཙམ་མིན་དུས། །
ཕ་ཡུལ་ཆོག་ཤེས་ངང་ལ་བདེ་སྐྱིད་ཀྱིས་འཚོ་དུས། །
རྩེད་ར་གྲུ་བཞིའི་ནང་གི་བྱིས་རྩེད་དེ་སྤྲོ་བ། །
ཕྱི་ན་དུག་དང་རྫས་ཀྱི་འཕྲུལ་འཁོར་དེ་མེད་པས། །
གཙང་སྦྲ་གཞི་ནས་མི་དགོས་མཁའ་དབུགས་ཀྱིས་བཀྲུ་ཞིང་། །
ནང་གི་སེམས་པ་རྨས་པའི་དོན་རྐྱེན་ཡང་ཉུང་བས། །
ལུས་པོའི་བདེ་ཐང་ཟེར་བ་བྱིས་དུས་དེར་ཡོད་འདུག །
ཕ་རྒན་གར་སོང་ཕྱོགས་ལ་སེམས་ཁུར་ཡང་མ་ཤེས། །
མ་ལོས་ཕ་ཁྱིམ་སྲུང་བའི་རྩོལ་སྒྲུབ་ཡང་མ་མཐོང་། །
རྡོ་དང་རུས་པའི་རྩེད་མོས་དུས་སྐབས་ཤིག་བསྐྱལ་ཚུལ། །
ད་ལྟ་དྲན་ན་བསམ་མེད་བྱིས་བློ་དེ་མཚར་བ། །
ཞལ་དཀར་ཧོར་ལ་ཤོར་བའི་ལེའུ་དེ་བཀླགས་བཞིན། །
སྣང་སེམས་སྐྱོ་བས་སྐུལ་ཏེ་རྩོལ་མེད་དུ་ཤོར་བའི། །
ཨ་ལ་ཐ་ལའི་དབྱངས་རྟ་རི་ལུང་ལ་སྤུར་བཞིན། །
ན་ཚོད་རྒས་ལ་སོན་ཀྱང་བྱིས་དུས་དེ་ཇེ་དྲན། །
ལང་ཚོའི་སྟངས་སྟབས།