གཡུ་རྒྱན་སྤྲས་པའི་ཁམས་པའི་ཕོ་རྒོད།
ཨོཾ་སྭ་སྟི། གཡུ་འདི་གངས་ཅན་པའི་ནོར་གྱི་བང་མཛོད་དུ་རིན་པོ་ཆེ་རྩ་ཆེ་ཤོས་སུ་ངོས་འཛིན་གནང་སྟེ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་། ཡང་ན་ལུས་སྲུང་དང་བླ་སྲུང་གི་ཚུལ་དུ་ཆེས་ནུས་པ་ཆེ་བའི་རྡོ་ངོ་མཚར་ཅན་ཞིག་ཀྱང་ཡིན་། དེས་ན་གངས་ཅན་སྐྱེ་ལྡན་ཕོ་མོ་ཚང་མས་རིན་ཆེན་གཡུ་ལ་དགའ་བསུ་ཚད་མེད་བྱས་། བོད་ཀྱི་ཁ་རྒྱུན་དུ་གཟི་གཡུ་བྱུ་རུ་མུ་ཏིག་དང་། མཆོང་དང་པདྨ་རཱ་ག་བཅས་གཡུ་འདི་རིན་ཆེན་གཉིས་པའི་གྲས་སུ་འཁོད་ཡོད་། གཡུ་རིན་པོ་ཆེ་འདི་གངས་ཅན་པ་དག་གི་དགའ་བསུ་བྱེད་བཞིན་རིན་ཆེན་ཐོག་མའི་གོ་གནས་སྟེར་བ་མ་ཚད་འགྲོ་བ་མི་ཡི་རིགས་སྣང་བ་ཐོག་མའི་འཆར་སྒོ་རུ་གཉེར་བའི་རིན་ཆེན་རྡོ་ཡི་ཐོག་མའང་དེ་ཡིན་།
དང་པོ། གཡུ་ཡི་བཤད་པ།གངས་ལྗོངས་ཁ་བའི་ཡུལ་དུ་རིན་ཆེན་གཡུ་ཡི་གཏེར་རྡོ་རྙེད་དེ་ཕལ་ཆེར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད། འདི་བགྲང་བྱ་སྟོང་གི་རིམ་དུ་རིན་ཆེན་གཏེར་རྡོ་འདི་ཉིད་བོད་མིའི་ཕྱི་ལུས་ཕུང་གི་རྒྱན་ཆ་དང་ནང་བསམ་བློ་ཡི་གཏད་སོ་ཞིག་ཏུ་གྱུར་བས། གཡུ་ཡི་མིང་ལའང་རྡོ་ཡི་རྒྱལ་པོ་ཞེས་བསྟོད་བསྔགས་ཚད་མེད་དང་གོ་གནས་ཆེས་མཐོ་བའི་རིན་པོ་ཆེའི་རིགས་སུ་ཡང་འཁོད་ཡོད། གཡུ་ཞེས་པའི་མིང་འདི་བོད་སྐད་གཙང་མ་ཡིན་ཞིང་། དོན་དུ་མདོག་སྔོན་པོ་ཅན་གྱི་རྡོ་ཡི་མཆོག་ལ་གོ སྔར་རྒྱ་ནག་ནས་ཡུད་དང་གཡུ། དེ་མི་མཆོང་ཞེས་ཐད་ཀར་འབོད་ལུགས་འདུག དེང་སང་དེ་སྐད་མི་སྨྲའོ། །ནུབ་གླིང་པས་གཡུ་ལ་དུ་རུ་ཁའི་རྡོ་ཞེས་འབོད་གནང་འདུག དེ་ནི་སྔར་ཏ་ཟིག་གི་གཡུ་དེ་དུ་རུ་ཀ་ནས་བརྒྱུད་ཚོང་བྱེད་པའི་ཕྱིར། ཆེས་གདོད་མའི་སྐབས་སུ་མི་ཡི་ལུས་ལ་རུས་པའི་རྒྱན་ཆ་སྤངས་པ་དང་ལྷན་དུ་རིན་ཆེན་རྡོ་ཡི་རྒྱལ་པོ་འདི་མགུལ་དང་ལུས་སུ་འཆང་པས། དེས་ན་རྒྱལ་པོ་ཞེས་པའི་ཚིག་ནས་གཡུ་འདི་ཆེས་ཐོག་མའི་རྡོ་ཡི་རྒྱན་ཆ་ཡིན་པ་དང་བསམ་བློའི་ཕྱོགས་དེའང་མཚོན་ཐུབ་པའི་གཏེར་རྡོ་འགངས་ཆེན་ཞིག་ཏུ་ངོས་འཛིན་ཆོག གདོད་མའི་དུས་སུ་གཡུ་རྡོ་ཞིག་རྙེད་བྱུང་ན་ཤིན་ཏུ་ངོ་མཚར་བའི་གནས་ཚུལ་ཞིག་དང་ཕལ་ཆེར་རྙེད་མི་སྲིད་པའི་ཚུལ་དུ་སེམས། གཡུ་རྡོ་འདི་མི་ཡི་རྣམ་ཤེས་དང་བླ་ལ་འབྲེལ་བ་ཡོད་པ་ཞིག་དང་། ཡང་ན་རྡོ་རང་ཉིད་ལ་བླ་གནས་པ་དང་ཐུན་མིན་གྱི་ནུས་པ་ཞིག་ཀྱང་ཡོད་པ་བཤད། འདི་ལྟར་གྱི་ངོས་འཛིན་དེ་གདོད་མའི་གཡུང་དྲུང་བོན་གྱི་ཁས་ལེན་གནང་སྟེ་རིན་ཆེན་གཡུ་ཡི་དགོས་པ་དང་། དགེ་མཚན་དང་། ནུས་པ་དང། བཤད་པ་སོགས་གོ་རིམ་མཐོན་པོ་ཞིག་ཏུ་ཡང་བསྐྱར་བཞག་ཡོད། དེ་དང་བསྟུན་པའི་ཆོ་ག་རབ་དང་རིམ་པ་མང་པོ་ཞིག་ཀྱང་ད་བར་དུ་བོད་མིའི་འཚོ་བ་ནང་མཐོང་ཐུབ། བོན་ཆོས་པ་དག་གི་གཡུ་རྡོ་འདི་སྐྱེ་བོ་གང་རུང་གི་བླ་སྲོག་དང་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་ངོས་འཛིན་བགྱིད་དེ་ཚེ་གང་པོ་ལུས་ཕུང་དང་འབྲལ་མེད་བཟུང་། ཞང་ཞུང་འོལ་མོ་ལུང་པས་འབྱུང་བ་དང་སྨེ་བ། སྤར་ཁ། སྲོག་ལུས་དབང་ཀླུང་། རྒྱུ་སྐར། གཟའ། དུས་ཚིགས་སོགས་ལ་དམིགས་སུ་བཀར་བའི་བརྗོད་པ་མཛད། འདི་ན་གཡུ་སྔོན་པོ་ཉིད་དེ་འབྱུང་བ་ཆུ་ཡི་སྒོས་སུ་བཞག་ཅིང་། འབྱུང་བ་འདིས་གཡང་དང་རྒྱུ་ནོར། ཁེ་དང་དབང་ཐང་སོགས་མཚོན། ཁ་རྒྱུན་དུ་བཤད་པ་ནང་བཞིན། ཕ་རིགས་དཀར་པོ་དུང་། མ་རིགས་སྔོན་པོ་གཡུ་ཞེས་གཡུ་འདི་མ་ཡི་རིགས་དང་། སྨན་བུ་མོ་དང་། སྲ་སྙི་གཉིས་ཀྱི་ནུས་པ་ལས་སྙི་བའི་ནུས་པ་མཚོན་ཤིང་། བུ་མོ་ཁྱོད་རང་གཡུ་ཆུང་དྲུག་དཀར་འདུ། །ཞེས་དང་། གཡུ་རྡོ་འདི་ཆུ་མཚོ་རུ་བླངས་པའི་བཤད་ལུགས། གནས་རི་ལ་གཡུ་རི་རྩེ་རྒྱལ་དང་གཟུགས་སུ་གཡུ་འབྲུག་སྔོན་པོ་དང་མ་ཕམ་གཡུ་ཡི་མཚོ། གཡང་འབྲོག་ཆུ་གཡུ་མཚོ། གསེར་རི་གཡུ་གཤོག ཡི་དམ་ལ་རྒྱལ་མོ་གཡུ་ཁྲི། གྲོང་ཁྱེར་ལ་མང་བ་གཡུ་གླིང་། བསང་ལ་གཡུ་བསང་གཡུ་དུ། ཡང་ན་མེ་ཏོག་གཡུ་མདངས་ཅན་བཅས་ཧ་ཅང་མང་། དེ་མིན་རིན་པོ་ཆེའི་གཡུ་འདི་མཆོད་པའི་རྫས་སུ་མེད་དུ་མི་རུང་བ་ཞིག་ངོས་འཛིན་བྱེད་དེ། མཆོད་པ་ཕྱི་ནང་གསང་གསུམ་གྱི་སྒོ་ཐོག་མར་ཕྱེ། དེང་སྐབས་ཕྱི་ཡི་མཆོད་པ་ནི་རི་མཐོན་པོའི་སྒང་དུ་རྡོ་དཀར་སྤུངས་པའི་མཆོད་པ། ནང་གི་མཆོད་པ་ནི་རྒྱལ་པོའི་ཕོ་བྲང་དང་ལྷ་ཁང་དུ་གཡུ་སྔོན་པོ་སྤུངས་པའི་མཆོད་པ། གསང་བའི་མཆོད་པ་ནི་བླ་གཡུ་ནས་རྒྱུད་སྔོ་སངས་སེམས་ཀྱི་མཆོད་པ་བཅས། ཁྱད་པར་དུ་ལྷ་ཡི་སྐུ་ཚབ་འཇིག་རྟེན་དུ་ཕེབས་པའི་ཨ་མྱེ་དང་དགེ་བསྙེན། རྒྱལ་པོ་དང་། སྲིད་པ་ཨ་བོ་རྒན་སོགས་ལ་མ་ཆད་པར་འབྲེལ་བའི་མཆོད་པ་དང་། བསང་། རླུང་རྟ། ཐོག་རྫས་བཅས་ནས་རྗེས་དྲན་གྱི་ཚུལ། ཡང་ན་འཚོ་བའི་ཐ་སྙད་དང་འདྲེས་པའི་གཡུ་ཤུབ་དང་། གཡུ་ཡི་པད་ལོ། གཡུ་ཡི་བུམ་པ། གཡུ་ཡི་དྲིལ་ཆུང་། མཐིང་གུར་གཡུ་ཡི་ཡ་གད། གཡུ་ཡི་ནེ་ཐང་། གཡུ་ཡི་རལ་གྲི་སོགས་ཤིན་ཏུ་མང་། དེ་འདྲའི་ཤུགས་ཅན་དེ་ད་ལྟ་ཡང་བོད་མིའི་འཚོ་བའི་ནང་དངོས་སུ་ཡོད་དོ། །སྣ་བོན་ལེའུ་བཅུ་གསུམ་ལས། ཕྱྭ་གཡུ་འོད་དཀར་དང་། །གཉན་གཡུ་མདོག་བཟང་འདི། །མིའི་བླ་གཡུ་དང་། །གཡང་གཡུ་གསལ་བ་འདི། །མང་པོའི་ཕྱག་ཏུ་ཕུལ། །ཅེས་གཡུ་དང་འབྲེལ་བ་ཆེས་མང་ངོ་། །རིན་པོ་ཆེ་གཡུ་འདི་རྡོ་ཆས་གསར་པའི་སྐབས་སུ་འཛམ་གླིང་ས་ཕྱོགས་ཀུན་ཏུ་དར་མགོ་ཚུགས། དེའང་གཡུ་ཡི་ཕ་སའམ་གཡུ་ཡི་དགོས་དོན་རྒྱ་ཆེར་གཏིང་ཟབ་ཏུ་བཏང་མཁན་དེ་ཏ་ཟིག་ནོར་གྱི་རྒྱལ་ཁབ་དང་ཞང་ཞུང་འོལ་མོ་ལུང་རིང་པ་དེ་ཡིན། ཏ་ཟིག་པས་གཡུ་ལ་དོ་སྣང་བྱེད་པ་དེ་གཤེན་ཆོས་སྦྱིན་སྲེག་པ་དང་འབྲེལ་བ་དམ་པོ་ཡོད་ཅིང་། དེ་ནས་གཡུ་འདི་གདོད་མའི་ཆོས་ལུགས་གང་ཞིག་ཡིན་རུང་གཞི་དངོས་ཀྱི་ཆོ་ག་ཡོད་ཚད་ཕྱིའི་དངོས་རྫས་དང་ཡོ་བྱད་དུ་མ་ལ་བརྟེན་ཅིང་། དེ་ནས་གཡུ་འདི་གདོད་མའི་གཤེན་ཆོས་ཀྱི་ནང་འཕགས་པའི་རྫས་གཙོ་ཤོས་ཅིག་ཡིན། གཡུ་དྲུང་གི་སྲིད་པ་ཆགས་ལུགས་སུ་སྒོང་ང་ཆེན་པོ་ཞེས་པ་དེའང་དངོས་སུ་དཔྱད་ན་གཡུ་སྒོང་ཡིན་པ་དགོས། གཡུ་སྒོང་ལས་སྣང་བ་སྣ་ཚོགས་འཆར་བའི་འཇིག་རྟེན་ལངས་པ། འདི་ནི་བརྟན་པ་འགྱུར་བ་མེད་པའི་ཕྱིར་གཡུ་རྡོ་འདི་གཤེན་ཆོས་པ་དག་གིས་དགའ་བསུ་གནང་། མ་ཚད་པ་ཆོས་ལུགས་དེའི་མིང་ཡང་གཡུ་ཡི་བསྟན་པ་ཞེས། རྗེས་སོར་བརྗོད་ལུགས་འདི་ལ་འགྱུར་བ་ཕྲན་བུ་སོང་ནས་གཡུང་དྲུང་ཞེས་འབོད། གཡུང་དྲུང་གི་མིང་ཚིག་འདི་གདོད་མའི་གཤེན་གྱི་འབོད་ལུགས་བྱེད་ན་གཡུ་དྲུང་ཞེས། གཡུ་ཡི་དོན་དུ་སྦྱར་ཡོད། འདི་ལྟར་གྱི་ཚིག་དེ་ད་ལྟའི་བར་དུའང་སྟོད་མངའ་རིས་ཀྱི་ཡུལ་སྐད་དུ་མ་འགྱུར་པར་བསྡད་ཡོད། ང་ཚོས་ནམ་རྒྱུན་མཐོང་བའི་གཡུང་དྲུང་གི་རི་མོ་ནང་བསྐོར་དེ་གཡུ་དྲུང་ངམ་གཡུང་དྲུང་མཚོན་ཐུབ་པའི་ཕྱག་རྒྱ་དུ་མའི་ཁྲོད་ཀྱི་ཡ་གྱལ་གཅིག་ཙམ་ཡིན། འདི་གཡུ་ཡི་ཆོས་ཞེས་གཡུ་འདི་གྲུབ་མཐའ་འདི་ཡི་བླ་དང་སྲོག་གི་རྣམ་པར་ཤར་ནས་སྐྱེ་བོ་མཐོ་དམན་མེད་པ་ཚང་མས་ལུས་སུ་རྒྱན་པའི་རིགས་དང་འཚོ་བའི་ནང་སྤྱད་པའི་ཅ་དངོས་གང་རུང་། ཐ་ན་ཁང་པ་དང་སེམས་ཀྱི་མྱོང་སྒོ་གང་རུང་མདོག་སྔོན་པོ་གཡུ་ཡི་ཚུལ་དུ་བྱེད། འདི་ལྟར་དགོས་པའི་རྒྱུ་རྐྱེན་མང་པོ་ཡོད་ཀྱང་ཐེངས་འདིར་མ་སྤྲོས།
མཛེས་མའི་མགུལ་ལ་རིན་ཆེན་གཡུ་ཡིས་སྤྲས།
གཉིས་པ། གཡུ་ཡི་རིག་གནས།ཞང་ཞུང་གི་སྐབས་སུ་གཤེན་ཆོས་ཀྱི་ངོས་འཛིན་དང་རྟ་ཟིག་ནོར་ལུང་གིས་རྐྱེན་པས་གཡུ་ཡི་བསྟན་པའམ་གཡུ་ཡི་རིག་གནས་དེ་བོད་ཡུལ་ཕྱོགས་ཀུན་ཏུ་ཁྱབ་པར་བྱས་ཡོད། འདི་གཡུ་དྲུང་གཡུ་ཡི་ཆོས་ལུགས་དེ་གཡུང་དྲུང་གི་མིང་དུ་ཕྱག་རྒྱ་སྣ་མིན་དང་ཆོ་ག་སྣ་ཚོགས་སུ་བསྟན་དེ་བོད་མིའི་བསམ་བློའི་འདོད་པ་བསྐོང་ཅི་ནུས་བྱེད། དེ་དུས་ཀྱི་གཡུ་རྡོ་བོད་རང་ཡུལ་ནས་ཐོན་པ་མ་ཟད་མང་ཤོས་དེ་ཏ་ཟིག་གི་ལུང་པ་ནས་ཡོང་བཞིན་ཡོད། གཡུ་ཡི་རིག་གནས་ཁྱབ་རྒྱ་ཆེ་ཤོས་ཀྱི་སྐབས་སུ་བོད་མི་རེ་རེའི་མགུལ་དུ་གཡུ་རྡོ་འགའ་ངེས་པར་ཡོད་འདུག དཔེར་ན། ཆེས་སྔ་རབས་ན་ད་བར་དུ་བོད་ཀྱི་ལུང་པ་ཁག་ཏུ་སྲོལ་ལུགས་བརྒྱུད་བཞིན་པའི་གཉེན་སྟོན་གྱི་གཡུ་བཤད་ལ་བསམ་ན། བཀའ་དྲིན་ཅན་གྱི་ཨ་མ་ནས་བུ་མོ་མནའ་མ་འགྲོ་ཉིན་དེ་གཡུ་གཙང་མ་རྡོག་པོ་ཞིག་བུ་མོའི་མགོ་ལ་འདོགས་ཅིང་། དེ་མཚམས་སྐྱེས་པ་བསོད་ནམས་ཅན་ཞིག་གི་རྟེན་འབྲེལ་གྱི་གཡུ་བཤད་རྒྱག་དགོས། འདི་ནི་རིན་ཆེན་ཀུན་གྱི་ཐོག་མ་དང་གཏམ་བཤད་ཀུན་གྱི་ཐོག་མ། ཨ་མས་མ་སྐྱེས་ཨ་མ་གཞན་ཞིག་ལ་གནང་བའི་ཚེ་གང་པོའི་རྟེན་འབྲེལ་དང་སྨོན་ལམ་གྱི་ཐོག་མའང་ཡིན། གཡུ་འདི་ནི་ལྷ་ཡིས་གནང་བ་ཞིག་ཡིན་པས་བཀའ་དྲིན་ཅན་གྱི་ཨ་མའི་ཚབ་ཏུ་འགྲོ་བ། ཚེ་གང་ལ་ཕྱི་ནང་གཉིས་ཀྱི་གཡང་དང་མ་བྲལ་བར་ཡུན་རིང་དུ་བརྟན་རིགས་པ། དེ་མིན་གཡུ་ཡི་མཆོད་པ་དང་ཆོ་ག རྒྱུན་དུ་གཉེར་བའི་སྤུར་རྒྱལ་བོད་ཀྱི་བཙན་པོ་ཚང་མ་ཕལ་ཆེར་གཡུ་ལ་མོས་མཁན་ཤ་སྟག་ཡིན། དུས་རབས་དྲུག་པའི་ནང་རྒྱལ་པོ་ཆེན་པོ་སྲོང་བཙན་གྱི་མགུལ་གཡུ་མོན་མོ་ཐིགས་པ་དང་སྒྲོལ་མ་རང་བྱུང་གཉིས་ལྟ་བུ། ཡང་ན་ཞང་ཞུང་བྱུ་རུ་ཅན་གྱི་རྒྱལ་བོ་མངའ་འོག་ཏུ་བསྡུ་བ་ལ་བཙན་པོ་ཉིད་ཀྱི་སྐུ་ལྕམ་ནས་མ་ཕམ་གཡུ་མཚོའི་འགྲམ་ནས་གཡུ་ཡི་ཕྲེང་བ་བསྐུར་བའི་བརྡ་བྱེད་པ་བཅས། ཡང་ན་དཔའ་དུ་ཐོན་པའི་ཞི་དྲག་བློན་པོ་དག་ལ་གསེར་གཡུ་ཟངས་ལྕགས་ཀྱི་བྱང་བུ་གནང་བའི་ཐོབ་ཐང་རྩེ་མོ་དེ་གཡུ་ཡི་གཡུང་དྲུང་ཡིན་ཞིང་། རྗེས་སོར་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མགུལ་གཡུ་ཤ་བ་སྐྱ་རེངས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མགུལ་གཡུ་རྡོ་རྗེ་ཕུར་པ། འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་གནང་མྱངས་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྡེ་བརྒྱད་ཀྱི་རྨས་སྐྱོན་བྱུང་བ་དེ་ཚོ་བཅོས་མཛད་ཅིང་། སྐྱེས་སུ་བུད་མེད་ཀྱི་ཕུང་བོ་གཡུ་ཡིས་སྤྲས་པ་ཞིག་ཆུ་ཐོག་ནས་ཕུལ་བས་སྨན་རྗེས་ཐོག་སྟེང་དུ་གཡུ་སྐམ་པ་གྲགས་པས་གཡུ་ཐོག་པ་ཞེས་མཚན་གསོལ་བ་སོགས། མི་བོ་ཆེ་དག་གིས་གཡུ་ལ་དོ་སྣང་དང་མཐོང་ཆེན་ཚད་མེད་གནང་བས་གཡུ་དང་རང་ཉིད་ཀྱི་བླ་སྲོག་གཉིས་དབྱེར་མེད་དུ་བདག་སྐྱོང་བྱེད། མ་ཟད་མགུལ་གཡུ་ལ་མཚན་མིང་དཀྲོལ་བ་སོགས་བྱེད་ཅིང་། དེ་ཡང་མཚུར་ཕུ་དགོན་དུ་བཞུགས་པ་གྲགས་པའི་གཡུ་མིང་ཆེན་བཅུ་གསུམ་ལྟར་ན་གཡུ་ལྷ་ལྕམ་རང་བྱོན། གཡུ་སྦྲུལ་མགོ་མ། གཡུ་གནམ་སྔོན་ཞུན་ཐིགས། གཡུ་སེངྒེ་ཞོ་སྤུངས་སོགས་བྱིན་བརླབས་ཆེ་ལ་བསོད་ནམས་ལྡན། བསྟན་པ་ཕྱི་དར་གྱི་དུས་རབས་བཅུ་པ་དང་བཅུ་གཅིག་ཏུ་འཛམ་གླིང་སེང་ཆེན་རྒྱལ་པོའི་ཁ་ཆེ་གཡུ་རྫོང་ལྟ་བུ། སྔོན་པོ་གཡུ་རྭ་གཡུ་སྣ་ཅན། །གཡུ་རྭ་གཡུ་སྣ་སྤུངས་སེ་སྤུངས། །གཡུ་ཡི་ཁྲ་ཆུང་ཉིལ་ལི་ལི། །གཡུ་ཡི་རྔ་མ་ཤང་སེ་ཤང་། །དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ། །གཡུ་ལྷ་དཔོན་གྱི་སྐུ་རྒྱན་ཡིན། །ཞེས་སོགས་གསུངས། ཡང་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་དུ་གཡུ་ཡི་སྐོར་ཆེས་མང་པོ་ཡོད་ལ། ཐ་ན་བུ་མོ་དེས་གཡུ་རྡོག་པོ་ཞིག་གི་དོན་དུ་རྗེ་བཙུན་ལ་དུག་ཕུལ་བ་སོགས་བྱུང་ཡོད། གངས་ཅན་པ་དག་ལོ་རབས་ནས་ལོ་རབས་བརྒྱུད་པའི་གཡུ་ལ་ངོས་འཛིན་དང་དགའ་ཞེན་དཔག་མེད་གནང་བཞིན། དུས་རབས་བཅུ་བཞི་པའི་ནང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཡུམ་བདག་མེད་མའི་བླ་གཡུ་བྱིན་ཁ་ཚ་བ་དེ་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུའི་ཅོད་པན་དཀྱིལ་དུ་ཕྲ་ཚོམ་ལ་འབུལ་ཡོད། དེ་དུས་སྡེ་བ་རིན་སྤུངས་པས་བཙན་པོའི་དུས་ཀྱིས་རྒྱན་གོས་ཞིག་གསོལ་བ་དང་རྗེས་དྲན་གྱིས་ཚུལ་དུ་རིན་ཆེན་རྒྱན་ཆ་སྤྲས་པའི་སྲོལ་འཛུགས་ཡོད་ཅིང་། རྒྱན་ཆ་དེའི་ནང་རིན་ཆེན་གཡུ་རྡོ་འདི་ཆེས་མང་བ་སྤྱད་ཡོད། དབུ་ལ་གཙུག་གཡུ་དང་། རྣ་ཅོག་ལ་རྣ་གཡུ། གཡུ་ཡི་ནོར་བུ་མེ་འབར། རྣ་བརྐྱངས་ཞེས་པ་བོད་གཡུ་ལེབ་མོ་འཕྲེང་བསྒྲིགས་རིང་བ། སྤ་ཕྲུག་ཟུར་གསུམ་ལ་གཙུག་གཡུ་རིན་པོ་ཆེ་གཙོས་གཡུ་ཆེ་ཆུང་ཅི་མང་བཙུགས་ཡོད། དེ་རྗེས་དུས་རབས་བཅུ་དྲུག་དང་བཅུ་བདུན་པའིི་སྐབས་སུ་བླ་མ་ཀློང་བརྡོལ་ནས་རིན་ཆེན་བརྟག་ཐབས་མཛད་དུས་རིན་ཆེན་གཡུ་རྡོ་ལའང་དམིགས་སུ་གསལ་བཤད་ཅིག་ཀྱང་གནང་ཡོད། ཡིན་ནའང་། དུས་རབས་བཅུ་བདུན་པའི་མགོ་ཙམ་ནས་བོད་མིས་གཡུ་ཡི་རིན་ཐང་གི་འདུ་ཤེས་དེ་ཇེ་ཆུང་ནས་ཇེ་རིང་དུ་བཏང་ནས་ཕལ་ཆེར་གསོ་བ་རིག་པའི་སྤྱད་སྒོ་ཙམ་དང་། ནམ་རྒྱུན་འཚོ་བའི་ཁ་ཁུར་དུ་ངག་ཐོག་གི་གཡུ་བཤད་པ་དང་ངོས་འཛིན་ཕྲན་བུ་ལས་དོན་དངོས་གཡུ་ཡི་རིན་ཐང་དེ་བརླག་ཟིན། འདི་ནི་དུས་རབས་བཅོ་བརྒྱད་མཇུག་ཏུ་འཛམ་གླིང་ཡོངས་སུ་མུ་ཏིག་གི་རིན་ཐང་ཤོར་པ་དང་འདྲ་མཚུངས་ཡོད་ཀྱང་བོད་ཡུལ་དུ་གཡུ་ཡི་འདས་གྲངས་སྐོར་དེ་ཅུང་མ་འདྲ་བའི་བཤད་པ་ཡོད། འདི་རྒྱས་པར་མ་སྤྲོས། དིལ་དམར་དགེ་བཤེས་ཀྱིས་ཤེལ་གོང་ཤེལ་ཕྲེང་ལས་གཡུ་ཡི་སྐོར་སྨན་དཔྱད་ཀྱིས་གཙོས་པའི་ངོ་སྤྲོད་ཅུང་གནང་བས། གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད། ཡང་ན་རབ་གསལ་ཤེལ་གྱི་མེ་ལོང་སོགས་གསོ་རིག་གི་གཞུང་ལས་གཡུ་ཡི་རིགས་དང་ནུས་པ་ལ་ངོས་འཛིན་བགྱིད་ཡོད། དེང་སང་བོད་ཡུལ་ནས་འདོན་པའི་བོད་གཡུ་དང་རྒྱ་གར་དང་ཁ་ཆེ་ནས་ཡོད་ཚད་ལ་གཡུ་རྙིང་ཞེས་རྩིས་ཆེར་འཛིན། གཞན་པ་རྒྱ་ནག་དང་ཨ་རི་ནས་ཡོང་བའི་གཡུ་ལ་གཡུ་སར་ཞེས། མང་པོ་ཞིག་ནི་གཡའ་རྩི་བྱུགས་པའི་གཡུ་རྫ་དང་གཡུ་རོ། ཡང་ན་གཡུ་ཕྱེད་རྫུན་ཁོ་ནའོ། །
གཡུ་ཡི་མགོ་རྒྱན།
གསུམ་པ། གཡུ་ཡི་རིགས།གཡུ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་པོ་ཞེས། མི་ལ་རྡོ་ཡི་རྒྱལ་པོ་དང་བི་རཱ་ཛ། དབྱིན་ཇིའི་སྐད་དུ་དུ་རུ་ཀའི་རྡོ་ཞེས་པ་ལ་འཇུག ཐོན་ཁུངས་གཙོ་བོ་བོད་ཡུལ་དང་ཏ་ཟིག རྒྱ་དཀར་ནག ཨོ་རྒྱན། ལི་ཡུལ། ཨེ་ཇིན། ཨ་མེ་རི་ཁ་སོགས་ཡིན། ཐོན་ཡུལ་དེ་དག་ནས་ཐོན་པའི་གཡུ་ལ་སྤུས་ཀ་དང་མདོག་མི་འདྲ་བ། ནུས་པ་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་ལྡན། གཡུ་ཡི་གྲུབ་ཆ་ནི་མུ་ཟི་དང་། ཧ་ཡང་། ཟངས། ལྕགས་སོགས་རྡོ་ཡི་གཡའ་དྲེགས་ལས་ཆགས་པས། དེ་འདྲའི་གྲུབ་ཆ་མ་གཅིག་པའི་རྐྱེན་གྱིས་གཡུ་མདོག་དང་གཡུ་རིས་ལ་མི་འདྲ་བའི་ཁྱད་པར་ཐོན། ཀློང་རྡོལ་བླ་མའི་རིན་ཆེན་བརྟག་ཐབས་སུ། གཡུ་ཆུང་གྲུ་དཀར་བར་གཡུ་དང་། མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །སུལ་མེད་དྲེག་མེད་གྲུ་དཀར་གྲུ་དམར་གཉིས། །ཟིལ་གནོན་གཡུ་ཆུང་ནོར་བུ་སྤུག་ཞེས་གྲགས། །སུལ་མང་དྲེག་ལྡན་གཡུ་སྤྱང་མདོག་འདྲ་ཡང་། །རིན་ཐང་ཆུང་ཞིང་གྲུ་དཀར་གྲུ་དམར་ཟེར། །འབྱུང་ཁུངས་གངས་ཅན་བོད་ཀྱི་བྲག་མ་གཏོགས། །འཛམ་གླིང་ཡུལ་གྲུ་ཀུན་ལས་མི་འབྱུང་བཤད། །འབྲིང་དང་ངན་པ་ཡུལ་གྲུ་ཀུན་ནས་ཐོན། །ཞེས་གསུངས། །ཤེལ་གོང་ཤེལ་ཕྲེང་ལས་གསུངས་པ་ལྟར་ན། གཡུ་ལ་རིགས་བཞི་སྟེ། བསྨཾ་གི་དང་། མ་ཡཱུ་རཾ་གཾ་དང་། ཀ་གྷཾ་གི་དང་། བྷྲུཾ་གིའོ། །བསྨཾ་གི་ནི་མདོག་སྔོ་ལ་དཀར་ཤས་ཆེ་ལ་འོད་ཟེར་དང་བཅས། མ་ཡཱུ་རཾ་གཾ་ནི་རྨ་བྱའི་སྒྲོ་ལ་རྡུལ་གྱིས་ཅུང་ཟད་འགོས་པ་འདྲ་བ། ཀ་གྷཾ་གི་ནི་སྔོ་ནག་གི་མདོག་ཅན། བྷྲུཾ་གི་ནི་མདོག་སྔོ་ནག་སེར་ཁ་དང་བཅས་པའོ། །འདི་རྒྱ་གར་གྱི་དབྱེ་བ་འབྱེད་སྟངས་རིན་གོང་མཐོ་ནས་དམའ་བ། བོད་ཀྱི་གཡུ་ལ་ངོས་འཛིན་སྟངས་དེ་གཡུ་རྙིང་གསུམ། བར་གཡུ་གཉིས། གཡུ་སར་གསུམ་དང་བརྒྱད་དུ་དབྱེ་བ་ཡིན། གཡུ་རྙིང་གསུམ་ནི། སྔོ་ཞིང་དཀར་ལ་བཀྲག་མདངས་ཆེ་ལ་མུན་པར་ཡང་མཐོང་བ་དེ་ལ་དྲུག་དཀར་དང། སྔོ་ཞིང་དམར་མདངས་ཆེ་ལ་སྣུམ་པ་དྲུག་དམར། དེ་གཉིས་ཟིལ་གྱིས་གནོན་པ་དྲུག་དཀར་ལས་ཅུང་སྔོ་བ་ལ་གཡུ་སྤྱང་ཟེར། བར་གཡུ་གཉིས་ནི། དྲུག་དཀར་འདྲ་ལ་དེ་ལས་བཀྲག་ཆུང་ཞིང་འོ་ཁ་ཅན་གཡུ་སྔོན། དྲུག་དམར་ལས་ཅུང་གསར་ལ་མདངས་ཞན་པ་བར་དམར། གཡུ་གསར་ནི་རིགས་དབྱིབས་མ་ངེས་པ་གསར་ཉམས་ཅན་ནི་རྒྱ་གཡུ་སྟེ་གཡུ་བའུ་ཡང་ཟེར། ཤིན་ཏུ་གསར་པ་སྔོན་ནེ་འདྲ་ལ་རྡོ་སྲ་མཁྲེགས་དཀར་གོང་འདྲ་བ་དབྱར་བའི་འབྲུམ་པ་ཅན་གཡུ་གཡུ་རོ། ཁ་དོག་ཞན་པ་སེར་ཁ་དབྱིབས་གསར་རྙིང་མ་ངེས་པ་ལ་དྲུག་སེ་ཞེས་ངན་པའོ། །ཡང་ན་གཡུ་གྲུ་དཀར་དང་གྲུ་དམར། གྲུ་ནག མར་གཡུ་སོགས་བཤད་སྟངས་གང་མང་ཡོད་འདུག ཡིན་ན་ཡང་། འདི་དག་དེ་གནའ་རབས་བོད་ཡུལ་གྱི་གཡུ་ལ་བལྟོས་པའི་བཤད་རྒྱུན་ཙམ། ཞིབ་ཏུ་དཔྱད་ན་གཡུ་རྡོ་ལ་ཟངས་ཀྱི་རིགས་འདྲེས་ན་གཡུ་དེ་གནམ་མདོག་ཅན། ལྕགས་ཀྱི་རིགས་འདྲེས་ན་ལྗང་མདོག་ཅན། ཧ་ཡང་རིགས་འདྲེས་པ་གཡུ་མདོག་དཀར་ཙམ། ར་གན་འདྲེས་ན་མར་གཡུ་སེར་མདོག་ཅན། དེ་མིན་གཡུ་རོ་དང་གཡུ་རྫུན་མ་ཅན། གཡུ་འདི་རིགས་ཀྱི་ནང་གསེས་ཅན་གནམ་མདོག་ལ་རབ་འབྲིང་ཐ་གསུམ་དང་ལྗང་མདོག་ཅན་ལའང་རབ་འབྲིང་ཐ་གསུམ། དཀར་ཤས་ཅན་ལ་རབ་འབྲིང་ཐ་ཡི་སྤུས་ཀ་བཟང་ངན་གྱི་ཁྱད་པར་ལས་སྤྱིར་རིགས་བཞི་ཙམ་ལ་དབྱེ་ཆོག བོད་པས་གཡུ་དམར་བཙན་གྱི་གདོང་ཞེས་འབོད་པ་དེ་དམར་ཤས་ཆེ་བའི་གཡུ་གྲུ་དམར་ཡིན། དངོས་གནས་བཤད་ན་གཡུ་འདི་བཞིན་དེ་ཤིན་ཏུ་དཀོན་པ་ཞིག་ཡིན། སྔར་རྒྱ་ནག་གི་ལོ་རྒྱུས་ཐོག་གཡུ་གྲུ་དམར་དམར་རྐྱང་གི་འཁོར་ས་ཞིག་ཡོད་མྱོང་འདུག རྒྱ་ནག་པས་ཀྱང་གཡུ་ལ་རིགས་བཞི་ཙམ་ཕྱེས་ཡོད། དེང་སང་གི་ཚོང་རའི་ཐོག་རྒྱུ་གཡུ་དང་ཨ་མེ་རི་ཀའི་གཡུ་སྔོན་གནམ་མདོག་ཅན་བོད་པས་གཡུ་སྤྱང་ཞེས་པ་དེ་མང་། དེ་ལས་གཡུ་ཕྱེ་དང་དབྱར་རྩི་ཅན་གྱི་གཡུ་དེ་བས་མང་འདུག གཏེར་རྡོ་དངོས་མའི་གཡུ་དེ་ཉུང་། ཡིན་ན་ཡང་། བརྒྱན་ཆ་ཁོ་ན་ལ་མགུལ་བའི་འདུ་ཤེས་སུ་འདི་ལྟར་ཆོག་འདུག གཡུ་ཡི་དབྱིབས་ལ་རྣམ་པ་སྣ་ཚོགས་ཤིག་ཡོད། རིལ་རིལ་དང་ལེབ་མོ་ཅན། ནར་མ་ཅན་དང་། བཟོ་བཀོད་མ་རྒྱག་པའི་འབྲུམ་བུ་ཅན་དང་རང་བྱུང་གི་དབྱིབས་གཟུགས་མ་བཅོས་པའི་གང་དགར་ཅན། ཡང་ན་གཡུ་ནས་བཟོ་སྟངས་སྣ་ཚོགས་ཅན་གྱི་ཡོ་བྱད་དང་མཆོད་རྫས་གང་བྱུང་། རྒྱུ་ནི་སྲ་མཁྲེགས་ཅན་རིན་པོ་ཆེ་རྡོ་རིགས་ཀྱི་ཁྱད་ཆོས་ལྡན། སྐབས་འགར་ཅུང་སྙི་བ་ཅན་ཡང་ཡོད། མ་གཞི་མཁྲེགས་ཚད་ལ་ཨང་གྲངས་ལྔའོ། །
བཞི་པ། ངོ་མཚར་བའི་བོད་གཡུ།
གངས་ཅན་བོད་མིས་གཡུ་ལ་དགའ་བསུ་བྱེད་པའི་སྤྲོ་ཤུགས་དེ་འཛམ་གླིང་ཀུན་ཏུ་ཨང་དང་པོ་ཡིན། དེར་བརྟེན་བགྲང་བྱ་སྟོང་ཕྲག་བརྒལ་བའི་བརྒྱུད་རིམ་དུ་བོད་ཡུལ་འདི་གཡུ་ཡི་ཚོང་རའམ་གཡུ་རྡོ་འགྲིམ་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་ཆགས་ཡོད། དེས་ན་རིན་ཆེན་གཡུ་ཡི་བཤད་པ་དང་གཡུ་ཡི་ཞིབ་གཤེར་དེ་བོད་རིགས་འདི་མི་རིགས་གཞན་ལས་སྔོན་ བགྲང་བྱ་སྟོང་བརྒལ་བའི་བརྒྱུད་རིམ་དུ་བོད་ཡུལ་འདི་གཡུ་ཡི་ཚང་རའམ་གཡུ་རྡོ་འགྲམ་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་ཆགས་ཡོད། དེས་ན་རིན་ཆེན་གཡུ་ཡི་བཤད་པ་དང་གཡུ་ཡི་ཞིབ་གཤེར་དེ་བོད་རིགས་འདི་མི་རིགས་གཞན་ལས་སྔོན་དུ་སླེབས་པ་དང་འཛམ་བུ་གླིང་ན་མཆོག་ཅེས་སྨྲ་རུང་། འདི་ནི་མཚོ་མ་དྲོས་དང་བྲག་རི་ལས་འཐོན་པ་མ་ཡིན་པར་སྲོག་ཆགས་སྲེ་མོང་ནས་དྲིན་ལན་གྱིས་ཚུལ་དུ་བོད་ཡུལ་ན་འཇོག་པའི་གཡུ་ངོ་མཚར་བ་དེ་ཡིན། དེ་ནི་འཛམ་བུ་གླིང་གཏེར་རྡོའི་གཡུ་ཡོད་ཚད་དང་མ་གཅིག་པར་སྲོག་ཆགས་ཀྱི་ལུས་ཕུང་བརྒྱུད་དེ་རྟག་པའི་ཚུལ་དུ་འཇོག་པའི་གཡུ་རྩ་ཆེན་དེ་ཡིན། དེ་ནི་བོད་མིའི་གཡུ་ཡི་ཆེས་མཆོག་ནོར་བུ་དངོས་ཀྱི་འདུ་ཤེས་ཡོད། བོད་ཀྱི་ཡུལ་ལུང་ཁག་ཏུ་ནམ་རྒྱུན་སྲོག་ཆགས་སྲེ་མོང་ཁྱིམ་ནང་མགྲོན་དུ་མཛུལ་ཡོང་གིས་ཡོད། དེ་དུས་ཁྱིམ་བདག་ཨ་མ་འགས་སྲེ་མོང་ལ་འོ་མ་སྟེར་བཞིན་ཡོད། ལོ་མང་པོའི་རྗེས་སུ་སྲེ་མོང་ནས་དྲིན་ལན་གྱི་ཚུལ་དུ་ཁྱིམ་དེར་རིན་ཆེན་གཡུ་རྡོ་ཆུང་ངུ་འགའ་ཞིག་བཏང་ཡོད། གཡུ་དེ་དག་ནི་རིན་པོ་ཆེ་དྭངས་མ་ཡིན་ཞིང་། གལ་ཏེ་ཁྱིམ་བདག་འགས་སྲེ་མོང་ལ་གནོད་པ་བྱེད་ན་སྲོག་ཆགས་དེས་ཁྱིམ་ཚང་དེར་དུག་བཏང་སྟེ་གནོད་ལན་བྱེད་དོ། །དེ་སྔར་བཤད་ལུང་འདི་ལ་བདེན་ཁ་བཟུང་མེད་རུང། རྗེས་སོར་སྲེ་མོང་གི་རིན་པོ་ཆེ་གཡུ་དངོས་སུ་ཡོད་མཁན་དང་མཐོང་མྱོང་མཁན་དང་སྐད་ཆ་འདྲི་མཁན་རྣམས་ལ་འདི་ལྟར་བཤད་པས་ཡིད་ཆེས་བྱུང་ངོ་། །
གཡུ་བྱུར་གྱིས་བརྒྱན་པའི་ཁམས་པའི་མཛེས་མ།