བོད་ཀྱི་གནས་ཆེན་ཤར་རྒྱལ་མོ་དམུ་རྡོ།

དབང་ཆེན་གྱིས་བསྡུས། རྟའུ་འགྱུར་མེད་ཀྱིས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-17


ཤར་རྒྱལ་མོ་དམུ་རྡོ།

   གངས་ཅན་བོད་ཀྱི་གནས་ཆེན་ཤར་རྒྱལ་མོ་དམུ་རྡོ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་མངའ་ཁོངས་ཤར་ཕྱོགས་སྤྱི་ལེ་བདུན་བརྒྱད་ཀྱི་ས་མཚམས་སུ་ཡོད་ལ་གནས་རི་འདི་ནི་བོད་གདོད་མའི་དུས་སུ་སྐུ་བླ་ཆེན་པོ་ཞེས་མཆོད་བསྟོད་བྱེད་ཡུལ་གྱི་རང་བྱུང་གནས་ཆེན་ཞིག་ཡིན། འདི་ལ་བོན་ལུགས་དང་བན་ལུགས་གཉིས་ཀྱིས་རང་རང་གི་དཀར་ཕྱོགས་ཀྱི་ཡུལ་ལྷ་ཞིག་ངོས་འཛིན་ལུགས་ཀྱི་གནས་བཤད་དང་། ཆོས་སྐོར་དང་བོན་སྐོར་སོགས་གནས་མཇལ་བྱེད་སྟངས་ཡོད།

   ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་མཐའ་མཚམས་སྲུང་བའི་རྒྱལ་པོ་མདོ་གཞེར་ནག་པོའི་ཟོ་དོར་ཆེན་པོ་ཞིག་ཡིན་པར་གྲགས། དུས་སྐབས་དེར་བོད་ཀྱི་མཁས་གྲུབ་ཆེན་པོ་ལོ་ཆེན་བེ་རོ་ཙཱ་ན་མཆོག་གིས་ནང་ཆོས་བསྒྱུར་སྤེལ་མཛད་པ་ལ་བར་ཆད་དུ་མ་ཞིག་དང་། ལྷག་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མས་མ་ཉེས་ཁ་གཡོག་སྣ་ཚོགས་བརྗོད་པའི་རྐྱེན་བྱས་ཏེ་མཐར་སྤྱུགས་མཛད་ཡུལ་གྱི་གནས་ཡིན་པ་དང༌། ལོ་ཙཱ་བ་ཆེན་པོས་གནས་འདིར་ནང་བསྟན་དར་སྤེལ་དང་ཁོང་གིས་བུ་སློབ་ཤར་རྒྱལ་རོང་བ་གཡུ་སྒྲ་སྙིང་པོ་སོགས་གསོ་སྐྱོང་མཛད་པའི་ཞོར་དུ་ཁོང་ཉིད་ཀྱིས་ནང་པ་སངས་རྒྱས་པའི་ལམ་གྱི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཉེ་ལམ་མངོན་དུ་བྱེད་ཡུལ་གྱི་སྒྲུབ་གནས་ཕུན་སུམ་ཚོགས་པར་བསྒྱུར་ཚུལ་གྱི་ལོ་རྒྱུས་བཞུགས་པའི་གནས་དེ་ཡིན་པ་དང༌། སློབ་དཔོན་གྱིས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ས་སྤྱོད་ཀྱི་གནས་རི་ཞིག་གི་ལོ་རྒྱུས་དང་ལྡན་པ་ཞིག་ཡིན།
   གནས་རི་འདི་རང་བྱུང་གི་བྲག་རི་ནགས་ཚལ་གྱིས་བརྒྱན་ཞིང་རྙེད་དཀའ་བའི་སྨན་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་གཏེར་མཛོད་ཅིག་དང༌། རང་བྱུང་ཤེལ་རིགས་མཐོང་མ་མྱོང་བའི་ཐོན་རྫས་ངོ་མཚར་བ་མང་པོ་མངོན་གསུམ་ཐ་མལ་བའི་སྤྱོད་ཡུལ་གང་འདོད་དུ་ཡོད་པའི་གནས་རི་ཞིག་རེད་འདུག གནས་འདི་ལ་མཐའ་སྐོར་དང་ནང་སྐོར་བྱེད་པའི་ལམ་བུ་གཉིས་སུ་མཆིས་པ་ལས། ནང་སྐོར་གནས་རི་ལ་ཉེ་བཏུད་ཀྱིས་རི་ངོས་སུ་འཛེགས་ན། གནས་མདུན་ཐལ་སྦྱར་བྲག་རིའི་གཡོན་ལུང་ཕྱོགས་ནས་འགྲོ་དགོས་ལ། ལམ་ནས་ངག་རྒྱུན་ལྟར་ན་གཡུ་སྒྲ་སྙིང་པོ་འཁྲུངས་གནས་ཀྱི་གྲོང་སྡེ་དང་གནའ་བོའི་ལུགས་ཀྱི་སོ་ཁང་རྡོ་རིང་སོགས་མཐོང་ཐུབ། དེ་ནས་ཕུག་ཏུ་སོང་ན་བེེ་རོའི་བསམ་གཏན་ཕུག་པ་དང༌། སྒོ་མདུན་ཕྱོགས་སུ་ཉི་མ་ཕུག་དང་ཟླ་བ་ཕུག་སོགས་སྒྲུབ་ཕུག་བྱིན་རླབས་ཅན་དག་མཇལ་རྒྱུ་འདུག དེ་ནས་གྲོག་རོང་གི་གནས་འཇིགས་སུ་རུང་བ་བརྒྱུད་དེ་ཕུག་ཏུ་སོང་ན་གཡུ་སྒྲ་ཕུག་ཅེས་ཕུག་པ་ཞིག་ཡོད་པ་དང་། དེ་ནས་གཡས་ཕྱོགས་སུ་གྲོག་རོང་གི་རྐང་ལམ་དེད་དེ་ཕྱིན་ན་ལམ་དུ་བེེ་རོའི་ཕྱག་མཁར་གྱིས་གྲུབ་རྟགས་གནང་ཤུལ་དང༌། གནས་བདག་གི་ཆིབས་པ་འདོགས་གནས་སུ་གྲགས་པའི་རྡོ་མཇལ་རྒྱུ་འདུག དེ་ནས་གཡོན་ལུང་དུ་ཐོན་ན་ནོར་བུ་ཕུག་ཅེས་བྲག་ངོས་ན་རྡོ་དཀར་གྱིས་གྲུབ་པའི་ནོར་བུ་ཡིད་དུ་འོང་བ་མཇལ་རྒྱུ་འདུག དེ་ན་བེེ་རོའི་ཕུག་པ་སོགས་རང་བྱུང་གི་སྒྲུབ་ཕུག་མང་དུ་ཡོད་པའི་གནས་དེ་ན་ཚེ་དང་སྒྲུབ་པ་མཉམ་པའི་བསམ་གཏན་པ་མང་པོ་ཞིག་ཡོད་སྐད། ད་དུང་གནས་དེ་ན་གུ་རུ་སིདྡྷིའི་རང་སྒྲ་ཅན་དུ་གྲགས་པའི་ཆུ་གཏེར་དང༌། སློབ་དཔོན་བེེ་རོ་སྐུ་དངོས་ཀྱིས་བཞེངས་པར་གྲགས་པའི་མཆོད་རྟེན་སོགས་མཇལ་ཡུལ་མང་པོ་བཞུགས། དེ་ནས་ལུང་ཕུག་ནས་ལ་བརྒལ་ན་རྡོ་རྗེ་ཕུར་བའི་མཆོད་རྟེན་རང་བྱོན་དུ་གྲགས་པ་ཞིག་མཇལ་རྒྱུ་ཡོད། དེ་ནས་ཐུར་ལུང་ཁོག་ཏུ་གྲོག་ལམ་བརྒྱུད་དེ་བབས་ན་གནས་ཀྱི་སྒོ་སྲུང་དམ་ཅན་གྱི་ཕུག་དང་དམ་ཅན་གནས་པའི་བྲག་རྡོ་ཆེན་པོ་ངོ་མཚར་བ་མཇལ་རྒྱུ་ཡོད།
   གནས་དེ་ན་སློབ་དཔོན་བེེ་རོས་བྲག་ལ་ཞབས་རྗེས་སོགས་པའི་གནས་ཀྱི་ཕྱི་ནང་གསང་གསུམ་དུ་གང་ཟག་དབང་བོ་རབ་འབྲིང་ཐ་གསུམ་རང་རང་གི་སྤྱོད་ཡུལ་དུ་གནས་སྣང་འགྱུར་བ་དང༌། མཐོང་སྣང་འདྲ་མིན་བསམ་ཡུལ་ལས་འདས་པ་ཡོད་ཚུལ་སོགས་ལོ་རྒྱུས་སོགས་གནས་དེ་ན་སྒྲུབ་པ་ལ་བརྩོན་པ་དག་གི་ཞལ་ལས་ཐོས་པ་ཡིན། རྔམ་བརྗིད་ཀྱི་གནས་འདི་ལ་སོན་ན་ཁམས་དྭངས་ཤིང་ཉོན་མོངས་པའི་རྣམ་རྟོག་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་ཡོན་ཏན་མངོན་གསལ་དུ་ཡོད་པ་དང་། གནས་རི་མཐོ་སའི་མདུན་ཕྱོགས་སུ་རྒྱལ་རོང་སྐུ་བླ་སོགས་གནས་རི་དེའི་ཕྱོགས་སོ་སོ་མཐོ་ལ་ཁྱད་མཚར་ཆེ་བའི་རི་ཀླུང་མང་པོ་མཐོང་རྒྱུ་ཡོད་པ་སོགས་སེམས་ཤིན་ཏུ་སྤྲོ་བའི་གནས་ཤིག་གོ། །

   ད་དུང་གནས་འདི་ན་བེེ་རོ་ཙ་ནའི་ཕྱག་མཁར་གྱིས་ཕུག་པའི་བྲག་རྡོ་སོགས་ངོ་མཚར་བའི་ལྟད་མོ་དུ་མ་དང་། གནས་འདབས་ཀྱི་བོད་མི་ཚོས་སེམས་གཤིས་སུ་ཆགས་པའི་ཆོས་ལུགས་ལ་འཛིན་པའི་དད་འདུན་སོགས་ཡུལ་སྲོལ་གོམས་གཤིས་དང་གནའ་རྫས་བཅའ་དངོས་རྙིང་པ་དུ་མའི་ཐད་ནས་བོད་གནའ་བོའི་དུས་ཀྱི་ལོ་རྒྱུས་དང་བན་བོན་ཆོས་ལུགས་གཉིས་ཀྱི་ཆོ་ག་སྤེལ་ཚུལ་གྱི་འཕོ་འགྱུར་སོགས་མང་པོ་ཞིག་ལ་བོད་གདོད་མའི་དུས་ཀྱི་གོམས་གཤིས་ད་དུང་མ་ཉམས་པར་གནས། དེ་ལས་ཀྱང་མཁར་ཁང་དག་གི་བཟོ་བཀོད་ནི་བོད་རང་གི་གདོད་མའི་དུས་ཀྱི་ཁྱད་ཆོས་ལོས་ཡིན་སྙམ་པའི་རིན་ཐང་ལྡན། ཁོ་ཚོ་ལ་རྡོ་བཟོའི་ལས་རིཊ་ཀྱི་ཐད་ནས་ཅུང་བྱང་ཆ་ཡོད་པའི་རྟགས་ཡོད་ཅིང་། དེས་ཀྱང་བོད་ཀྱི་ལག་ཤེས་སྒྱུ་རྩལ་གྱི་དྭངས་མ་ཞིག་ཏུ་ངེས་སོ། །  


གནས་ཆེན་དམུ་རྡོའི་རི་འདབས་ཀྱི་མཁར་རྫོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1