ཐུ་མི་སམ་བྷོ་ཊ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཐོག་མར་རྩོམ་པ་པོ་ཐུ་མི་སམ་བྷོ་ཊ་ནི། སྤྱི་ལོ་618པ་ས་སྟག་ལོར་བོད་ཡུལ་གཡོར་པོ་ཡུལ་དགུའི་ནང་ཚན་གཉལ་གྱི་གྲོང་དུ་བློན་ཆེན་པོ་ཐུ་མི་ཨ་ནུའི་སྲས་སུ་འཁྲུངས། ཆུང་དུས་ནས་བློ་རིག་བཀྲ་བས་སློབ་གཉེར་ལ་མཁས་པར་ཆགས། དགུང་ལོ་བཅུ་དྲུག་པ་སྤྱི་ལོ་663ཆུ་སྦྲུལ་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུ་མི་སམ་བྷོ་ཊ་གཙོས་པའི་བློ་རིག་བཀྲ་བའི་གཞོན་ནུ་བཅུ་དྲུག་རྒྱ་གར་ལ་སློབ་སྦྱོང་དུ་མངགས། ལ་ལ་ལམ་དུ་དཀའ་ངལ་མ་བཟོད་པར་ཕྱིར་ལོག འགའ་ཞིག་རྒྱ་གར་དུ་སླེབས་ཀྱང་ཚད་པའི་ནད་ཀྱིས་འཆི། ཐུ་མི་སམ་བྷོ་ཊ་ཉིད་རྒྱ་གར་དུ་ལོ་ངོ་བདུན་བཞུགས་ནས་པཎྜི་ཏ་ལྷ་རིག་པའི་སེང་གེ་དང༌། བྲམ་ཟེ་ལི་བི་ཀ་ར་རྣམ་གཉིས་ལས་རྒྱ་གར་གྱི་སྐད་ཡིག་བསླབས། ཕལ་ཆེར་སྤྱི་ལོ་640པ་ལྕགས་བྱི་ལོ་ཙམ་ན་སྒྲ་རིག་པའི་རྒྱ་དཔེའི་གཞུང་རྣམས་དང༌། འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ནང་ཆོས་ཀྱི་རྒྱ་གཞུང་འགའ་ཞིག་ཁྱེར་ནས་ཕྱིར་བོད་དུ་ཕེབས། དེའི་ཕྱི་ལོར་ལྷ་སའི་སྐུ་མཁར་མ་རུ་ཞེས་བྱ་བ་ད་ལྟའི་ཕ་བོང་ཁ་འདིར་བཞུགས་གནས་བཅས་ཏེ་རྒྱ་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་པ་དང༌། བོད་ཀྱི་རྒྱལ་པོ་དང༌། བློན་ཆེན་འགའ་ཞིག་ལ་ལེགས་སྦྱར་གྱི་སྐད་ཡིག་སློབ་ཁྲིད་གནང་བར་གསལ། དེ་ནས་བཟུང་བོད་འདིར་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་རྣམས་བོད་ལ་དར་བའི་འགོ་ཚུགས། འོན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོ་འདས་རྗེས་ཀྱི་ཐུ་མི་སམ་བྷོ་ཊའི་མཛད་རྗེས་དང༌། བོད་ཀྱི་རྒྱལ་པོ་མང་སྲོང་མང་བཙན་གྱི་སྐབས་སུ་ཐུ་མིའི་མཛད་ཕྲིན་གང་དང༌། དུས་ནམ་ཙམ་ཞིག་ན་སྐུ་གཤེགས་པ་སོགས་ཀྱི་ལོ་རྒྱུས་ད་བར་མ་རྙེད།
ཐུ་མི་སམ་བྷོ་ཊ།
མགར་བློན་སྟོང་བཙན་ཡུལ་སྲུང་། སྔར་བོད་རྒྱལ་སྲོང་བཙན་པོ་སྒམ་པོ་དང་དགུང་མཉམ་ཙམ་སྐབས་ཀྱི་བློན་ཆེན་ཞིག་ཡིན་ཞིང་། སྤྱི་ལོ་634ལོར་ཐང་བོད་འབྲེལ་བའི་ཕོ་ཉ་གཙོ་བོ་དང་། དེ་ནས་ཐང་བོད་དམག་འཁྲུག་གི་རུ་འདྲེན་པ་གཙོ་བོ། སྤྱི་ལོ་640ལོར་བོད་ཀྱི་ཁྲིམས་བཅས་པའི་སྐབས་བོད་ཡུལ་དབུས་ཀྱི་ཁོད་དཔོན་དང་། སླར་ཐང་བོད་གཉེན་འབྲེལ་གྱི་ཀོང་ཇོ་བོད་དུ་གདན་དྲངས་མཁན་བཅས་ཀྱི་བློན་ཆེན་གཙོ་བོ་ཞིག་ཡིན། སྤྱི་ལོ་650ལོར་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་རྗེས། དབོན་སྲས་མང་སྲོང་མང་བཙན་གྱི་བློན་པོ་བྱས། སྤྱི་ལོ་659པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་སྐབས། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་བྱོན། དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས། བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ། སྤྱི་ལོ་662པ་ཆུ་ཁྱི་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས། སྤྱི་ལོ་667པ་མེ་ཡོས་ལོར་བཙན་པོ་འོར་མང་དུ་གཤེགས་ཏེ། བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱིས་འདས།
མགར་བློན་སྟོང་བཙན་ཡུལ་སྲུང་།
འབྲི་སེ་རི་གོང་ཐུན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཞིག་ཡིན། རྒྱ་བཟའ་ཀོང་ཇོ་བོད་དུ་དྲངས་པའི་སྐབས་མགར་སྟོང་བཙན་དང་མཉམ་དུ་ཡོད་ཅིང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟར་ན་འབྲི་སེ་རི་གུང་ཐུན་གྱིས་རྒྱ་བཟའ་གདན་དྲངས་ཏེ། བློན་པོ་མགར་རེ་ཞིག་རྒྱ་ཡུལ་དུ་བཞུགས་པར་བཤད་པ་ཙམ་ལས་ལོ་རྒྱུས་ཞིབ་ཆ་མ་རྙེད།
འབྲི་སེ་རི་གོང་ཐུན།
སྙགས་ཁྲི་བཟང་ཡང་སྟོན། (སྤྱི་ལོ་629-640 བར། ) སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་ཆེན་ཞིག འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་། འདི་ཉིད་ཀྱིས་མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། ཞེས་གསལ་བར་བློན་པོ་འདི་ཡིས་རི་མགོའི་ཁང་ཁྱིམ་རྣམས་ཀླུང་ཐང་དུ་ཕབ་ནས་གྲོང་སྡེ་བཅོས། སྐབས་དེ་དུས་བོད་འདིར་གྲོང་ཁྱེར་གྱི་རྣམ་པ་གསར་དུ་བྱུང་།
སྙགས་ཁྲི་བཟང་ཡང་སྟོན།
2.ནང་བློན་ནི། སྲོང་བཙན་སྒམ་པོའི་སྐུ་དུས་སུ་ནང་བློན་ཆེན་པོ་དྲུག་ཡོད་པ་ནི། འཕྲུལ་གྱི་སྣ་ཆེན་རིགས་བཟང༌། ཞང་པོ་རྒྱལ་གྱི་ཁྲོམ་བཟང༌། ཅོག་རོ་རིག་པའི་སྐད་བཟང༌། ལྷ་གཟིགས་ཤོག་པོ་བརྟན་བཟང༌། སྐ་ཡི་གཉག་སྟོད་འཕེལ་བཟང༌། སྦས་ཅང་དཔལ་གྱི་ལེགས་བཟང་བཅས་ནང་བློན་བཟང་པོ་དྲུག་ཡོད། ནང་བློན་གྱི་ལས་འགན་ནི། བང་མཛོད་གསོག་སྲུང་དང༌། འབངས་ཀྱི་འཚོ་ཚིས་ལ་ལྟ་སྐྱོང་བྱ་དགོས་པའོ།
གྲོང་ཁྱེར་གསར་པ།
བཀའ་ཡོ་གལ་འཆོས་པའི་བློན་པོ་ནི། བཀའ་བློན་ཆེ་འབྲིང་ཆུང་གསུམ་རྣམས་སོ། བློན་པོ་དེ་དག་གི་ལས་འགན་ནི། ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུ་ལ་ཡང་ཉེས་ཆད་གཅོད། ཅེས་པའི་བཀའ་བློན་གྱི་ལས་འགན་ནི། བཀའ་ཁྲིམས་ལག་ལེན་བསྟར་མིན་ཡོ་བསྲང་བྱེད་པ་དང༌། ཉེས་དོན་དྲང་པོའི་ལམ་ནས་ཐག་གཅོད་བྱེད་པར་ལྟ་སྐུལ་བྱ་དགོས་པའོ། སྲོང་བཙན་སྒམ་པོ་སྤྱི་ལོ་650པའི་ལྕགས་ཁྱི་ལོར་སྐུ་གཤེགས། བང་སོ་ད་ལྟའང་འཕྱོངས་རྒྱས་བཙན་པོའི་བང་སོའི་ཁྲོད་དུ་ཡོད།དབོན་སྲས་མང་སྲོང་དགུང་དུ་གཤེགས། །
སྤུ་རྒྱལ་སོ་ལྔ་པ། མང་སྲོང་མང་བཙན།
3. རྒྱལ་པོ་མང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང༌། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་638པ་ས་ཁྱི་ལོར་སྐུ་བལྟམས། སྤྱི་ལོ་650པ་ལྕགས་ཁྱི་ལོར་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས། མགར་སྟོང་བཙན་ཡུལ་སྲུང་དང༌། མཆིམས་མང་གཉེར་གྱིས་བློན་པོ་མཛད། སྤྱི་ལོ་659པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང༌། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས། སྤྱི་ལོ་667པ་མེ་ཡོས་ལོར་བཙན་པོ་འོར་མང་དུ་ཕེབས་ཏེ། དེ་ལོར་བློན་པོ་མགར་སྟོང་བཙན་ཡང་འབྲས་ནད་ཀྱིས་འདས། མགར་ལ་བུ་བཞི་སྟེ། མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང༌། མགར་བཙན་བྲོད། བློན་ཟི་མདོ་ཡེ་རྣམས་ལས་ཆེ་བ་མགར་བཙན་སྙ་ལྡོམ་བུས་ཕའི་གོ་ས་བཟུང༌། བུ་གཞན་གསུམ་པོས་དམག་དཔོན་བྱས་ཏེ། ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། སྤྱི་ལོ་670པ་ལྕགས་རྟ་ལོར་སླར་ཡང་བོད་དམག་སླེབས་ཏེ་རྒྱའི་ཞིང་ཆེན་བཅོ་བརྒྱད་ཙམ་བཅོམ། གུ་ཅིའི་གྲོང་ཁྱེར་གྱི་ལྕགས་རི་ཡང་བཤིགས། དེ་ནས་རྒྱའི་ཞིང་ཆེན་བཞི་བོད་ཀྱི་ལག་ཏུ་ཤོར། དུས་དེ་ཙམ་ན་དེང་གི་འབའ་ལུང(维西)དང༌། ས་ཐམ(丽江) ཅན་ཁྲོན(剑川)བཅས་ཀྱི་ཕྱོགས་ཐམས་ཅད་བོད་དམག་གིས་བཟུང་བར་མ་ཟད། ཀླུ་འཕེལ་གྱི་འབྲི་ཆུ་ཁ་ནི་དམག་འཁྲུག་གི་ཐབས་ཇུས་འགོད་ཡུལ་གཙོ་བོ་ཡིན་པ་དང༌། ཡུན་ནན་དང་སི་ཁྲོན་ཕྱོགས་སུ་ཕར་རྒོལ་བྱེད་པའི་དམག་མི་གཏོང་ལེན་བྱེད་སའི་ལྟེ་གནས་ཤིག་ཡིན་སྟབས། བོད་དམག་གིས་འབྲི་ཆུའི་ཐོག་ཏུ་ལྕགས་ཟམ་བཙུགས། ཟམ་པ་བཙུགས་ས་དེ་ནི་དེང་དུས་ས་ཐམ་རྫོང་གི་ཐཱ་ཁྲིན་ཆུས(丽江县塔城区)ཀྱི་བྱང་ཕྱོགས་འབྲི་ཆུ་ཁའི་ས་ཆ་དེར་ཡིན། སྤྱི་ལོ་676པ་མེ་བྱི་ལོར་མང་སྲོང་མང་བཙན་སྐུ་གཤེགས། བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ།
བོད་དམག་གིས་འབྲི་ཆུ་ལ་ལྕགས་ཟམ་བཙུགས་པ།
མང་སྲོང་གཤེགས་རྗེས་འབྲོ་བཟའ་ཡིས། །ཤིང་འབྲུག་བཙན་པོ་འཇང་ཡུལ་གྲོངས། །
སྤུ་རྒྱལ་སོ་དྲུག་པ། འབྲོ་བཟའ་ཁྲི་མ་ལོད།
4. འབྲོ་བཟའ་ཁྲི་མ་ལོད་ནི། སྤྱི་ལོ་676པ་མེ་བྱི་ལོར་རྒྱལ་པོ་སྐུ་གཤེགས་པ་དང་བོད་ཀྱི་རྒྱལ་སྲིད་བསྐྱངས། མགར་བཙན་སྙ་ལྡོམ་བུ་དང༌། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། སྤྱི་ལོ་679ལོར་སྲས་ཁྲི་ལ་བཀོད། སྤྱི་ལོ་780པ་ལྕགས་འབྲུག་ལོར་ཀླུ་འཕེལ་ས་ཁུལ་དུ་བོད་ཀྱིས་འབྲི་ཆུའི་དམག་སྒར་ཞེས་པ་བཙུགས་ནས་ཤར་ཕྱོགས་སུ་དམག་ཤུགས་རྒྱ་བསྐྱེད་དེ། དེང་དུས་ཡུན་ནན་ས་ཁུལ་གྱི་ས་ཆ་དང་སྡེ་འབངས་མང་པོ་བཟུང་། སྤྱི་ལོ་689ལོར་སྔར་བོད་འབངས་སུ་ཡོད་པའི་འཇང་པ་ཚོ་ཁག་རྣམས་ངོ་ལོག་བྱས། སྤྱི་ལོ་690ལོར་འཇང་ཡུལ་དུ་དམག་བཏང་། སྤྱི་ལོ་692ལོའི་ཡས་མས་ཙམ་བར་རྒྱལ་སྲིད་བསྐྱངས། སྤྱི་ལོ་703ལོར་འདུས་སྲོང་གཤེགས་སྐབས་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་ཕྱི་ནང་གི་ཆབ་སྲིད་ཐུགས་འགན་འབྲོ་བཟའ་ཁྲི་མ་ལོད་ཀྱིས་སླར་ཡང་བཞེས། དུས་དེར་བློན་འབངས་ཁག་གཅིག་གིས་ངོ་ལོག་བྱས་པར་དྲག་གནོན་བཏང་བ་དང་། ཁུ་མང་པོ་རྗེ་ལྷ་ཟུང་བློན་ཆེན་པོར་བསྐོ་གཞག་གནང་། འོན་ཀྱང་ཕྱི་མོ་ཁྲི་མ་ལོད་ཀྱི་སྙན་དུ་ཕྲ་མ་བྱུང་བས་རིང་པོར་མ་ལོན་པར་གླིང་རིང་ཚལ་དུ་ཁུ་མང་པོ་རྗེ་ལྷ་ཟུང་ལ་ཁྲིམས་ཉེས་ཕབ་ནས། དེའི་ཚབ་ཏུ་དབས་ཁྲི་གཟིགས་ཞང་ཉེན་བློན་ཆེན་དུ་བསྐོས། གཞན་ཡང་སེ་རིབ་ཅེས་པའི་རྒྱལ་ཕྲན་སོགས་ནས་ངོ་ལོག་བྱས་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ཅིང་། ས་བྱ་སྤྱི་ལོ་709ལོར་སེ་རིབ་ཀྱི་རྒྱལ་པོ་ཡང་གསོན་བཟུང་བྱས་ཐུབ་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དང་། བོད་ཡུལ་བདེ་འཇགས་སུ་གནས་རྒྱུར་མཛད་རྗེས་ཆེན་པོ་བཞག་གནང་ཡོད། ཆུ་བྱི་སྤྱི་ལོ་712ལོར་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་སྐུ་འདས་པར་གྲགས།
སྤུ་རྒྱལ་སོ་བདུན་པ། འདུས་སྲོང་མང་རྗེ།
5. རྒྱལ་པོ་འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི། ཡབ་མང་སྲོང་མང་བཙན་དང༌། ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་སྤྱི་ལོ་676པ་མེ་བྱི་ལོར་འཁྲུངས། ལོ་ངོ་བཞི་ལ་སོན་པའི་ས་ཡོས་ཏེ་སྤྱི་ལོ་679ལོར་མཚན་ཐོབ་ཙམ་གྱི་རྒྱལ་པོའི་ཁྲི་ལ་འཁོད། སྐུ་གཤེན་སྤེ་ནེ་གུ་ཡིས་མཛད། ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས། སྤྱི་ལོ་689ལོར་སྔར་བོད་འབངས་སུ་གྱུར་པའི་འཇང་པ་ཚོ་ཁག་རྣམས་གྱེན་ལོག་བྱས། དེའི་ཕྱི་ལོར་འདུས་སྲོང་མང་རྗེས་དམག་གི་རུ་འདྲེན་མཛད་ནས་འཇང་ཡུལ་དུ་ཕེབས་ཏེ་འཇང་ཕབ། དེ་ནས་བཟུང་རྒྱལ་སྲིད་དངོས་སུ་བསྐྱངས། ལྗང་མོ་ཁྲི་བཙུན་དང༌། མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཁབ་ཏུ་བཞེས། ལྗང་མོ་ཁྲི་བཙུན་ལ་སྲས་ཆེ་བ་ལྗང་ཚ་ལྷ་དབོན་འཁྲུངས། མཆིམས་བཟའ་ལ་སྲས་ཆུང་བ་མེས་ཨག་ཚོམ་འཁྲུངས།རྒྱལ་མོ་འདི་ཡུམ་སྲས་གཉིས་ཀྱི་སྐབས་སུ་རྩལ་པོ་ཆེའི་བློན་འབངས་བདུན་བྱུང་བ་ནི། 1.རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག 2.རྔོག་གླིང་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག 3.གནོན་རྒྱལ་མཚན་གྱིས་མདའ་སྟོང་ཁ་མས་བྱ་ཁྲ་རྐེད་པ་བཅད། 4.སྦས་རྒོད་གདོང་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་རེས་སླེབས། 5.མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་①བྱེ་མས་བཀང་སྟེ་ཀླད་ལ་སྐོར། 6.ཅོག་རོ་འབྲོང་གཤེར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། 7.གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་པ་བཅས་སོ། །
བོད་དམག་གིས་ཡངས་པའི་གཙང་པོ་བརྒལ་ནས་འཇང་ཏ་ལི་གྲོང་དུ་དཔུང་འཇུག་བྱས་པ།
① བླུད་བུ། རླིད་བུའང་ཟེར། རྐྱལ་བ་དང་དོན་གཅིག