ཁྲིམས་ལུགས་ཀྱི་ཤེས་བྱ།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-17


   ཁྱིམ་ཐོ་སྟེང་གི་རུས་མིང་ཇིི་ལྟར་བརྗེ་དགོས།

   གྱོད་དཔེ།

   རིན་ཆེན་ནི་དམའ་འབྲིང་འདོན་བཞིན་ཡོད་པའི་སློབ་མ་ཞིག་ཡིན། འོན་ཀྱང་ཁོའི་ཁྱིམ་ཐོ་དང་སྡོད་དམངས་ལག་འཁྱེར་སྟེང་རིག་འཛིན་ཞེས་བྲིས་ཡོད་པ་དང་། ཁོའི་ཕ་མས་ཀྱང་དོན་དེ་ལ་དོ་སྣང་མ་བྱས། འོན་ཀྱང་ད་སྐབས་སློབ་གྲྭའི་ལས་དོན་དང་འགྲོ་ལུགས་ཀྱི་རྣམ་གྲངས་དག་སྒྲུབ་དུས་ཤིན་ཏུ་སྟབས་མི་བདེ་བར་འགྱུར་བཞིན་ཡོད། དེ་བས་གལ་ཆེ་བ་ནི་མི་འགྱངས་པར་འབྲིང་རྒྱུགས་སྤྲོད་ལ་རན་འདུག་པས་འཛིན་བདག་དགེ་རྒན་གྱིས་ཁོ་ལ་དོན་དམ་དུ་ཁྱོད་ཀྱི་མིང་གང་ཡིན། རྒྱུགས་ཤོག་སྟེང་མིང་གང་འདོད་དུ་བྲིས་མི་ཆོག་ངེས་པར་དུ་ཁྱིམ་ཐོ་དང་བསྟུན་དགོས་ཞེས་བཤད། ཁྱིམ་ཐོ་སྟེང་གི་མིང་ནི་ཏག་ཏག་སྔོན་མའི་མིང་རིག་འཛིན་ཡིན་འདུག་པས་དེ་སྤྱོད་འདོད་མ་བྱུང་སྟེ། མིང་དེ་སྤྱད་ཚེ་རྗེས་མར་མཐོ་འབྲིང་སྐབས་སུ་གཞན་གྱིས་དེ་ལྟར་འབོད་སྲིད་པར་སྙམ་པས་རེད།

   ཁྲིམས་བཤད།

   རུས་མིང་ནི་སྤྱི་དམངས་གང་ཞིག་གཞན་པའི་སྤྱི་དམངས་དང་ཁྱད་པར་འབྱེད་བྱེད་ཀྱི་རྟགས་མཚོན་ཞིག་ཡིན་ལ། རུས་མིང་ཐོ་འགོད་བྱས་ཏེ་ཁྱིམ་ཐོའི་སྟེང་བཀོད་རྗེས། གང་འདོད་དུ་བཅོས་བསྒྱུར་བྱས་མི་ཆོག གལ་ཏེ་བཅོས་བསྒྱུར་བྱེད་དགོས་ཚེ་ངེས་པར་དུ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལྟར་འགྲོ་ལུགས་བསྒྲུབ་དགོས། གཏན་འཁེལ་ལྟར་ན། སྤྱི་དམངས་ཀྱིས་རུས་མིང་བཅོས་བསྒྱུར་བྱེད་དགོས་ན་ངེས་པར་དུ་ཁྱིམ་ཐོ་ཐོ་འགོད་ལས་ཁུངས་སུ་སོང་ནས་བཅོས་བསྒྱུར་རེ་འདུན་ཞུ་དགོས། བྱེ་བྲག་གི་ཆ་རྐྱེན་ནི། གཅིག ལོ་18ལ་མ་སོན་པའི་སྤྱི་དམངས་ཀྱིས་རུས་མིང་བཅོས་བསྒྱུར་བྱ་དགོས་ཚེ། མི་རང་ཉིད་དམ་ཡང་ན་ཕ་མ། གསོ་སྐྱོང་བྱེད་མཁན་ཁྱིམ་ཐོ་ཐོ་འགོད་ལས་ཁུངས་སུ་སོང་ནས་བཅོས་བསྒྱུར་བྱེད་པའི་ཐོ་འགོད་རེ་འདུན་ཞུ་དགོས། ཁྱིམ་ཐོ་ཐོ་འགོད་སྡེ་ཁག་གནས་ཚུལ་ལ་བརྟག་དཔྱད་བྱས་རྗེས་བཅོས་བསྒྱུར་ཐོ་འགོད་བྱ་ཆོག གཉིས། ལོ་18ཡན་ལོན་པའི་དར་མས་རུས་མིང་བཅོས་བསྒྱུར་བྱེད་པའི་རེ་འདུན་ཞུས་ཚེ། གནས་ཚུལ་རྣམས་གཟབ་ནན་སྒོས་རྒྱུས་ལོན་གསལ་པོ་བྱ་དགོས། དངོས་གནས་བཅོས་བསྒྱུར་བྱེད་པའི་གནས་ལུགས་ཡོད་ཚེ། མི་རང་ཉིད་ཀྱིས་ཡིག་ཐོག་གི་རྣམ་པའི་རེ་འདུན་ཞུ་བའམ་ཡང་ན་རང་ཡོད་སའི་ལས་ཁུངས་ཀྱི་མི་དོན་སྡེ་ཁག་ནས་བདེན་དཔང་བླངས་ཏེ་འགན་ཁུར་ས་ཁུལ་གྱི་ཁྱིམ་ཐོ་ཉེན་རྟོག་པས་ཞིབ་དཔྱད་བྱས་ཤིང་། མངག་གཏོང་ཁང་གི་འགོ་གཙོ་ཡིས་ཆོག་མཆན་བཀོད་རྗེས་བཅོས་བསྒྱུར་ཐོ་འགོད་བསྒྲུབ་ཆོག གསུམ། ཁྲིམས་ལྟར་ཆབ་སྲིད་ཁེ་དབང་བླངས་ཡོད་པའི་མི་ཡིས་རུས་མིང་བཅོས་བསྒྱུར་བྱ་མི་ཆོག འོན་ཏེ་རིན་ཆེན་གྱིས་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ཚེ་རུས་མིང་བཅོས་སྒྱུར་བྱ་ཆོག །  

   ཅི་ཞིག་ལ་རྩ་ཁྲིམས་དང་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ཟེར་བའི་རྒྱུ་མཚན་ཅི།

   རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ལ། རྒྱལ་ཁབ་ཅིག་གི་སྤྱིའི་ཁྲིམས་སྲོལ་ཀྱང་ཡིན། དེ་ནི་དཔལ་འབྱོར་ངེས་ཅན་ཞིག་གི་རྨང་གཞི་ལས་བྱུང་བའི་སྟེང་གི་བཀོད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན། རྒྱལ་ཁབ་གཅིག་གི་ཁྲིམས་ལུགས་ཀྱི་མ་ལག་ནང་དུ་རྩ་ཁྲིམས་ཀྱིས་མ་ཁྲིམས་ཀྱི་གོ་གནས་ཟིན་ཡོད།
   རྩ་ཁྲིམས་ནང་དུ་རྒྱལ་ཁབ་ཀྱི་འཚོ་བའི་ནང་གི་གནད་དོན་ཆེས་གལ་ཆེ་ཞིང་རྩ་བར་གྱུར་པ་རྣམས་གཏན་ལ་ཕབ་ཡོད། དཔེར་ན། དེས་རྒྱལ་ཁབ་གཅིག་གི་སྤྱི་ཚོགས་ལམ་ལུགས་དང་དེའི་སྐོར་གྱི་རྩ་བའི་རྩ་དོན། རྒྱལ་ཁབ་ཀྱི་བདག་པོ་སུས་བྱེད་པ་དང་། སྒྲིག་གཞི་ཅི་འདྲ་རེ་འཛུགས་དགོས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་གང་འདྲ་ཞིག་ལག་བསྟར་བྱེད་པ། སྤྱི་དམངས་ལ་ཁེ་དབང་དང་འོས་འགན་གང་གང་ཡོད་པ་སོགས་གཏན་ལ་ཕབ་ཡོད། གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་འཚོ་བའི་ནང་གི་རྩ་བའི་གནད་དོན་ཡིན་ཞིང་། བཅའ་ཁྲིམས་གཞན་དག་ཏུ་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་འཚོ་བའི་ནང་གི་ཕྱོགས་ཁ་ཤས་ཀྱི་གནད་དོན་བྱེ་བྲག་པ་རེ་གཏན་འབེབས་བྱེད་རྒྱུ་དེ་ཡིན། དཔེར་ན། གཉེན་སྒྲིག་བཅའ་ཁྲིམས་ཀྱི་ནང་དུ་གཉེན་སྒྲིག་དང་ཁྱིམ་ཚང་ཁོ་ནའི་ཐད་ཀྱི་གནད་དོན་གཏན་ལ་ཕབ་ཡོད་པ་དང་། ཉེས་ཁྲིམས་ཀྱི་ནང་དུ་ཉེས་གསོག་དང་ཉེས་ཆད་ལ་འབྲེལ་བའི་གནད་དོན་གཏན་འབེབས་བྱས་ཡོད།
   རྩ་ཁྲིམས་ལ་བཅའ་ཁྲིམས་ཀྱི་ནུས་པ་ཆེས་ཆེར་ལྡན་ཞིང་། བཅའ་ཁྲིམས་གཞན་དག་གཏན་ལ་འབེབས་པའི་རྨང་གཞི་ཡིན། བཅའ་ཁྲིམས་གང་དང་བཀའ་ཁྲིམས་གང་ཡིན་ཡང་། རྩ་ཁྲིམས་དང་འགལ་ན་དེའི་ནུས་པ་ཤོར་ངེས་ཡིན་པས། ངེས་པར་དུ་མེད་པར་གཏོང་བ་དང་ཡང་ན་བཟོ་བཅོས་བྱེད་དགོས། རྩ་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད་པའི་དོན་ཚན་མཐའ་དག་རྒྱལ་ཡོངས་ཀྱི་མི་སུ་ལའང་དམིགས་བསལ་མེད་པར་བྱས་ནས་ཚང་མས་བརྩི་སྲུང་བྱ་དགོས། དེ་བཞིན་དུ་རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མས་རྩ་ཁྲིམས་ལྟར་བྱ་བ་བསྒྲུབ་དགོས།

   རྩ་ཁྲིམས་ཀྱི་བླང་བྱ་ནི་བཅའ་ཁྲིམས་གཞན་ལས་ལ་ལྷག་ཏུ་ནན་མོ་ཡིན། རང་རྒྱལ་གྱི་རྩ་ཁྲིམས་གཏན་འབེབས་དང་བཟོ་བཅོས་བྱེད་དུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡོངས་ཀྱི་སུམ་ཆ་གཉིས་ཡན་གྲོས་འཆམ་བྱུང་ན་ད་བཟོད་གོ་ཆོད་པ་དང་། བཅའ་ཁྲིམས་གཞན་དག་གཏན་འབེབས་དང་བཟོ་བཅོས་བྱེད་དུས་འཐུས་མི་ཡོངས་ཀྱི་ཕྱེད་ཀ་གྲོས་འཆམ་བྱུང་ན་ཆོག །  

   ཅི་ཞིག་ལ་ནགས་ཚལ་བཅའ་ཁྲིམས་ཟེར།
   ནགས་ཚལ་བཅའ་ཁྲིམས་ཞེས་པ་ནི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་ནགས་ལས་འཕེལ་རྒྱས་སུ་གཏོང་ཕྱིར་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་ཅིང་། ནགས་ལས་འཛུགས་སྐྲུན་བྱེད་སྐབས་སུ་ནགས་ཚལ་དང་ཤིང་ནགས་དོ་དམ་དང་གསོ་སྐྱོང་། སྔོག་འདོན་བེད་སྤྱོད་བཅས་ཀྱི་ཐད་ནས་རྒྱལ་ཁབ་དང་ཐུན་མོང་སྤྱི་སྒེར་བཅས་ཀྱི་བར་དུ་བྱུང་བའི་དཔལ་འབྱོར་འབྲེལ་བ་སྣ་ཚོགས་ལེགས་སྒྲིག་བྱེད་སྤྱད་ཀྱི་བཅའ་ཁྲིམས་ཤིག་རེད།

   ནགས་ཚལ་བཅའ་ཁྲིམས་ནང་དུ་ནགས་ཚལ་དང་ཤིང་ནགས། ནགས་ས་དག་གི་བདག་དབང་དང་བེད་སྤྱོད་དབང་ཆ་བརྟན་པོ་བྱ་རྒྱུ་ནན་བཤད་བྱས་ཡོད་པ་དང་། རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་ནང་དུ་ཤིང་ནགས་དང་། ནགས་ས་འདུས་ཡོད་པ་གཏན་ལ་ཕབ་ཡོད། ནགས་ས་ནི་དམངས་སྤྱི་ཡོངས་སམ་ཐུན་མོང་ལ་དབང་བ་ཡིན་པས། མི་སྒེར་ལ་ནགས་ས་སྤྱོད་དབང་ལས་བདག་དབང་མེད། ནགས་དབང་ལ་དམངས་སྤྱི་ཡོངས་ལ་དབང་བ་དང་ཐུན་མོང་ལ་དབང་བ། མི་སྒེར་ལ་དབང་བ་བཅས་དབང་ཆ་རྣམ་པ་གསུམ་ཡོད། ནགས་ཚལ་གྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོང་བྱ་རྒྱུ། ནགས་ཚལ་བཅའ་ཁྲིམས་སུ་ནགས་ལས་འཛུགས་སྐྲུན་ཐད་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་པ་དང་། གཞན་ཡང་ནགས་ལས་ལ་དཔལ་འབྱོར་ཐད་ཀྱི་རོགས་སྐྱོབ་སྔར་ལས་མང་བ་ཞིག་བྱེད་པ་དང་། ཐུན་མོང་དང་མི་སྒེར་གྱིས་ནགས་ལས་འཛུགས་སྐྲུན་བྱེད་པར་ཡུན་རིང་གི་དངུལ་བུན་གཏོང་རྒྱུ། ནགས་ལས་ཐད་ཀྱི་ཐེབས་རྩའི་མ་དངུལ་ལམ་ལུགས་འཛུགས་རྒྱུ་སོགས་ནགས་ལས་སྲུང་སྐྱོབ་ཀྱི་བྱ་ཐབས་གསར་དུ་བསྣན་ཡོད། ནགས་གཅོད་པ་དང་བེད་སྤྱོད་པ། ནགས་སོན་འདེབས་གསོ། སྐྱེལ་འདྲེན་དོ་དམ་སོགས་ཀྱི་བྱ་ཐབས་ཐག་བཅད་ཡོད། དེ་མིན་བཅའ་ཁྲིམས་ཀྱི་འགན་འཁྲི་འཐུས་ཚང་ནན་པོ་བྱས་ཤིང་མི་རིགས་ས་ཁོངས་རང་སྐྱོང་གིས་བབ་བསྟུན་སྒྱུར་བཅོས་བྱ་ཆོག་པ་དག་གཏན་འབེབས་བྱས་ཡོད། ནགས་ཚལ་ནི་མིའི་རིགས་ཀྱི་དངོས་པོའི་གཞི་རྩའི་མ་ལག་གལ་ཆེན་ཞིག་ཡིན་ལ། དེང་དུས་རང་རྒྱལ་གྱི་འཛུགས་སྐྲུན་དང་རྒྱལ་དམངས་དཔལ་འབྱོར་ལ་ཐད་དཀར་ཤུགས་རྐྱེན་ཐེབས་པ་རེད། ནགས་ཚལ་གྱི་འཕེལ་འགྲིབ་ནི་མིའི་རིགས་དར་རྒྱས་དང་མི་རིགས་ཕུན་སུམ་ཚོགས་པ་ཞིག་ཡོང་བར་འབྲེལ་བ་ཡོད། རྒྱལ་ཁབ་ཀྱིས་ནགས་ལས་བཅའ་ཁྲིམས་གཏན་འབེབས་བྱས་པའི་དམིགས་ཡུལ་ནི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་གསོ་འདེབས། ལུགས་མཐུན་བེད་སྤྱོད་བྱེད་པ་དང་རྒྱལ་ཁོངས་སྔོ་ལྗང་ཅན་དུ་སྒྱུར་བར་ཇེ་མགྱོགས་སུ་གཏོང་བ། ཞིང་ཕྱུགས་ལས་ལ་ཆུ་གསོག་ས་སྐྱོར་དང་གནམ་གཤིས་སྙོམ་སྒྲིག ཁོར་ཡུག་ཇེ་མཛེས་སུ་གཏོང་བ་བཅས་བྱས་ནས། དེར་སྐྱེ་ཁམས་ཀྱི་ཕན་ནུས་འདོན་པ་དང་། ཤིང་ནགས་ཀྱི་ཐོན་རྫས་འདོན་པའི་ནུས་པ་ཐོན་དུ་བཅུག་ནས། རྒྱལ་ཁབ་འཛུགས་སྐྲུན་དང་མི་དམངས་འཚོ་བའི་དགོས་མཁོ་དང་བསྟུན་རྒྱུ་དེ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1