རྩ་ཐང་གི་མཚན་ལྗོངས། དཀོན་རྡོས་པར་བླངས།
ནམ་ད་དུང་གསལ་མེད། ཡིན་ཀྱང་ནམ་གསལ་ལ་ཉེ།
ནམ་སྟོད་དུ་འཆར་གཞི་སྣ་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་བཙངས་འོངས་ཏེ་བཀྲ་ཤིས་ཀྱི་ཀླད་པའི་བར་སྟོང་ཡོད་ཚད་བསུབ་པས།ཁོ་རང་མལ་ཁྲིའི་སྟེང་ནས་ཕར་འཕག་ཚུར་འཕག་བྱེད་པ་ལས། གཉིད་ཀྱི་རྟ་མཆོག་ལ་ལྕགས་ཀྱིས་བྲབས་ཏེ་རྨི་ལམ་གྱི་ཞིང་དུ་བསྐྱོད་པའི་སྐལ་བ་ཡོངས་སུ་བཅོམ། ནམ་གསལ་ལ་ཉེ་དུས་ཀླད་པ་རིམ་གྱིས་ཉོབ་ཅིང་ཡིད་སེམས་དུབ་པ་དང་བསྟུན་ནས། ཞག་གང་བོར་བསྒུགས་བསྒུགས་པའི་གཉིད་དེས། ཁོ་རང་མངོན་ལྐོག་གང་ཡིན་ཆ་མི་འཚལ་བའི་འཇིག་རྟེན་ཞིག་ཏུ་ངང་གིས་དྲངས་སོང་།
…… ཕར་བལྟས་ཚེ། མིག་གི་མཐོང་ཚད་ནི་སྔོ་ལྗང་ལྗང་གི་རྩྭ་ཐང་ཆེན་པོ་ཞིག་རེད། རྩྭ་ཐང་ཆེན་པོའི་དབུས་སུ་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་པོ་ཏ་ལས་མགོ་འཕང་མཐོ་རུ་དགྱེ་འདུག ཡིན་ཀྱང་། པོ་ཏ་ལ་ཆགས་སའི་རི་བོ་དེ་ནི་ལྕགས་པོ་རི་མ་ཡིན་པར་གནས་ཆེན་ཁ་བ་དཀར་པོ་རེད་ལ། མདུན་ཐད་དུ་བཞུར་བའི་ཆུ་བོ་དེ་ཡང་སྐྱིད་ཆུ་མ་ཡིན་པར་ཙོང་ཆུ་སྔོན་མོ་རེད།
བཀྲ་ཤིས་ཀྱིས་ཁོ་རང་སྡོད་སའི་ཡུལ་དེ་གཏན་ཁེལ་མི་ཐུབ་ཀྱང་། འཇིག་རྟེན་ནི་ལག་མཐིལ་དུ་བླངས་པ་དང་འདྲ་སྟེ། ཐ་ན་སྲིན་འབུ་གྲོག་མའི་འགུལ་སྐྱོད་ཙམ་ཡང་ཁོའི་མཐོང་ལམ་དུ་གསལ་བོར་སྣང་། ཁོས་པོ་ཏ་ལའི་རྡོ་ཐེམ་སྟེང་དུ་གྲོག་མ་ནག་རིལ་གཉིས་ཀྱིས་འབུ་སྦྲང་གི་རོ་ཞིག་འཕྲོག་རེས་བྱེད་པ་མཐོང་བྱུང་། གྲོག་མ་དེ་གཉིས་ཀྱིས་འཕྲོག་རེས་བྱེད་ཀྱིན་བྱེད་ཀྱིན་རྡོ་སྐས་གོང་མའི་སྟེང་ནས་ཞོལ་མའི་སྟེང་དུ་གྲིལ་སོང་། དེ་ལྟ་ནའང་འབུ་སྦྲང་གི་རོ་དེ་གྲོག་མ་གཉིས་ཀས་ཕན་ཚུན་ལ་འཕྲོག་ཏུ་མ་བཅུག་པར་དམ་པོར་འཐམ་འདུག ཁོས་མུ་མཐུད་དུ་བལྟས་བསྡད་པ་ན། གྲོག་མ་དེ་གཉིས་ཀྱིས་ཤི་འཐམ་རོ་འཐམ་ཡིས་འཕྲོག་རྩོད་བྱས་བྱས་པའི་མཐར། བོངས་ཅུང་ཟད་ཆུང་བའི་གྲོག་མ་དེས། རང་ལས་བོངས་ཆེ་བའི་གྲོག་མ་དེའི་ལག་ནས་འབུ་སྦྲང་གི་རོ་དེ་ཕྲོགས་ཏེ་བྲོས་སོང་། ཁོའི་ཁ་ནས་དབང་མེད་དུ“ཅི་འདྲའི་གྲོག་རྒན་འཁོབ་ཏོ་ཞིག་ཨང”ཞེས་ཤོར། ཁོས་མྱུར་སྟབས་ཀྱིས་འབྲོ་བཞིན་པའི་གྲོག་མ་དེ་གང་ཞིག་ཏུ་འགྲོ་བར་རིག་པ་བསྒྲིམས་ཏེ་བལྟས་འདུག་སྐབས། གྲོག་མ་དེས་ཕྱིར་འཁོར་ནས་ལྟ་ཙམ་བྱས། བཀྲ་ཤིས་ཀྱི་སྣང་ངོར་གྲོག་མ་དེས་རང་ལ་ལྟ་བཞིན་པའི་ཉམས་སྣང་ཞིག་བྱིན། དེ་ནས་གྲོག་མ་དེས་འབུ་སྦྲང་གི་རོ་དེ་འཁུར་ནས་སྲུབས་བར་ཞིག་ཏུ་འཛུལ་སོང་།
ཏག་ཏག་སྐབས་དེར། ཁོའི་རྣ་ལམ་དུ་ཀི་རིང་ཞིག་བྲག་ཅ་དང་བཅས་འཁོར་བྱུང་། ཁོས་གྲོག་མའི་རྗེས་ལ་ཕྱོགས་པའི་མིག་ཟུང་སྐད་ཅིག་ཉིད་དུ་ཕྱིར་བསྡུས་ཏེ། ཀི་རིང་བསྒྲགས་སའི་ཡུལ་ཕྱོགས་དེར་བལྟས་པ་ན། ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པའི་རི་བོ་ཞིག་གི་རྒྱབ་ལོགས་ནས་སློག་པ་གྱོ ན་པའི་འབྲོག་པ་འགའ་ཡར་འཛེགས་ཏེ། རི་འདབས་ཀྱི་རོང་པ་རྣམས་ལ་གཟས་ཏེ་ཀི་རིང་ཀི་ཐུང་འདེབས་ཤིང་། རྫིག་རྫིག་རྔམ་རྔམ་བྱེད་ཀྱིན“རོང་ཕྲུག་ཁ་སེར་ཆ་བོ”ཞེས་སྡིགས་དམོད་འབོར་གྱིན་འདུག་ཅིང་། ཆེས་སྔོན་དུ་འགྲེང་བའི་འབྲོག་ཕྲུག་སྐྲ་འཇིལ་ལེར་འཕྱིང་བ་དེས་ཁ་ནས་ལྷ་འབོད་ཀླུ་འབོད་བྱེད་ཀྱིན། རི་འདབས་ཀྱི་རོང་སྡེའི་ཕྱོགས་སུ་མཆིལ་ཞགས་འཕེན་ཐུབ་ཐུབ་བྱེད་པའང་གསལ་བོར་མཐོང་ཐུབ།
རི་འདབས་ཀྱི་རོང་པ་དག་ཀྱང་ཞེ་སྡང་ཅན་ཤ་སྟག་སྟེ། ཕུ་ཐུང་དཔུང་རྩེར་བརྫེས་ཤིང་ཁ་ནས“འབྲོག་སྟུག་གླེན་པ་ཆ་བོ”ཞེས་སྡིགས་དམོད་འབོར་གྱིན་ཀི་རིང་ཀི་ཐུང་འདེབས་ལ། རྫིག་རྫིག་རྔམ་རྔམ་ཅི་ཡང་བྱེད། བཀྲ་ཤིས་ཀྱིས་མིག་ཟུང་རིག་རིག་དང་རྣ་བ་ཀྲོག་ཀྲོག་བྱས་ནའང་ཁོ་ཚོའི་རྩོད་གཞི་ཅི་ཡིན་པ་ཤེས་མ་བྱུང་། སྐབས་དེར་འབྲོག་ཕྲུག་དེས་རྦབ་རྡོ་ཕ་བོང་འདྲ་ཞིག་མར་བསྒྲིལ་བ་ན། རྦབ་རྡོ་དང་འགྲོགས་ནས་གནམ་ས་བསྒྲིབས་པའི་ས་རྡུལ་ལང་ལོང་འཕྱུར་བྱུང་། རི་འདབས་ཀྱི་རོང་པ་རྣམས་ཀྱིས་དཔའ་ཞུམ་ཞིང་ཕེ་སྐད་ངུ་སྐད་ཅིག་ཅར་དུ་སྒྲོག་བཞིན། གཅིག་ལས་གཅིག་མགྱོགས་ཀྱིས་རྦབ་རྡོ་ཆེན་པོ་དེ་ལ་བཤོལ་ཅི་ཐུབ་བྱེད། རྣམ་པ་དེ་མཐོང་བའི་མོད་ལ། བཀྲ་ཤིས་ཀྱི་ཁ་ནས་ཀྱང་བསམ་དབང་དྲན་དབང་མེད་པར་ཨག་སྐད་རྣ་ལ་གཟན་པ་ཞིག་ཤོར་སོང་།
ཁོ་ཚོར་རྩོད་གཞི་ཅི་ཞིག་ཡོད་དམ།
རྩོད་གཞི་མེད་ན་ཅི་ཞིག་རྩོད་དམ།
རྩོད་གཞི་མེད་ཀྱང་སྲིད།
ཁོས་ཞེད་སྣང་ངང་ལུས་པའི་སེམས་པ་ཅུང་བདེ་ལ་བབས་རྗེས། དེ་ལྟར་ཁེར་བཤད་བསྟུད་མུར་ཐེངས་གསུམ་བརྒྱབ། བར་སྐབས་ཤིག་ལ། བཀྲ་ཤིས་ཀྱིས་སེམས་པར་ད་ནི་ཅི་བྱུང་ན་བྱུང་སྙམ། ཁོས་མཐོང་ལམ་གྱི་ཡོད་ཚད་སྣང་མེད་དུ་བཞག་ཅིང་། ལྭའི་གོང་བས་མགོ་བོ་བཏུམ་སྟེ་གཉིད་དུ་ཡུར།
ཆུ་ཚོད་ཅི་ཙམ་འགོར་བ་མ་ཤེས་མོད། རྨི་ལམ་དུ་ཁོའི་བྲང་ཁར་ལྗིད་ཏིག་གེའི་དངོས་པོ་ཞིག་གིས་མནན་འདྲའི་ཚོར་བ་ཞིག་བྱིན། ཁོས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཕག་འཚག་རྒྱག་ཅི་ཐུབ་བྱས་ཀྱང་། ལྗིད་ཏིག་གེའི་དངོས་པོ་དེ་ཐང་ལ་གཡུག་མ་ཐུབ། ཁོའི་གདོང་ཡོངས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར། སྐབས་དེར་མི་ཞིག་གིས“老乡”ཞེས་སྐད་ལ་བརྒྱབ་ནས་འབོད་པ་ཁོའི་རྣ་བའི་བུ་གར་ལྷུང་། ཁོ་རང་ཚབ་ཚུབ་ངང་ཡར་ལངས་པ་ན། ཁོའི་མདུན་དུ་གྱོ ན་ཆས་ནག་པོ་སྤྲས་ཤིང་མགོ་ལ་རྩི་ཞྭ་གོན་པའི་མི་གཉིས་འགྲེང་འདུག ཁོས་རང་གི་མིག་ཟུང་ཟུང་འཕུར་འཕུར་འགའ་བྱས་ཏེ་ཞིབ་ལྟ་ཞིག་བྱས་ཚེ། མ་གཞི་གན་གྱི་མི་དེ་གཉིས་ནི་ཚོང་ སྒམ་ཕྲག་ཏུ་འཁུར་བའི“ཧོ་ལང་ཙི”(རྒྱ་སྐད་ཀྱི“货郎”ཟེར་ཞིང་ཚོང་སྒམ་ཕྲག་ལ་འཁུར་ཏེ་ཡུལ་གང་སར་མྱུལ་བའི་རྒྱ་མི་ཚོང་བ་དེའི་རིགས་ལ་ཨ་མདོའི་ཡུལ་གྲུ་འགར་ཧོ་ལང་ཙི་ཞེས་འབོད)གཉིས་རེད།
“角香卡”ཧོ་ལང་ཙི་རྒན་པ་དེས་ཁ་སྔོན་ལ་གྲགས་བྱུང་།
“ཨ། ཅི་ཟེར། གྲོ་ཞིང་ཁ། གྲོ་ཞིང་ཟེར་རམ།”ཁོས་ཕྱོགས་ཤིག་བསྟན་ནས“གྲོ་ཞིང་ཁ་ནི་གན་རེད”ཅེས་བཤད་པ་ན། ཧོ་ལང་ཙི་གཉིས་པོས་བྱང་ཆ་ཡོད་པའི་སྒོ་ནས་ཚོང་སྒམ་ཕྲག་ཏུ་འཁུར་ཞིང་། རི་ལམ་ཀྱ་མ་ཀྱོག་དེ་དེད་དེ་མདུན་དུ་ཆས་སོང་། ཁོས་ཧོ་ལང་ཙི་དེ་གཉིས་ཀྱི་རྒྱབ་གཟུགས་ལ་བལྟས་ཀྱིན་བལྟས་ཀྱིན། ཧོ་ལང་ཙི་དེ་གཉིས་ཧོ་ལང་ཙི་བཅུ་རུ་གྱུར་ཅིང་།ཧོ་ལང་ཙི་བཅུ་བོ་རིམ་བཞིན་ཧོ་ལང་ཙི་བརྒྱ་རུ་གྱུར…… གྲོ་ཞིང་ཁའི་ཕྱོགས་སུ་འཐེན་པའི་ལམ་ཕྲན་སྟེང་དུ་ཧོ་ལང་ཙི་མང་པོ་གྲོག་མ་བཞིན་འཚང་ཁ་ཤིག་ཤིག་བྱེད།
……
ནམ་ཡོངས་སུ་གསལ་སོང་། ཆུ་ཚོད་འཁོར་ལོ་སིང་སྒྲ་དང་བཅས་གྲགས་པ་ན། བཀྲ་ཤིས་རྨི་ལམ་ནང་གི་རྨི་ལམ་དང་རྨི་ལམ་ལས་ཡོངས་སུ་སད།
པོ་ཏ་ལ
གནས་ཆེན་ཁ་བ་དཀར་པོ
ཙོང་ཆུ་སྔོན་མོ
ཧོ་ལང་ཙི
བཀྲ་ཤིས་ཀྱིས་ཁ་ནས་དེ་ལྟར་ཟློ་བཞིན་མགོ་རྔ་མེད་པའི་རྨི་ལམ་དེ་ལ་ཕྱིར་དྲན་ཞིག་བྱས། ཡིན་ཀྱང་། ཁོས་གང་ནི་རྨི་ལམ་དང་གང་ནི་མངོན་སུམ་ཡིན་པ་གསལ་བོ་ཞིག་མ་ཤེས། ཉིན་མོ་ཡིད་ལ་གང་ཞིག་བརྣགས་པ་དེ་མཚན་མོའི་རྨི་ལམ་དུ་འཁོར་ཞེས་བརྗོད་ཀྱང་། རྨི་ལམ་ནང་གི་རྣམ་པ་དེ་འདྲ་ནི་བཀྲ་ཤིས་ཀྱི་ཡིད་ངོར་གཏན་ནས་འཁོར་མ་མྱོང་། རྨི་ལམ་ལ་བརྟག་ཤེས་མཁན་ཞིག་གིས་དེར་འགྲེལ་བ་ཉན་སྤྲོ་བ་ཞིག་གམ་དང་ཡང་རྣམ་རྟོག་ཟ་བ་ཞིག་བརྒྱག་ཀྱང་སྲིད་མོད། འོན་ཀྱང་། བཀྲ་ཤིས་ལ་མཚོན་ན། དེ་ནི་ད་རག་བར་རྨིས་མ་མྱོང་བའི་རྨི་ལམ་ཡ་མཚན་ཞིག་ཏུ་བརྩི་བ་ལས། དེར་བརྟག་ཀྱང་དཔྱད་པའི་ཡོན་ཏན་ནི་ཅི་ཡང་མེད།
ཅི་ཞིག་ཡིན་ན་ཡིན་དུ་ཆུགས། རྨི་ལམ་ནི་རྨི་ལམ་རང་རེད།
བཀྲ་ཤིས་ཀྱིས་མྱུར་སྟབས་ཀྱིས་སྦྲུལ་ཤུན་བཞིན་མལ་ཁྲིའི་གཡས་གཡོན་དུ་དོར་བའི་གྱོ ན་པ་རྣམས་ལུས་ལ་བགོས་ཤིང་། ཁ་བཤལ་ངོ་འཁྲུད་ཀྱི་ལས་རྣམས་མགྱོགས་པོར་བསྒྲུབས་རྗེས་ཕྱི་རོལ་ཏུ་ཆས། །