འཛམ་གླིང་གི་ཡུལ་སྐོར་གནས་མཆོག་ཐེ་ལན་དི།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་བསྒྲིགས་བྱས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞིན། སྤེལ་དུས། 08-17


སུ་ཁུའོ་ཐེ་ལོ་རྒྱུས་སྤྱི་གླིང་ནང་གི་དགོན་པའི་ལྷ་སྐུ།

   ཐེ་ལན་དི་ནི་ཨེ་ཤ་ཡ་གླིང་གི་ཡུལ་སྐོར་བྱེད་གནས་གཙོ་བོ་ཞིག་ཡིན་ལ། དྲོད་ཚད་ལྡན་པའི་ཚ་ཁུལ་མཛེས་ལྗོངས། ཁྱད་དུ་འཕགས་པའི་ནང་ཆོས་རིག་གནས་ནི་ཡུལ་སྐོར་བ་རྣམས་གནས་འདིར་ལྗོངས་རྒྱུ་དང་སེམས་པ་འཁོར་ས་གཙོ་བོ་ཡིན།

   ཐེ་ལན་དི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ནང་ཆོས་ཆེས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། གླང་ཆེན་དཀར་པོའི་རྒྱལ་ཁབ་ཅེས་པའི་མིང་འབོད་སྲོལ་ཡང་ཡོད། ས་གནས་རང་གི་ཁྱད་ཆོས་ལྡན་པའི་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་དང་། ཆུ་ཐོག་གཞིས་ཁྱིམ་གྱི་དག་གཙང་གི་འཚོ་བ། འཛམ་གླིང་ན་སྙན་པ་འབར་བའི་གནའ་བོའི་ཞབས་བྲོ་དང་མི་རིགས་ཞབས་བྲོ། ཁྱད་མཚར་བའི་ལྐུགས་བརྡ་ཟློས་གར་དང་ལོ་ཁུང་ཟློས་གར། གཞན་དང་མི་མཚུངས་པའི་ཐེ་ལན་དིའི་ཁུ་ཚུར་འགྲན་བསྡུར། བྱ་ཕོ་འགྲན་བསྡུར། ཉ་མོ་རྩེ་བ་དང་མཛེས་སྡུག་ལྡན་པའི་མོའི་བརྟུལ་བཞུགས་ཅན་སོགས་ཀྱིས་མི་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་སྟེར་ངེས།
   གནས་འདིར་གང་ས་གང་དུ་གསེར་འོད་ལམ་ལམ་འཕྲོ་ལ་རྩེ་རྣོ་ལ་ནམ་མཁའི་དབྱིངས་སུ་ཟུག་པའི་དགོན་པ་དང་། བཟོ་བཀོད་ཞིབ་ཚགས་ལྡན་ལ་གནམ་གྱི་ཀ་བ་ལྟ་བུའི་མཆོད་རྟེན། རྡོ་བརྐོས་དང་འབུར་བྲིས་སོགས་ཁྱད་མཚར་ལྟ་བས་མི་ངོམས་པའི་གནའ་ཤུལ་མང་པོ་ཡོད།
   ཐེ་ལན་དི་རྒྱལ་ཁབ་ལ་ལོ་ངོ་བདུན་བརྒྱའི་དུས་ཡུན་གྱི་ལོ་རྒྱུས་ཡོད་ལ། 1238ལོར་སོའུ་ཁི་ཐེ་རྒྱལ་རབས་(素可王朝)ནས་བརྩམས་ཏེ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་གྱུར། དེ་ནས་རིམ་བཞིན་ཏ་ཁྲིན་རྒྱལ་རབས་(大城王朝)དང་། ཐོན་བོའུ་ལས་རྒྱལ་རབས་(吞武里王朝)མན་གོའུ་རྒྱལ་རབས་(曼谷王朝)དག་བྱུང་བར་གྱུར། དུས་རབས་བཅུ་དྲུག་པ་ནས་བཟུང་ཕོར་ཐུ་གལ། ཧོ་ལན། དབྱིན་ཇི། ཧྥ་རན་སི་སོགས་ཀྱི་མི་སེར་སྤེལ་བའི་རིང་ལུགས་པ་ནང་འཛུལ་བྱུང་སྟབས། དུས་རབས་བཅུ་དགུ་པའི་མཇུག་མན་གོའི་རྒྱལ་རབས་ལྔ་པའི་སྐབས་སུ་ནུབ་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་དག་སྤྱད་དེ་སྤྱི་ཚོགས་བཅོས་སྒྱུར་བྱས།
   1932ལོའི་ཟླ་6པར་མི་དམངས་ཏང་གི་སྲིད་བསྒྱུར་གྱིས་རྒྱལ་པོའི་དབང་སྲིད་ཀྱིས་འཛིན་པའི་སྲོལ་བཙུགས། 1939ལོའི་ཟླ་6པར་ཐེ་ལན་དི་ཞེས་པའི་མིང་གསར་དུ་བཏགས་ལ་རང་དབང་ཡུལ་ཞེས་པའི་དོན་ཡིན།
   རྒྱལ་རྟགས་ནི་བྱ་རྒྱལ་ཁྱུང་ཆེན་དམར་ནག་ཞིག་གི་རྒྱབ་ཏུ་ན་ཚེ་རྒྱལ་པོ་ཙོག་ཡོད་ཅིང་། སྤྱི་གཙུག་ཏུ་གསེར་གྱི་སྐེ་རྒྱན་དང་དཔུང་རྒྱན། ལག་གདུབ་རྣམས་ཀྱིས་བརྒྱན་པ། གསེར་གྱི་གོ་ཁྲབ་གྱོན་པ་ཅན་ཞིག་གོ །

   རྒྱལ་དར་ནི་གྲུ་བཞི་ནར་མོའི་དབྱིབས་ཅན། དམར་པོ། སྔོན་པོ། དཀར་པོ་གསུམ་གྱི་མདོག་གིས་ལྔ་ཤར་འཕྲེད་དུ་བརྐྱངས་པ། སྟེང་དང་འོག་དམར་ཤར་དང་། དཀྱིལ་སྔོ་ཤར། སྔོན་པོའི་སྟེང་འོག་དཀར་ཤར། དཀྱིལ་གྱི་སྔོ་ཤར་གྱི་ལིང་ཚད་ཀྱི་ཆེ་ཆུང་དཀར་ཤལ་གྱི་ལྡབ་གཉིས་ཡིན། དམར་པོས་རིགས་རྒྱུད་དང་འབངས་ཀྱི་མཐུན་སྒྲིལ་དང་སྟོབས་ཤུགས་བདེན་དོན་གྱི་ཆེད་ལུས་སྲོག་ཀྱང་གཏོང་ཕོད་པའི་སྙིང་སྟོབས་མཚོན། དཀར་པོས་འཚེ་བ་མེད་པ་དམ་པའི་ཆོས་ལུགས་དང་། ཐེ་ལན་དི་རྒྱལ་ཁབ་ནི་རྒྱལ་པོའི་ལུགས་ཀྱི་ཁྲིམས་སྲིད་རྒྱལ་ཁབ་ཡིན་པས། རྒྱལ་པོའི་ཐོབ་དང་གོ་ས་མཚོན། སྔོན་པོས་རྒྱལ་རིགས་ནི་རིགས་རྒྱུད་ཀུན་ལས་ཁྱད་དུ་འཕགས་པ་ཡིན་པ་མཚོན། །

ཐེ་ལན་དིའི་རྒྱལ་ས་བྷང་ཁོག་གི་ཕོ་བྲང་ཆེན་མོ། 

   ཐེ་ལན་དི་རྒྱལ་གླུ་ནི་1939ལོར་ལོན•ཧྲ་ལེ་ལུའུ་ཕ་ཕན་ (CoIonI Luang Saranuprapan) ཞེས་པའི་ཚིག་བརྩམས་ཤིང་ཐེ་ལན་དིའི་དཔའ་མཛངས་རྟུལ་ཕོད་ལྡན་པའི་དམག་ལ་ངར་ཤུགས་ཀྱི་སྐུལ་མ་དང་། རྒྱལ་སྲུང་དང་དམངས་སྲུང་ཀྱི་སྐོར་བརྗོད་བྱར་བཟུང་བ་ཞིག་གོ ། དུས་རྒྱུན་ནངས་སྔ་ཆུ་ཚོད་བདུན་པ་ནས་དགུ་བའི་བར་དང་། ཕྱི་དྲོའི་ཆུ་ཚོད་དྲུག་པའི་སྟེང་། ཐེན་ལན་དི་རྒྱལ་ཁབ་ཡོངས་ཀྱི་སྤྱི་གླིང་དང་། སློབ་གླིང་། རྒྱང་བསྒྲགས་དག་ནས་མཉམ་གཅིག་ཏུ་རྒྱལ་གླུ་མངགས་གཏོང་བྱེད་པར་གཏན་འཁེལ་བྱས་ཡོད།
   ཐེ་ལན་དི་རྒྱལ་ཁབ་འཛམ་གླིང་སྟེང་ནས་ཆོས་ལུགས་ལ་དད་མོས་དང་གཙིགས་འཛིན་བྱེད་པ་དང་། ནང་ཆོས་ཆེས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཅིག་ཡིན། ནང་ཆོས་ནི་ཐེ་ལན་དི་རྒྱལ་ཁབ་ཀྱི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་རིག་གནས་ཤིག་ཏུ་ཆགས་ཡོད་ལ། ཐེ་ལན་དི་རྒྱལ་ཁབ་དུ་ནང་པའི་དགོན་པ་ཁྲི་གསུམ་ལྷག་ཡོད། ལྷག་པར་ལྷའི་ཕོ་ཉའི་གྲོང་ཁྱེར་ཞེས་པའི་ཐེ་ལན་དིའི་རྒྱལ་ས། བྷང་ཁོག་ལ་ཡང་དགོན་པའི་གྲོང་ཁྱེར་ཞེས་པར་ཡང་འབོད། ཐེ་ལན་དིའི་རྒྱལ་ཁབ་ཀྱི་རྒྱལ་རབས་རིམ་བྱོན་གྱི་རྒྱལ་རྒྱུད་རྣམས་ཀྱང་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་པ་ཤ་སྟག་ཡིན་ཕྱིར་ནང་ཆོས་ནི་ཐེ་ལན་དི་རྒྱལ་ཁབ་ཀྱི་རྒྱལ་ཆོས་སུ་གྱུར་ཡོད། ཐེ་ལན་དི་རབ་བྱུང་པར་གུས་བཀུར་དང་དད་འདུན་ཤིན་ཏུ་ཆེ་བ་དང་། སྤྱི་ཚོགས་རིམ་པའི་ཁྲོད་དུའང་རབ་བྱུང་པའི་གསུང་ལ་བརྩི་འཇོག་ཆེན་པོ་ཡོད། རྒྱལ་དམངས་ཀྱི་སློབ་གསོ་དང་འཚོ་བའི་ལམ་ཕྱོགས་སོགས་ཀྱི་གཞི་རྩ་གཙོ་བོ་ནང་ཆོས་དང་བསྟུན་ཏེ་བྱེད་པ་དང་། ཐེ་ལན་དིའི་སྐྱེས་པ་ཡོངས་རྫོགས་ལོ་ན་ཉི་ཤུ་ལོན་པ་ན་ངེས་པར་ཏུ་ཉུང་མཐར་ཡང་ཟླ་གསུམ་གྱི་རིང་ལ་རབ་བྱུང་གི་སྡོམ་པ་རྒྱུད་ལ་ལེན་ཏེ། ལྷུང་བཟེད་བསྣམས་ནས་སྔ་དྲོར་བསོད་སྙོམས་བྱས་ཏེ་ཕྱི་དྲོའི་ཁ་ཟས་སྤངས་དགོས། རབ་བྱུང་ཕལ་ཆེར་སློབ་མ་དག་ཡིན། སྤྱིར་ཐེ་ལན་དིར་ནང་བསྟན་དང་སློབ་ཆེན་སློབ་གླིང་གཉིས་ཡོད། དེ་རུ་ནང་ཆོས་ཁོ་ནར་སློབ་སྦྱོང་བྱེད་བཞིན་ཡོད།
   ཐེ་ལན་དིའི་གློག་རྡུལ་བཟོ་ལས་སོགས་བཟོ་བསྐྲུན་ལས་རིགས་འཕེལ་ཚད་མགྱོགས་ལ། ཐོན་ལས་ཀྱི་གྲུབ་ཚུལ་ལ་འགྱུར་བ་ཆེན་པོ་བྱུང་། དཔལ་འབྱོར་རྒྱུན་མཐུད་ཀྱི་འཕེལ་ཚད་ཧ་ཅང་མྱུར་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཇེ་བཟང་དུ་སོང་སྟེ་སློབ་གསོ་དང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་འཚོ་བའི་ཁེ་ཕན་གྱི་རྣམ་པ་ལ་རྒྱུན་མི་ཆད་པར་ལེགས་འགྱུར་བྱུང་།

   ཐེ་ལན་དི་ནི་ཨེ་ཤ་ཡ་གླིང་གི་འབྲུ་རིགས་ཕྱིར་གཏོང་ཁོ་ན་བྱས་པའི་རྒྱལ་ཁབ་ཡིན་ཞིང་། འཛམ་གླིང་སྟེང་ན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་ལྔའི་ཡ་གྱལ་ཡིན། ཐེ་ལན་དིའི་རླངས་འཁོར་ལས་གཉེར་ནི་ཀ་ཆེན་ཐོན་ལས་ཡིན་ཞིང་། ཨེ་ཤ་ཡའི་ཤར་ལྷོའི་རླངས་འཁོར་བཟོ་བསྐྲུན་གྱི་ལྟེ་གནས་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལས་རླངས་འཁོར་གྱི་ཚོང་ར་ཆེས་ཆེ་བ་དེ་ཡིན། །  

ཁྱད་མཚར་ལྡན་པའི་ཐེ་ལན་དིའི་ཡུལ་སྲོལ་རིག་གནས་དང་ཡུལ་ལྗོངས།


རྩོམ་ཡིག་སྔོན་མ།
དྲན་ པའི་ གས་ སྲུབས།
རྩོམ་ཡིག་རྗེས་མ།
ལོ་མ་སེར་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1