བོད་ལྷམ་བཟོ་མཁན་གྱི་ལག་རྩལ་བ།
ཆས་གོས་ཞེས་པ་ནི་མི་རྣམས་ཀྱི་ལུས་ལ་གྱོན་རྒྱུའི་གོས་ལྷམ་ཞྭ་མོ་རིགས་སྣ་ཚོགས་དང་། ལུས་མཛེས་པར་བྱེད་པའི་རིན་པོ་ཆེ་སོགས་ལས་གྲུབ་པའི་རྒྱན་ཆའི་རིགས་སྣ་ཚོགས་ཀྱི་བསྡུས་མིང་ལ་ཟེར། དེའང་ཆེས་སྔ་མོའི་དུས་རང་རེའི་བོད་མི་རིགས་ཀྱི་ཆས་གོས་ལ་རྒྱལ་པོ་དང་། བློན་པོ། བཙུན་མོ། དམག་དཔོན། དགེ་ཚུལ་དང་དགེ་སློང་། སྔགས་པ། བུ། བུ་མོ་བཅས་སོ་སོའི་ལས་ཚན་དང་གོ་གནས་མི་འདྲ་བར་བརྟེན། ཆས་གོས་ཀྱང་སོ་སོར་མ་འདྲེས་པ་གོ་རིམ་བཅས་གསལ་པོ་ཡོད་ཅིང་། མདོ་དབུས་ཁམས་དང་རོང་འབྲོག རོང་མ་འབྲོག་བཅས་སོ་སོའི་སྡོད་གནས་དང་། དེར་གནམ་གཤིས་མི་འདྲ་བའི་རྐྱེན་གྱིས་ཆས་གོས་ཀྱི་ཚད་གཞི་མི་འདྲ་བ་ཡོད། དེ་ནས་རིམ་བཞིན་མི་རིགས་མང་པོ་མཉམ་གནས་དང་། ས་གནས་ཁག་བར་མི་རྣམས་ཕན་ཚུན་གྱི་འགྲོ་འོང་གི་སྒོ་ཕྱོགས་བཅུར་འབྱེད་པ་དང་། འཚོ་བའི་ཆ་རྐྱེན། སོ་སོའི་དགའ་མོས་སོགས་ཀྱིས་ཆས་གོས་ཀྱང་འཇིག་རྟེན་གྱི་དངོས་པོ་གཞན་བཞིན་འགྱུར་བ་ཆེན་པོ་བྱུང་དང་འབྱུང་བཞིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན།
འདིར་གནའ་བོའི་ཁམས་སྡེ་དགེའི་ཆས་གོས་ཀྱི་ལུགས་སྲོལ་ལས་བོད་ལྷམ་མདོར་ཙམ་མཚམས་སྦྱོར་བྱ་བ་སྟེ། སྤྱིར་ཁམས་སྡེ་དགེའི་ཡུལ་འདིར་སྔར་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དང་བདག་གིར་བཟུང་བའི་ཡུལ་གྱི་ལྟེ་བ་ཡིན་གཤིས། ཡུལ་མི་རྣམས་ཀྱི་ཆས་གོས་ནི་གླིང་གི་དུས་ནས་བྱུང་བ་ལྟར་འགྱུར་བ་ཆེ་མ་ཐེབས་པས། སྟག་གཟིག་ནོར་འབྱེད་ལས་གདོང་མི་འགྱུར་སྤྱི་དཔོན་རོང་ཚ་ཁྲ་རྒན་དེས། །དབུ་ཞྭ་ཞྭ་འདབ་ཡར་འཛོང་ལ། །པདྨ་ར་གཱའི་ཏོག་གིས་སྤྲས། །རྨ་བྱའི་འཕྲུ་ཤར་ལྔ་པ་བཙུགས། །གོས་ཆེན་རྒྱན་གཞི་སེར་པོ་ལ། །ཆུ་སྲམ་དཀར་པོས་མཐའ་རྒྱན་བརྒྱབ། །ཆུ་དར་དཀར་པོའི་སྐུ་ཆིངས་གསོལ། །རྐང་ལྷམ་འཇའ་རིས་སུམ་སྐོར་ལ། །ཆུ་དར་དམར་པོའི་ལྷམ་སྒྲོག་བཅིངས། །རྐང་གོས་ཁ་དོག་དཀར་པོ་ལ། །དམར་སྨུག་དར་གྱི་གདོང་དར་ཅན། །སེར་པོ་གསེར་གྱི་རྣ་ལོང་ཅན། །སྔོན་མོ་གཡུ་ཡི་མཐའ་རྒྱན་ཅན། །ཁམས་པ་དངུལ་གྱི་གློ་ཟུང་ལ། །རྒྱ་བྱུར་སྤྲུག་མའི་ཕྲ་རྒྱན་ཅན། །གཟི་ཞག་ནོར་བུའི་མགུལ་རྒྱན་གསོལ། །གོས་ཆེན་སེར་པོའི་ཕོ་ཁུག་ལ། །སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན། །བ་སོ་དཀར་པོའི་ཁ་འཐེན་སྤྲས། །ཞེས་པ་དང་ཕལ་ཆེར་མཐུན། །
བོད་ལྷམ་དང་དེའི་བཟོ་བྱེད་ལག་ཆ།
དེའང་ལྷམ་ཞེས་པ་ནི་ཀོ་བ་དང་། སྣམ་བུ་སོགས་ཀྱིས་བཟོས་པའི་རྐང་པ་སྐྱོབ་བྱེད་ཀྱི་གྱོན་ཆས་ཏེ། སྡེ་དགེའི་བོད་ལྷམ་ལ་རྒྱུ་ཆ་མི་འདྲ་བའི་དབང་གིས་རྗན་དམ་ལྷམ་དང་། །མགོ་སྣམ་ལྷ་འཕྲུག་ལྷམ། འབའ་ལྷམ་སོགས་དབྱེ་སྲོལ་ཡོད། དེ་དག་གི་རྡོག་པ་ལའང་མི་འདྲ་བས་རྡོག་གཙགས་དང་རྡོག་རྐྱང་གི་དབྱེ་བ་ཡོད།
སྤྱིར་བོད་ལྷམ་ནི་ཕྱི་ནང་ཤན་མའི་ཡུ་རིང་ཅན་ཡིན་ལ། ནང་ཤན་ལྷམ་ཡུའི་སྟེང་དུ་རྩེ་རས་དང་ལོང་བཀྲ་མུ་རན་བཅས་རིམ་བཞིན་སུམ་ཁྲ་བསྒྲིགས་པའི་འོག་རྐང་ལྡེབས་ཀྱི་དབྱིབས་དང་མཚུངས་པའི་ཀོ་བའམ་སྣམ་བུ། སྣམ་བུར་རས་ཤན་པ་སོགས་གང་རུང་གིས་བཟོས་པར་ལྷམ་མགོ་ཟེར་བ་དང་། དེ་དག་སྲབ་ཅིང་མཛེས་པ་བྱེད་པའི་ཆ་ནས་ལྷམ་གྱི་ཕྱི་ངོས་ལོང་བཀྲའི་སྟེང་ན་ཕྱི་སྐྱོར་དང་། སྔོན་ངོས་ན་སྔ་སྐྱོར་ཞེས་པ་ལྷམ་མགོ་ནས་རྩེ་རས་བར་ཞིང་ཕྲ་ལ་རིང་བ་མུ་རན་གྱི་རྒྱུ་གང་ཡིན་སྦྱར་སྲོལ་ཡོད། སྔོན་ངོས་ན་གདོང་བཅག་གི་སྟེང་དུ་སྣ་གདན་སེར་སྐྱའམ་སྔོ་ནག་གང་རུང་གི་སྟེང་དུ་སྟོང་སྐུད་སུམ་ཁྲ་ཅན་གྱི་སྣ་སྐུད་བསྒྲིགས་ཡོད། ལྷམ་མགོའི་སྟེང་རྐང་ཞབས་ཀྱི་དབྱིབས་དང་མཚུངས་པའི་ཁལ་དང་མཛོ་སོགས་ཀྱི་གཞུང་ཀོ་དྲས་ནས་བཟོས་པའི་རྡོག་པ། གནག་ཕྱུགས་བེའུ་ལོ་གཉིས་གསུམ་ལོན་པར་ཡ་རེ་ཟེར་བའི་རྔ་མའི་རྩིད་སྐུད་ཀྱིས་བཙེམ་སྟེ་སྦྱར་ཡོད། བོད་སྐད་དུ་ལྷམ་དང་གོས་སོགས་ལ་ཚེམ་དྲུབ་དང་། རྡོག་པ་ལ་རྡོག་ཟེར་བའི་ཁ་སྐད་ཀྱི་གོམས་གཤིས་ཡོད། བོད་ལྷམ་དྲུབ་ཚར་རྗེས་ལྷམ་ཀྱི་དབྱིབས་དོད་བྱེད་ནང་དུ་ཤིང་ལྟག་མས་བཟོས་པའི་ལྷམ་རྒྱོང་ཞེས་པས་རྒྱོང་དགོས། དེ་ལ་རྒྱོང་མགོ་དང་། ཕྱི་རྒྱོང་། རྒྱོང་རྩབ་ཟེར་བས་ལྷམ་ཆེ་ཆུང་ལྟར་རྒྱོང་སྲོལ་ཡོད། བོད་ལྷམ་གྱོན་སྐབས་ལྷམ་སྒྲོག་ཅེས་བལ་སྐུད་ཚོན་ཁྲ་ཅན་ལེ་མོས་དཀྲིས་སྐོར་གསུམ་བཞི་ཙམ་གྱིས་སྡོམ་དགོས། ཁ་སྐད་ཀྱི་གོམས་གཤིས་ལ་སྐེ་རགས་དང་ལྷམ་སྒྲོག་ལ་བཅིངས་ཟེར། བོད་ཀྱི་ལུགས་སྲོལ་ལ་ཞྭ་མ་གྱོན་ན་སྤྱོད་པ་ཡ་རབས་དང་། ལྷམ་མ་གྱོན་ན་སྤྱོད་པ་མ་རབས་བརྩི་སྲོལ་ཡོད། གནའ་མིའི་གཏམ་དཔེ་ལ། རྐང་རྗེན་མ་དེ་བྱ་འདྲ། །གཅེར་རུ་མ་དེ་གླུད་འདྲ། །ཞེས་གྲགས་སོ། །