( དེབ་གོང་མར་མཐུད། )
བོད་ཁམས་སིལ་བུའི་དུས་སྐབས་འདིར། །
སྤྱི་ལ་དབང་བའི་དཔོན་སྐལ་ཆད། །
སྲིད་ལ་ཉམས་རྒུད་ཆེ་ནའང་། །
བོད་ཀྱི་ཆོས་དང་རིག་གཞུང་རྣམས། །
དུས་འདིར་དར་རྒྱས་ཆེ་བར་བྱུང་། །
དབུས་གཙང་གཞོན་ནུ་རྒྱ་གར་ཕྱིན། །
རྒྱ་ཆོས་བོད་དུ་དྲངས་ནས་བསྒྱུར། །
མདོ་ཁམས་མི་རྣམས་དབུས་སུ་ཕྱིན། །
བོད་ཁམས་ཕལ་ཆེར་དགོན་སྡེས་གང་། །
ཇོ་བོ་རྗེ་ཡབ་སྲས།
སྤྱིར་བོད་ཁམས་སིལ་བུའི་སྐབས་སུ་བོད་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོ་མེད་པར་གྱུར། ཐོག་མར་ལོ་ངོ་བདུན་ཅུ་ཡས་མས་ཙམ་ལ་སྡེ་འཁྲུགས་རྒྱུན་མ་ཆད་པས་རྒྱལ་ཁྲིམས་ཉམས། འབངས་ཁྲིམས་ཞིག ཆོས་ལོག་དར། རིག་གནས་ཉམས་པ་སོགས་བོད་ཁམས་མི་བསྲུན་གདུག་པས་གང་བའི་དུས་སྐབས་ཤིག་བྱུང་། དེ་ནས་རིམ་བཞིན་མི་རྣམས་ཆོས་དང་རིག་གནས་ལ་དད་ཞེན་དང་དང་དོད་ཇེ་ཆེར་ཕྱིན། དབུས་གཙང་གི་མི་བཅུ་མདོ་སྨད་དུ་ཕེབས་ནས་རབ་ཏུ་བྱུང་། ཆོས་དང་རིག་གནས་ཀྱི་བསྟན་པ་བསྐྱར་དུ་དར་བའི་དབུ་བརྙེས། ཡུལ་མི་ཤེས་ཡོན་ཅན་དང་གྲྭ་བཙུན་རྣམས་ལ་དད་གུས་དང་བརྩི་བཀུར་ཇེ་ཆེར་ཕྱིན་སྟབས། དབུས་གཙང་ལ་སོགས་སྟོད་ཕྱོགས་ཀྱིས་དུད་ཁྱིམ་འབྱོར་ལྡན་རྣམས་ཀྱིས་བུ་རྒྱུད་རྒྱ་གར་དུ་བཏང་སྟེ་ཆོས་དང་རིག་གནས་བསླབས། ཕྱིར་བོད་དུ་ཕེབས་པ་དང་དགོན་གནས་བཙུགས་ཤིང་། རིག་གཞུང་བོད་སྐད་དུ་བསྒྱུར་བའི་ལོ་ཙཱ་བ་དུ་མ་ཞིག་བྱུང་ཡོད་པ་ནི་ལོ་ཆེན་རིན་ཆེན་བཟང་པོ་དང་། མར་པ་ལོ་ཙཱ་བ། འབྲོག་མི་ལོ་ཙཱ་བ། འགོས་ལོ་ཙཱ་བ་ལ་སོགས་པ་རྣམས་སོ། དུས་དེར་གྲྭ་བཙུན་རྣམས་ནི་སྡེ་འབངས་རྣམས་ཀྱི་དད་གུས་ཀྱི་ཡུལ་དུ་གྱུར་ཏེ། མ་བསྐོས་རང་འགུལ་གྱིས་ཡུལ་སོ་སོའི་རེ་ལྟོས་བྱ་ཡུལ་གྱི་མགོ་དཔོན་ལྟ་བུ་ཞིག་ཆགས། དགོན་པ་རྣམས་ནི་ཡུལ་སྡེའི་འཚོ་བའི་སྐྱབས་གནས་ལྟ་བུ་ཞིག་ཆགས། དེར་བརྟེན་མདོ་ཁམས་ཕྱོགས་ཀྱིས་གཞོན་སྐྱེས་རྣམས་དབུས་གཙང་གི་ཡུལ་དུ་ཕྱིན་ནས་ཆོས་དང་རིག་གནས་བསླབས། ཕྱིར་རང་ཡུལ་དུ་སླེབས་རྗེས་དགོན་པ་མང་པོ་བཏབ་སྟེ་ཡུལ་མིའི་རེ་ལྟོས་བྱས།
དེ་ནས་བཟུང་དགོན་པ་ནི་བོད་འབངས་རྣམས་ཀྱི་འཚོ་བའི་རེ་ལྟོས་བྱ་ཡུལ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི། 1 ཐོག་མར་ཆོས་དང་རིག་གནས་གང་ཞིག་བསླབ་འདོད་ཚེ་དགོན་པ་ཁོ་ན་ལས་ཡུལ་གཞན་སློབ་གཉེར་བྱ་ཡུལ་མེད་པས་དགོན་པ་ནི་བོད་ཀྱི་སློབ་གྲྭ་གཙོ་བོར་ཡིན། 2 ནད་པ་གང་ཞིག སྨན་པ་བཙལ་ཅིང་ནད་གདོན་བཅོས་ཡུལ་ཡང་དགོན་པ་ཡིན་པས་ན་དགོན་པ་ནི་བོད་ཀྱི་སྨན་ཁང་ཡིན། 3 བོད་ཀྱི་སྐྱེ་བོ་གང་ཞིག རིག་གནས་ཀྱི་སྤྲོ་གསེང་འདོད་ན། ཡུལ་སོ་སོའི་དགོན་པའི་ནང་དུ་འཆར་ཅན་གྱི་གར་འཆམ་སྣ་ཚོགས་ཡོད་པ་དེར་གཟིགས་མོར་ཕེབས་ཏེ་འདོད་ཡོན་ལོངས་སུ་སྤྱོད་ཆོག་པས་ན་དགོན་པ་ནི་བོད་པའི་རིག་གནས་སྤྲོ་གསེང་ཁང་ཡིན། 4 ཡུལ་སྡེ་རྣམས་ཀྱིས་ནོར་བུའི་རིགས་དང་། གསེར་དངུལ་རིགས་སོགས་རིན་ཐང་ཆེ་བའི་ནོར་རྫས་རྣམས་བཅོལ་ཡུལ་དགོན་པ་ཡིན་པས་བང་མཛོད་དམ་དངུལ་ཁང་ལྟ་བུ་ཡིན། 5 གཤིན་པོ་རྣམས་ཀྱི་རྒྱན་ཆ་དང་། གོ་མཚོན་སོགས་སྡིག་བཤགས་ཀྱི་ཆེད་དུ་དགོན་པའི་ནང་དུ་ཕུལ་ཅིང་དེ་དག་ལྷའི་རྒྱན་ཆས་དང་། ཆོས་སྐྱོང་གི་སྤྱན་གཟིགས་སུ་ཕུལ་བས་དགོན་པ་ནི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། 6 ཡུལ་མི་རྣམས་ལ་དཀའ་ངལ་གང་ཞིག་བྱུང་ཚེ་དགོན་པའི་ནང་དུ་ཕྱིན་ནས་ཆོས་དང་། ནོར་གྱི་སྐྱབས་འཇུག་ཞུ་ཡུལ་ཡིན་པས་ན་དགོན་པ་ནི་ཡུལ་མིའི་སྐྱབས་གནས་བཅོལ་ཡུལ་ཡིན། 7 སྡེ་པ་ཕན་ཚུན་དམེ་འཁྲུག་ཤོར་ཞིང་གྱོད་དང་། ཁ་མཆུ་རྩོད་པ་བྱུང་ཚེ་དགོན་པའི་ནང་དུ་གཏུག་བཤེར་བྱེད་ཅིང་བླ་མའི་བཀའ་ལྟར་ཕྱོགས་གཉིས་ཀས་འཁོན་པ་བསྡུམས་ཏེ་འཁྲུག་རྩོད་ཀྱི་རྒྱུན་གཅོད་ས་ཡིན་པས་ན་དགོན་པ་ནི་ཁྲིམས་ས་ཁང་ལྟ་བུ་ཞིག་ཡིན། མདོར་ན། བོད་སིལ་བུའི་སྐབས་སུ་བོད་འབངས་ཀྱི་འཚོ་བའི་ནང་དུ་དགོན་པ་ནི་མེད་ཐབས་མེད་པའི་གྲུབ་ཆ་ཞིག་ཆགས་པ་རེད།
ལྷ་ཆོས་བདུན་ལྡན་བཀའ་གདམས་པ། །
བཀའ་བབ་བཞི་ལྡན་བཀའ་བརྒྱུད་པ། །
གསེར་ཆོས་ལྔ་ལྡན་ཤངས་པ་བ། །
ལམ་སྐོར་དགུ་བརྒྱུད་ས་སྐྱ་པ། །
བདག་འཛིན་དབྱིངས་སྐྱེལ་གཅོད་ཡུལ་བ། །
ཆེ་བ་བཞི་ལྡན་ཞ་ལུ་པ། །
གདམས་ངག་ཕལ་ཆེར་དུས་འདིར་བྱུང་། །
མར་མི་དྭགས་གསུམ།
དང་པོ། བཀའ་གདམས་པ། བོད་འདིར་ཇོ་བོ་བཀའ་གདམས་པའི་བསྟན་པ་དར་ཚུལ་ནི། དེ་ཡང་བོད་དུ་བསྟན་པ་ཕྱི་དར་གྱི་དུས་སུ་རང་སྣང་གང་དྲན་གྱི་གསང་སྔགས་ལ་ཁ་གཡར་ནས་བོད་འབངས་རྣམས་ལ་མགོ་སྐོར་གཏོང་མཁན་ཆོས་ལོག་བྱེད་མཁན་མང་པོ་ཞིག་བྱུང་ཞིང་བོད་ཀྱི་སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་བྱུང་སྐབས། ལྷ་བླ་མ་ཡེ་ཤེས་འོད་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་ཆོས་ལོག་ལ་དགག་པ་བྱས་ཀྱང་བཀག་མ་ཐུབ། ཆོས་དང་ཆོས་མིན་རྣམ་པར་འབྱེད་ཅིང་ཆོས་ལོག་སུན་འབྱིན་པའི་ཆེད་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ཏེ་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་ལ་བཏང་ཡང་སྤྱན་མ་འདྲོངས། ལྷ་བླ་མ་ཡེ་ཤེས་འོད་འདའ་ཁའི་ཞལ་ཆེམས་ལྟར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་དུ་ཆོས་སློབ་ཏུ་མངགས་པ་རང་ཡུལ་དུ་འཁོར་བ་དང་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་དགོས་པའི་སྐོར་རྣམས་གསུངས་ཏེ་སླར་ཡང་གསེར་མང་པོ་དང་བཅས་རྒྱ་གར་དུ་མངགས། སྐབས་དེར་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེང་གེ་ཆོས་ལ་སློབ་གཉེར་བྱེད་བཞིན་པ་དང་མཇལ་ཏེ་ཁོང་གཉིས་གྲོས་མོལ་བྱས་ཏེ་མཐར་སྤྱི་ལོ་1042ཆུ་རྟ་ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བལ་ཡུལ་བརྒྱུད་མངའ་རིས་གུ་གེ་རུ་སྤྱན་འདྲེན་ཞུས། ཇོ་བོས་དབུ་མའི་ལྟ་བ་དང་འདུལ་བའི་སྤྱོད་པ་གཉིས་གཙོར་བསྟན་ནས། གཞུང་ལུགས་དང་གདམས་ངག་གཉིས་ཟུང་དུ་འབྲེལ་བའི་བསྟན་བཅོས། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པ་བརྩམས། ཇོ་བོ་རྗེའི་སློབ་མ་རྣམས་ལས་གཙོ་བོར་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་བརྒྱུད་པ་འདི་ལ། ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེ་ཞེས་ཟེར། དེ་ལ་ལྷ་ཆོས་བདུན་ལྡན་ནི། བཀའ་གདམས་ལྷ་བཞི་སྟེ། ཐུབ་པ། སྤྱན་རས་གཟིགས། མི་གཡོ་བ། སྒྲོལ་མ་བཅས་ལྷ་བཞི་དང༌། ཆོས་སྡེ་སྣོད་གསུམ་བཅས་ལ་ཟེར།
བཀའ་གདམས་པའི་བླ་མའི་གཙོ་བོར་མཉམ་མེད་ཇོ་བོ་ཡབ་སྲས་ཞེས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རྣམ་གཉིས་དང་། ལྷག་པར་མཁས་པའི་མཚན་སྙན་འཛིན་པ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཉིད་ཡིན་ནོ།
ཕྱྭ་པ་ཆོས་སེང་མཆིམས་སྟོན་ནམ་མཁའ་གྲགས་། །
བྱ་སྟོན་བརྩོན་འགྲུས་གཏུམ་སྟོན་བློ་གྲོས་ཞབས་། །
བཅོམ་ལྡན་རིག་རལ་དངུལ་ཆུ་ཐོགས་མེད་སོགས། །
བཀའ་གདམས་བསྟན་པ་སྤེལ་བའི་མཁས་གྲུབ་ཚོགས། །
དེང་གི་དུས་ལའང་གནས་ཡོད་པའི་བཀའ་གདམས་རྙིང་མའི་དགོན་པ་གཙོ་བོ་ནི།
① རྭ་སྒྲེང་དགོན་པ། རབ་བྱུང་དང་པོའི་མེ་སྤྲེལ་སྤྱི་ལོ་1056ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཕྱག་བཏབ། དེང་དུས་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ཁོངས་སུ་ཡོད།
② གསང་ཕུ་ནེ་ཐོག་དགོན་པ། རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་1073ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ། དེང་དུས་བོད་རང་སྐྱོང་ལྗོངས་གཞིས་རྩེ་རྫོང་ཁོངས་སུ་ཡོད།
③ སྣར་ཐང་དགོན་པ། རབ་བྱུང་གསུམ་པའི་ཆུ་བྱ་སྤྱི་ལོ་1153ལོར་གཏུམ་སྟོན་བློ་གྲོས་གྲགས་པས་ཕྱག་བཏབ། དེང་དུས་བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད།
གཉིས་པ། མར་པ་བཀའ་བརྒྱུད། མར་པ་བཀའ་བརྒྱུད་ཀྱི་གདམས་ངག་གི་རྒྱུད་ནི། དེ་ཡང་བཀའ་བརྒྱུད་པ་ཞེས་པའི་སྒྲ་དོན་ན། མདོ་ལུགས་ལྟར་ན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པའི་གདམས་ངག་གི་བརྒྱུད་པ་འཛིན་པས་ན་བཀའ་བརྒྱུད་པ་ཟེར། སྔགས་ལུགས་ལྟར་ན། རྗེ་བཙུན་ཏཻ་ལོ་པའི་བཀའ་བབས་བཞིའི་གདམས་ངག་རྣམས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་འཛིན་པའི་གྲུབ་མཐའ་ལ་ཟེར།
ཏཻ་ལོ་པ་ལ་ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་བཀའ་གཉིས་སུ་བབས་པ་ལས། རིང་བརྒྱུད་ཀྱི་བཀའ་བབས་བཞི་ནི། ཡོངས་གྲགས་ལྟར་ན། ཀླུ་སྒྲུབ་ཙཱར་ཡ་ལྭ་བ་པ། །སྐལ་པ་བཟང་པོ་ང་ཡི་ནི། །བཀའ་བབས་བཞི་ཡི་བླ་མ་ཡིན། །ཞེས་གསུངས་པ་ལྟར། ཙཱར་ཡ་པ་ལས་གཏུམ་མོ། ལྭ་བ་པ་ལས་རྨི་ལམ། ཀླུ་སྒྲུབ་ལས་སྒྱུ་ལུས་དང་འོད་གསལ། སུ་ཁ་སདྷི་ལས་བར་དོ་དང་འཕོ་བའི་བཀའ་བབས་པ་ལ་བཀའ་བབས་བཞི་ཟེར། ཉེ་བརྒྱུད་ལྟར་ན། ཏཻ་ལོ་པ་ལ་མིའི་བླ་མ་མེད། །ང་ཡི་བླ་མ་ཐམས་ཅད་མཁྱེན་པ་ཡིན། ། ཞེས་གསུངས་པ་ལྟར། རྡོ་རྗེ་འཆང་དངོས་ལས་གསང་སྔགས་རྒྱུད་སྡེ་བཞིའི་གདམས་པ་རྣམས་གསན། རྡོ་རྗེ་རྣལ་འབྱོར་མས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་མཛོད་གཏད་པས་དེའི་ནང་དུ་གདམས་པའི་བཅུད་ཐམས་ཅད་འདུས་པ་ཡིན་ཟེར། ཏཻ་ལོ་པའི་མདུན་ནས་པཎ་ཆེན་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་སྤྱད་ནས་ཞུས་པའི་མཐར། ཚིག་དང་བརྡ་ལ་བརྟེན་ནས་གསང་སྔགས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་ཅིང་གྲུབ་པ་བརྙེས་པར་①བཤད། ལྷོ་བྲག་མར་པ་ལོ་ཙཱ་སྤྱི་ལོ་1030ལོར་རྒྱ་གར་དུ་བྱོན། པཎ་ཆེན་ནཱ་རོ་པ་ལ་སྔ་རྗེས་བསྡོམས་པས་ལོ་བཅུ་དྲུག་དང་ཟླ་བ་བདུན་ལ་བསྟེན་ནས་དགྱེས་རྡོར་དང༌། གསང་འདུས་གཙོ་བོར་བྱས་པའི་རྒྱུད་སྡེ་མང་པོའི་དབང་བཤད་མན་ངག་རྣམས་ཞུས། བཤད་བརྒྱུད་དང༌། སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་ཆེན་པོ་གཉིས་བྱུང་བ་ནི་བཀའ་བརྒྱུད་པའི་ཆོས་ཀྱི་མཚན་གཞི་ཡིན།
དེ་ལྟར་མངའ་བདག་མར་པ་ལོ་ཙཱའི་གདམས་ངག་གི་བཀའི་རྒྱུན་འཛིན་པའི་སློབ་མ་མང་དུ་བྱུང་བའི་ནང་ནས། གཙོ་བོར་ཀ་ཆེན་བཞི་ཞེས་གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་མཚུར་སྟོན་དབང་ངེ༌། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་དང་བཞིར་བྱུང་ཞིང༌། དེ་དག་ལས་སྔ་མ་གསུམ་ལ་གཙོ་བོར་བཤད་པའི་བཀའ་བབས། མི་ལ་བཞད་པ་རྡོ་རྗེ་ལ་སྒྲུབ་བརྒྱུད་ཀྱི་བཀའ་བབས། མོས་གུས་དང་སྙིང་རུས་ཀྱིས་དཀའ་བ་སྤྱད་པའི་མཐར་སྐུ་ཚེ་གཅིག་ལ་གྲུབ་པའི་གོ་འཕང་བརྙེས། གདམས་ངག་གི་བཅུད་ཀྱིས་བསྐྱངས་པའི་སློབ་བུ་མང་དུ་བྱུང་བའི་ནང་ནས་གཙོ་བོ་སྙན་བརྒྱུད་འཛིན་པ་ཉི་ཟླ་ལྟ་བུ་གཉིས་ཞེས་ཡོངས་སུ་གྲགས་པ་ནི། རྗེ་བཙུན་རས་ཆུང་པ་དང༌། དྭགས་པོ་ཟླ་འོད་གཞོན་ནུ་གཉིས་སོ། མར་པ་བཀའ་བརྒྱུད་བླ་མ་གཙོ་བོ་མར་མི་དྭགས་གསུམ་དང་། དེ་དག་གི་གདན་ས་ནི་མར་པའི་གདན་ས་ལྷོ་གྲོ་བོ་ལུང་། མི་ལ་རས་པའི་གསེས་མཁར་དགུ་ཐོག དྭགས་པོའི་གདན་ས་དྭགས་ལྷ་སྒམ་པོ་རྣམས་ཡིན་ནོ།
བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས། །
ཀཾ་ཚང་ཕག་གྲུ་འབའ་རོམ་པ། །
ཚལ་པ་བཀའ་བརྒྱུད་ཆེ་བཞི་ཟེར། །
འབྲི་སྟག་ཁྲོ་གླིང་གཡའ་ཤུགས་དང་། །
སྨར་ཡེར་བཀའ་བརྒྱུད་ཆུང་བརྒྱད་གྲགས། །
དེ་ལྟར་རྩ་བ་དྭགས་པོ་བཀའ་བརྒྱུད་ལས་མཆེད་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས་བཀའ་བརྒྱུད་ཆེ་བཞི་ནི།
བཀའ་བརྒྱུད་ཆེ་བཞིའི་སྡོང་རིས།
གཅིག ༽ ཀརྨ་པ་དུས་གསུམ་མཁྱེན་པ་ལས་ཀཾ་ཚང་བཀའ་བརྒྱུད། ཀརྨ་པ་དུས་གསུམ་མཁྱེན་པ་ནི། སྤྱི་ལོ་1110པ་ལྕགས་སྟག་ལོར་ཁམས་ཀྲེ་ཤོད་གངས་ཀྱི་ར་བ་ཞེས་དེང་དུས་དཀར་མཛེས་རྫོང་ར་སྟག་གྲོང་དུ་འཁྲུངས། དབུས་སུ་བྱོན་ནས་དྭགས་པོ་རིན་པོ་ཆེ་བླ་མར་བསྟེན། སྐུའི་གནས་ཀཾ་པོ་གངས་ར། གསུང་གནས་ཀརྨ་རི་གླིང་། ཐུགས་གནས་སྟོད་ལུང་མཚུར་ཕུ། ཡོན་ཏན་གནས་འདོབས་སྤང་ཕུག ཕྲིན་ལས་གནས་ཤར་ཕྱོགས་སྤུངས་རི་བཅས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གདན་ས་ལྔ་བཏབ། སྤྱི་ལོ་1193པ་ཆུ་གླང་ལོར་འདས།
དེང་དུས་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་གཙོ་བོར་གདན་ས་གོང་འོག་བར་གསུམ་ནི།
① མཚུར་ཕུ་དགོན། རབ་བྱུང་གསུམ་པའི་ལྕགས་ལུག་སྤྱི་ལོ་1151ལོར་དུས་གསུམ་མཁྱེན་པ་གནས་འདིར་བཞུགས་ཏེ་ཚོགས་པ་བསྐྱངས། རབ་བྱུང་གསུམ་པའི་ས་ཡོས་སྤྱི་ལོ་1159ལོར་གནས་འདིར་ཀརྨ་པའི་གཟིམ་སྤྱིལ་ཆུང་ངུ་ཞིག་བཏབ། དེ་ནས་ཁམས་སུ་ཕེབས་ཏེ་ཡུན་རིང་འགོར། རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ་1189ལོར་ཕྱིར་མཚུར་ཕུར་ཕེབས་ཏེ་མཚུར་ཕུའི་ལྷ་ཁང་བཞེངས། ད་ལྟ་ལྷ་ས་གྲོང་ཁྱེར་སྟོང་ལུང་རྫོང་ཁོངས་སུ་ཡོད།
② ཀརྨ་དགོན། རབ་བྱུང་གསུམ་པའི་ཤིང་སྦྲུལ་སྤྱི་ལོ་1185ལོར་ཀརྨ་པ་དགུང་ལོ་དོན་བདུན་སྐབས་དགོན་པ་འདི་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁོངས་སུ་ཡོད།
③ དཔལ་སྤུངས་དགོན། རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་1727ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།
གཉིས ༽ ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ནི། སྤྱི་ལོ་1110པ་ལྕགས་སྟག་ལོར། ཁམས་སྡེ་དགེའི་རྨེ་ཤོད་རྟག་ངོས་སབ་ཁང་དུ་འཁྲུངས། དབུས་སུ་བྱོན་ཏེ་དྭགས་པོ་རིན་པོ་ཆེ་སོགས་བླ་མར་བསྟེན། ལྷོ་ཁའི་ཕྱོགས་ཀྱི་ཕག་མོ་གྲུར་སྐུ་མཚམས་བཞུགས། སྤྱི་ལོ་1158པ་ས་སྟག་ལོར་གདན་ས་མཐིལ་བཏབ། སློབ་ཚོགས་རྣམས་ཀྱིས་གདམས་ངག་གི་ཕྲིན་ལས་བཀའ་བརྒྱུད་ཆུང་བརྒྱད་ཅེས་པ་འདི་དག་བྱུང་། སྤྱི་ལོ་1170པ་ལྕགས་སྟག་ལོར་འདས།
གསུམ ༽ དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད། ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ནི། སྤྱི་ལོ་1123པ་ཆུ་ཡོས་ལོར་སྐྱིད་ཤོད་དུ་འཁྲུངས། སྤྱི་ལོ་1175པ་ཤིང་ལུག་ལོར་ཚལ་གུང་ཐང་གི་དགོན་པ་བཏབ། ད་ལྟ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སུ་ཡོད། སྤྱི་ལོ་1193པ་ཆུ་གླང་ལོར་འདས།
བཞི ༽ འབའ་རོམ་པ་དར་མ་རྒྱལ་མཚན་ལས་འབའ་རོམ་བཀའ་བརྒྱུད། འབའ་རོམ་དར་མ་དབང་ཕྱུག་གི་འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད། སྤྱི་ལོ་1161པ་ལྕགས་སྦྲུལ་ལོར་བསམ་གཏན་གངས་བཟང་གི་མདུན་དུ་གདན་ས་འབའ་རི་བོ་ཆེ་བཏབ། དེང་དུས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་སུ་ཡོད།
བཀའ་བརྒྱུད་ཆུང་བརྒྱད་ནི། རྡོ་རྗེ་རྒྱལ་པོ་ཕག་མོ་གྲུ་པའི་སློབ་མ་རྣམས་ཀྱིས་རང་རང་གིས་ཐུན་མོང་མ་ཡིན་པའི་གདམས་ངག་རེ་རྩལ་དུ་བཏོན་ནས་ཉམས་ལེན་བྱས་ཏེ་མཆོག་གི་འབྲས་བུ་ཐོབ་པའི་བརྒྱུད་པ་རྣམས་ཡིན།
〘1〙 སྐྱོབ་པ་འཇིག་རྟེན་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། སྐྱོབ་པ་འཇིག་རྟེན་མགོན་པོ་ནི། སྤྱི་ལོ་1143པ་ཆུ་ཕག་ལོར་ཁམས་སྒ་སྟོད་དུ་འཁྲུངས། སྤྱི་ལོ་1179པ་ས་ཕག་ལོར་འབྲི་གུང་མཐིལ་གྱི་དགོན་པ་བཏབ། སྤྱི་ལོ་1217པ་མེ་གླང་ལོར་འདས།
〘2〙 ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། སྟག་ལུང་བཀྲ་ཤིས་དཔལ་བ་ནི། སྤྱི་ལོ་1142པ་ཆུ་ཁྱི་ལོར་འཁྲུངས། སྤྱི་ལོ་1180པ་ལྕགས་ཁྱི་ལོར་སྟག་ལུང་དགོན་པ་བཏབ། སྤྱི་ལོ་1210པ་ལྕགས་རྟ་ལོར་འདས།
〘3〙 འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། ཁྲོ་ཕུའི་འགྲོ་མགོན་རྒྱལ་ཚ་ནི། སྤྱི་ལོ་1118པ་ས་ཁྱི་ལོར་འཁྲུངས། སྤྱི་ལོ་1171པ་ལྕགས་ཡོས་ལོར་ཁྲོ་ཕུ་དགོན་པ་བཏབ། སྤྱི་ལོ་1195པ་ཤིང་ཡོས་ལོར་འདས།
〘4〙 གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། གླིང་རས་པདྨ་རྡོ་རྗེ་ནི། སྤྱི་ལོ་1128པ་ས་སྤྲེལ་ལོར་གཙང་མྱང་སྟོད་དུ་འཁྲུངས། སྤྱི་ལོ་1181པ་ལྕགས་གླང་ལོར་སྣ་ཕུ་དགོན་པ་བཏབ། སྤྱི་ལོ་1188པ་ས་སྤྲེལ་ལོར་འདས། དེའི་སློབ་མའི་གཙོ་བོར་གཙང་པ་རྒྱ་རས་ཡེ་ཤེས་ནི། སྤྱི་ལོ་1161པ་ལྕགས་སྦྲུལ་ལོར་ཧའོ་གངས་བཟང་གི་མགུལ་མྱང་སྟོད་དུ་འཁྲུངས། སྤྱི་ལོ་1205པ་ཤིང་གླང་ལོར་དེང་དུས་ཆུ་ཤུར་རྫོང་ཁོངས་སུ་ཡོད་པའི་འབྲུག་སེ་བ་བྱང་ཆུབ་གླིང་བཏབ། དེ་ལས་གླིང་རས་པའི་གདམས་ངག་གི་རྒྱུད་པ་སྤེལ་བ་ལ་དེང་དུས་འབྲུག་པ་བཀའ་བརྒྱུད་ཅེས་པ་འདི་བྱུང་། སྤྱི་ལོ་1211པ་ལྕགས་ལུག་ལོར་འདས།
བཀའ་བརྒྱུད་ཆུང་བརྒྱད་ཀྱི་སྡོང་རིས།
〘5〙 ཆོས་རྗེ་སྨར་པ་གྲུབ་ཐོབ་ལས་སྨར་ཚང་བཀའ་བརྒྱུད། སྨར་ཚང་ཆོས་རྗེ་ནི། སྤྱི་ལོ་1135པ་ཤིང་ཡོས་ལོར་སྨར་ཁམས་སྒང་གི་ཆ་ལག་ཏུ་གཏོགས་པའི་འབྲི་ཆུ་དང་ཟླ་ཆུ་གཉིས་ཀྱི་དབུས་སུ། ཡབ་ལྡན་འདུ་ཀླུ་ཡི་གཙུག་ཅེས་བྱ་བ་དང༌། ཡུམ་ཨ་མོ་བདེ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆོས་རྗེ་རིན་པོ་ཆེ་དགུང་ལོ་སུམ་ཅུ་རྩ་གསུམ་ལོན་པའི་མེ་ཕག་སྤྱི་ལོ་1167ལོར་གདན་ས་ཆེན་མོ་དཔལ་གྱི་ཤོ་དགོན་ཕྱག་བཏབ། དེང་དུས་བྲག་གཡབ་རྫོང་ཁོངས་སུ་ཡོད། སྤྱི་ལོ་1203པ་ཆུ་ཕག་ལོར་སྐུ་གཤེགས།
〘6〙 ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ཡེལ་པ་ཡེ་ཤེས་བརྩེགས་པའི་འཁྲུངས་འདས་ཀྱི་ཡིག་ཆ་མ་རྙེད། སྤྱི་ལོ་1188པ་ས་སྤྲེལ་ལོར་བྱང་རྟ་རྣ་དགོན་ཕྱག་བཏབ།
〘7〙 ཟ་ར་བ་ཡེ་ཤེས་སེང་གེ་ལས་གཡའ་བཟང་བཀའ་བརྒྱུད། ཟ་ར་བའི་སློབ་མ་གཡའ་བཟང་བ་ཆོས་ཀྱི་སྨོན་ལམ་གྱིས་སྤྱི་ལོ་1206པ་མེ་སྟག་ལོར་གཡའ་བཟང་དགོན་ཕྱག་བཏབ། ཟ་ར་བ་ཡེ་ཤེས་སེང་གེའི་འཁྲུངས་ལོ་མ་རྙེད། སྤྱི་ལོ་1207པ་མེ་ཡོས་ལོར་འདས།
〘8〙 སྙེ་ཕུ་གྱེར་སྒོམ་ཆེན་པོ་ལས་ཤུག་གསེབ་བཀའ་བརྒྱུད། སྙེ་ཕུ་གྱེར་སྒོམ་ཆེན་པོའི་འཁྲུངས་འདས་ཀྱི་ཡིག་ཆ་མ་རྙེད། ཤུག་གསེབ་བཀའ་བརྒྱུད་ནི། རྗེ་ཕག་མོ་གྲུ་པའི་ཞལ་སློབ་སྙེ་ཕུའི་གྱེར་སྒོམ་ཆེན་པོ་ལས་བརྒྱུད་པ་ཞིག་ཡིན། རྗེ་དེའི་རྣམ་ཐར་དང་ཆོས་བརྒྱུད་གདམས་ངག་གི་ཡིག་ཆ་གསལ་པོ་མ་རྙེད། དེང་དུས་བཙུན་མའི་དགོན་པ་ཞིག་ཏུ་གྱུར་ནས་ལྟ་སྤྱོད་ཀྱང་ཕལ་ཆེར་རྙིང་ཤས་ཆེ་བ་ཞིག་ཏུ་ཆགས་ཡོད་པར་གྲགས།