༄༅། །སྒྲུང་བཞིན་དུ་གླེང་དགོས་པའི་གེ་སར་རིག་གནས།
གཅན་མེ་སྟག རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-18
སྤྱིར་ཁྲ་མོ་གླིང་བྱ་བའི་ཡུལ་དུ་གེ་སར་བྱ་བའི་སྐྱེས་བུ་ཞིག་བྱོན་ཞིང་། མཐའ་བཞིའི་དགྲ་འདུལ་གྱིས་བོད་ཁམས་བདེ་བར་བསྐྱངས་པའི་ལོ་རྒྱུས་ཤིག་བོད་མི་ཁ་ཐོགས་ཐོགས་ཀུན་པོའི་ངག་ཏུ་ཡོད་ནའང་། གེ་སར་བྱ་བའི་སྐྱེས་བུ་དེ་ལོ་རྒྱུས་དངོས་ཀྱི་མི་སྣ་ཞིག་ཡིན་ནམ་ཡང་ན་ལྷ་སྒྲུང་གི་རྣམ་པས་དར་བའི་སྒྲུང་གི་མི་སྣ་ཞིག་ཡིན་པའི་ཐད་དུ་ཤོད་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་ཅིང་། གནས་ལུགས་ཡོད་མེད་ཀྱི་དཔྱད་རྩོམ་ཀྱང་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། མི་སྣ་དེ་ཀོ་སོག་པོའི་ཁྲོམ་གེ་སར་བྱ་བ་ཡིན་ཟེར་བ་དང་། གཞན་ཡང་གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་ཁེ་ས་ཞེས་པའི་བཙན་བདག་དེ་ཡིན་ཟེར་བ་སོགས་ཀྱི་ཡིག་ཆའང་མང་དུ་བྱུང་ཡོད།
ཡིན་ནའང་གེ་སར་སྐྱེས་བུའི་བྱུང་བ་ལ་ལོ་རྒྱུས་ཀྱི་ཁུངས་མེད་པའང་མིན་ཏེ། མདོ་སྨད་ཆོས་འབྱུང་ལས། སྔོན་རྨ་འགྲམ་སྟོད་ཀྱི་ས་ཆ་ཐམས་ཅད་གླིང་རྗེ་གེ་སར་རྒྱལ་བོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་ཛྙྰ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས་ཞེས་པར་ཁུངས་གཏུགས་ཏེ། 1985ལོའི་སྦྲང་ཆར་དེབ་བཞི་བར་མཁས་དབང་དམུ་དགེ་ཚང་གིས་ལྕགས་བྱི་ལོ་ཡིན་པར་རིགས་སྒྲུབ་བྱས་ལ། བསྟན་རྩིས་ཀུན་བཏུས་ལས་ཀྱང་། གླིང་གེ་སར་རྒྱལ་བོ་ལོ་འདིར་འཁྲུངས་པ་སྒྲུང་དཔེར་བཤད་ཅེས་བསྟན་ཡོད།
དེ་བཞིན་དུ་རླངས་ཀྱི་པོ་ཏི་བསེ་རུར། རླངས་འདྲེ་བཀོལ་གྱིས་གེ་སར་ལ་ཚེ་ཚད་ལོ་བརྒྱད་ཅུ་རྩ་བརྒྱད་ཡིན་པར་ལུང་བསྟན་སོགས་བྱུང་བར་གཞིགས་ན། བོད་རྒྱལ་ལོ་1127དང་ཕྱི་ལོ་1000ལྕགས་ཕོ་བྱི་བའི་ཧོར་ཟླ་བཅུ་བའི་ཚེས་15ཡིན་པར་སྣང་ལ། དེ་ཡང་མདོ་ཁམས་ས་ཡི་ཐིག་ལེ། ས་སྐྱིད་སོས་ཡག་གི་ཁ་མདོ། སྤང་གཉིས་བལ་སྟན་བཏིངས་འདྲ། ཆུ་གཉིས་ཆབ་མ་སྡེབ་འདྲ། བྲག་གཉིས་མདའ་སྒྲོ་གཤིབ་འདྲ། བྲག་སྦལ་བ་འདྲ་བའི་མར་འོག ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རུ། ཡབ་སེང་བློན་དང་ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པར་མངོན་ཞིང་། དེ་ནི་དེང་གི་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་ཤོག་དང་ཚ་ཚ་དགོན་པའི་རྒྱུད་དུ་ཡོད་པ་དེ་ཡིན།
གེ་སར་གྱི་རུས་ནི་བོད་ཀྱི་སྒ་ལྡོང་འབྲི་གསུམ་གྱི་ནང་ཚན་ལྡོང་གི་རུས་རྒྱུད་ལ། དཀར་ནག་ཁྲ་སྨུག་བཞི་ཡོད་པའི་སྨུག་པོ་ལྡོང་གི་རུས་འདི་ཡིན་ཞིང་། སྨུག་པོ་ལྡོང་གི་རུས་མཛོད་ལས། ལྡོང་གི་ཡེ་སྨོན་རྒྱལ་བོ་ནས་མི་རབས་13པར་བུ་མོས་ས་བཟུང་། ལྡོང་ལྷ་སྲས་སྦུ་བོ་བྱང་ཐུལ་དང་འབྲོང་བཟའ་ཁྲི་ལྕམ་མཛེས་ལྡན་ལས་མི་རབས་15པར་ལྡོང་ར་ཁྲ་རྒོད་པོ་ཟེར་བ་བྱུང་བ་ལ། སྲས་རུ་ཁྲི་བཙན་དང་མུ་ཁྲི་བཙན་གཉིས་བྱུང་། རུ་ཁྲི་བཙན་ལ་སྲས་ལྡོང་ཆོས་ལི་འཕན་དང་བླ་མ་འཕན། ཆོས་འཕེལ་ནག་པོ་བྱ་བ་གསུམ་བྱུང་བ་ལས། ཆོས་འཕེལ་ནག་པོས་གསེར་བཟའ། འོམ་བཟའ། སྤྱང་བཟའ་གསུམ་ཁབ་ཏུ་བཞེས་པ་ལ། གསེར་བཟའ་ལ་སྲས་གསེར་བའི་ལྷ་ཡག་དར་དཀར་འཁྲུངས་ཏེ་སྟོད་གླིང་གསེར་བ་མཆེད་བརྒྱད་བྱ་བ་གླིང་གི་ཆེ་རྒྱུད་མཆེད་ཅེས་གྲགས་ཤིང་། དེ་ནི་ད་ལྟའི་ཁམས་སྟོད་ཁྲི་འདུ་རྫོང་སེབ་ཕུ་མདའ་དགོན་གྱི་ས་ཆ་དང་ཆུ་དམར་ལེབ་རྫོང་སེབ་པ་ཤོག་གི་ཕྱི་མའི་ས་རྣམས་ཡིན་ཟེར།
འོམ་བཟའ་ལ་སྲས་ཁྲི་སྤྱང་དཔལ་རྒྱལ་བྱུང་བ་བར་གླིང་འོམ་བུ་ཚོ་དྲུག་བྱ་བའི་སྡེ་ཁག་ཆགས་ཤིང་དེ་ནི་གླིང་གི་འབྲིང་རྒྱུད་ཡིན་པར་གྲགས། སྤྱང་བཟའ་ལ་སྲས་དགྲ་རྒྱལ་འབུམ་མེ་བྱུང་ཞིང་དེ་ནི་སྨད་གླིང་མུ་སྤྱང་སྡེ་བཞི་བྱ་བའི་གླིང་གི་ཆུང་རྒྱུད་ཡིན་ཞེས་གྲགས། དགྲ་རྒྱལ་འབུམ་མེ་ལ་སྲས་ཐོག་ལྷ་འབུམ། དེའི་སྲས་ཆོས་ལ་འབུམ་སྟེ་དེས་རོང་དང་སྒ་དམུ་བཟའ་གསུམ་བཞེས་པས་རོང་ལ་སྤྱི་དཔོན་ཁྲ་རྒན། སྒ་ལ་སེང་བློན་དམུ་ལ་ཁྲོ་ཐུང་གསུམ་སྐྱེས་ཤིང་། སེང་བློན་གྱིས་རྒྱ་རོང་འགོག་གསུམ་ཁབ་ཏུ་བཞེས་པ་ལས། རྒྱ་བཟའ་ལ་རྒྱ་ཚ་ཞལ་དཀར། རོང་བཟའ་ལ་ནོར་བུ་ལྷ་དར། འགོག་བཟའ་ལ་གེ་སར་འཁྲུངས་པར་བཤད་ཡོད།
ལོ་རྒྱུས་དང་དངོས་ཡོད་ཀྱིས་ར་སྤྲོད་ནན་ཏིག་གནང་ཡོད་པ་བཞིར་བཅས་ཤིང་། གླིང་གི་རྟ་རྒྱུགས་རྒྱན་འཇོག་སོགས་ཀྱིས་སྐབས་དེའི་བོད་ཁམས་སིལ་བུར་འཐོར་བའི་དུས་སུ་གཞན་གྱི་བརྙས་བཙེར་དང་དམག་འཁྲུག་ལས་རང་ས་འཛིན་པའི་ཐབས་ཇུས་སོགས་བཟུང་བ་དེས་བོད་ཁམས་སྤྱིའི་བདེ་འཇགས་ལ་མཛད་འཕྲིན་རླབས་ཆེ་བ་བཞག་དང་འཇོག་བཞིན་པས་ན། བོད་པའི་མི་རྣམས་ཀྱིས་ཀྱང་དེའི་མཛད་རྗེས་ལ་གདེང་འཇོག་གིས་བོད་རྒྱལ་སྲོང་བཙན་དང་ཁྲི་སྲོང་ལྡེ་བཙན་ལྟ་བུར་མགོན་སྐྱབས་སུ་བརྩིས་པ་ཡིན་ལ། དེ་སྐབས་སུ་གླིང་བ་འདི་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་སྟེ། ནུབ་ཀྱི་འབྲི་ཆུའི་མགོ་ཁུངས་སྐུ་ལ་དར་མདུང་མན་ཆོད་དང་། ཤར་གྱི་མཛོད་དགེ་སྟོད་སྨད། བྱང་གི་ཨ་རིག་ཆུ་ཚན་ཚུན་ཆད། ལྷོ་ཡི་ལྟ་ཤོད་ཚུན་གླིང་གིས་བདག་དབང་བསྒྱུར་བར་གྲགས།
དེ་ཡང་སྒྲུང་རང་ངོས་ནས་ཀྱང་གསལ་བ་ལྟར། སྟོད་གླིང་གསེར་བ་ཤོག་བརྒྱད། མགོ་དཔོན་ཉི་འབུམ་དར་ལུ། བར་གླིང་འོམ་བུ་ཚོ་དྲུག མགོ་དཔོན་ཨ་ནུ་དཔའ་སེང་། སྨད་གླིང་མི་སྤྱང་སྡེ་བཞི། མགོ་དཔོན་རིན་ཆེན་དར་ལུ། གཡས་རུ་སྒ་ཡི་སྡེ་བ། སྒ་བ་རུ་ཆེན་ཚོ་དྲུག མགོ་དཔོན་སྒ་སྡེ་ཆོས་སྐྱོང་། གཡོན་རུ་འབྲི་ཡི་སྡེ་བ། མགོ་དཔོན་ཨ་འབར་བན་དྷེ། འདན་མ་ཆུ་ལ་ཉིན་སྲིབ། མགོ་དཔོན་ཚ་ཞང་འདན་མ། སྟག་རོང་ཤོག་ཆེན་བཅོ་བརྒྱད། མགོ་དཔོན་ལྷུན་གྲུབ་གྲགས་པ། ཡང་དཔོན་ཨ་ཁུ་ཁྲོ་ཐུང་། ཁྲ་ཁོག་ཤོག་ཆེན་བཅོ་བརྒྱད(བ་ཡན་ཧ་རིའི་ཕྱི་ནང)མགོ་དཔོན་སྤྱི་དཔོན་ཁྲ་རྒན། སྐྱ་ལོ་ཕྱུག་གི་སྡེ་བ། མགོ་དཔོན་སྟོན་པ་རྒྱལ་མཚན། ཀ་རུ་ཤོག་ཆེན་བཅོ་བརྒྱད། མགོ་དཔོན་ཉི་མ་རྒྱལ་མཚན། ནག་རུ་ཤོག་ཆེན་བཅུ་གསུམ། མགོ་དཔོན་ཐར་བ་རྒྱལ་མཚན། རོང་ཤོག་ཚོ་ཆེན་ཉེར་ལྔ། མགོ་དཔོན་ཆོས་ལུ་དར་འཕེན་ཞེས་པའི་དབང་མཛད་དང་བཀའ་བབས་ཀྱི་དཔོན་ཆེན་སོ་སོར་དབྱེ་ཡོད།
ཡང་ལོ་རྒྱུས་ལས། གླིང་གི་གེ་སར་གྱིས་སློབ་དཔོན་པད་མའི་སྤྲུལ་བ་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་བསྟེན་ཏེ་རླངས་ཀྱི་ཡོན་བདག་ཆེན་པོར་གྱུར་བར་བཤད་ལ། རླངས་ཀྱི་པོ་ཏི་བསེ་རུ་ལས། གེར་མཚོའི་མགུལ་དུ་བྱོན་ལ། གླིང་རྗེ་གེ་སར་གྱིས་སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲ་བོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས་མི་འཆི་ཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབས་མཛོད་ཟེར་བ་ལ། སློབ་དཔོན་ཞལ་ནས། ཁྱེད་འཆི་བའི་དུས་སུ་བབས་པ་ལ།། རང་རེས་འབད་ཀྱང་ག་ལ་བརྟེན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། སྐྱེས་བུ་ཁྱེད་ཀྱི་ཚེ་ཚད་ཡིན་ཞེས་གསུངས། ཞེས་བཀོད་ཡོད་ཅིང་། དེའི་ཐད་ནས་བསམས་ན། གེ་སར་སྐྱེས་བུ་དགུང་གྲངས་ལོ་བརྒྱད་ཅུ་རྩ་བརྒྱད་དུ་སོང་འདུག་པའང་དངོས་གཞིའི་སྒྲུང་གི་བསྟན་བྱ་དང་མཐུན་པར་སྣང་ངོ་། །