ན་མོ་ཆེ་རླན་སའི་ཡུལ་སྐོར་དང་ཛམ་བྷ་ལའི་དུས་ཆེན་འཛམ་ཐང་དུ་སྤེལ་བ།

ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-18


     དེ་རིང་སྔ་དྲོའི་དུས་ཚོད་8དང་སྐར་30ཐོག 2017ལོའི་སི་ཁྲོན་གྱི་སྐབས་དང་པོའི་རླན་སའི་སྐྱེ་ཁམས་ལྗོངས་སྐོར་དུས་ཆེན་དང་འཛམ་ཐང་ན་མོ་ཆེ་རླན་སའི་སྐྱེ་ཁམས་ལྗོངས་སྐོར་ཛམ་བྷ་ལའི་དུས་ཆེན་དེ་འཛམ་ཐང་རྫོང་འཛམ་ཐང་གྲོང་རྡལ་ནས་སྤེལ་མགོ་བརྩམས་ཤིང་། ལུས་ལ་ཕོ་རྩལ་སྣ་དགུ་འཛོམས་པའི་འཛམ་ཐང་རྫོང་སྤྱི་བདེ་ཅུས་ཀྱི་འཕྲུལ་རྟ་ཞོན་པའི་ཉེན་རྟོག་རུ་ཁག་གིས་འགོ་ཚུགས་མཛད་སྒོའི་སྐོར་སྐྱོད་དཔུང་ཁག་གི་སྣེ་ཁྲིད་དེ་ཚོགས་ར་ཡོངས་སུ་སྐྱོར་སྐྱོད་བྱས་ནས་དུས་ཆེན་གྱི་ཡོལ་རིས་ཕྱེས་བྱུང་། དྭངས་གཙང་གི་འཛམ་ཐང་། བར་སྣང་གི་དག་ཞིང་ཞེས་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་འཛོམས་པའི་རིག་རྩལ་འཁྲབ་སྟོན་གྱིས་ཕྱོགས་བཞིའི་མགྲོན་པོའི་ཡིད་ཀྱི་དབང་བོ་འཕྲོག

        རླན་ས་ནི་སའི་གོ་ལའི་མཁལ་མ་ཡིན་པའི་བཤད་སྲོལ་ཡོད་ལ། རླན་ས་དང་ནགས་ཚལ། རྒྱ་མཚོ་བཅས་ལ་སའི་གོ་ལའི་སྣོད་བཅུད་ཀྱི་མ་ལག་ཆེན་པོ་གསུམ་དུ་འབོད་ཅིང་། དེ་ནི་རང་བྱུང་ཁམས་ཀྱི་སྐྱེ་ཁམས་གལ་ཆེན་ཞིག་ཡིན། སི་ཁྲོན་རླན་སའི་ཐོན་ཁུངས་ནི་ཆེས་ཕུན་སུམ་ཚོགས་པས་ཀྲུང་ཧྭ་མ་ཡུམ་གྱི་ཆུ་བོ་ཆེན་པོ་སྟེ་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འཕེལ་རྒྱས་ལ་དགེ་བའི་ཕན་འབྲས་ཐོན་ཡོད་ལ། རྒྱལ་སྤྱིའི་སྐྱེ་ཁམས་བདེ་འཇགས་ལའང་སྲུང་སྐྱོབ་ཀྱི་དགེ་མཚན་ལྡན་པ་རེད། རི་ཆུ་ནགས་གསུམ་ནི་རིན་ཆེན་གསེར་དངུལ་ལས་ལྷག་པའི་འདུ་ཤེས་ཡིད་ལ་བཅགས་ཤིང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སི་ཁྲོན་ཞིང་ཆེན་གྱིས་ད་ལོ་ནས་བཟུང་སི་ཁྲོན་རླན་སའི་སྐྱེ་ཁམས་ཡུལ་ལྗོངས་དུས་ཆེན་གསར་དུ་སྤེལ་མགོ་བརྩམས་ཏེ། སྐབས་དང་བོ་ནི་འཛམ་ཐང་རྫོང་དུ་སྤེལ་བ་རེད།

         དེ་ནི་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་ཀྲུང་གུང་འཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་རེད། དུས་ཆེན་འདི་ནི་འཛམ་ཐང་རྫོང་བཙུགས་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བའི་རིག་གནས་ལྗོངས་སྐོར་གྱི་དགྱེས་སྟོན་ཐེངས་ཤིག་དང་གསོན་ཤུགས་ཀྱིས་རབ་ཏུ་ཕྱུག་པའི་སྐྱེ་ཁམས་ལྗོངས་སྐོར་རིག་གནས་ཀྱི་བྱེད་སྒོ་ཞིག་ཀྱང་རེད།  

        ཟླ་8པའི་ཚེས་17ཉིན་ནས་ཚེས་18ཉིན་བར་དུ་བྱེད་སྒོ་དེ་སྤེལ་རྒྱུ་ཡིན་ལ། གླུ་གར་འཁྲབ་སྟོན་དང་། སི་ཁྲོན་གྱི་སྐབས་དང་བོའི་རླན་སའི་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས། རླན་སའི་སྐྱེ་ཁམས་ཡུལ་སྐོར་གྱི་དབུལ་བྲལ་གནད་སྒྲོལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་ཆེན། དེ་མིན་རྟ་རྒྱུག་དང་བོད་ཀྱི་ཟློས་གར་འཁྲབ་སྟོན། མེ་ཕུང་དགོང་ཚོགས། གནས་མཆོག་འཛམ་ཐང་། དམངས་སྲོལ་བཟོ་རྩལ་འགྲེམ་ཚོགས། ཡིག་གཟུགས་པར་རིས་འགྲེམ་སྟོན། ཁྱད་ཆོས་ལྡན་པའི་རིག་རྩལ་བྱེད་སྒོ་མང་བོ་སྤེལ་ནས་ཕྱོགས་ཀུན་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་རིག་གནས། སྲོལ་རྒྱུན་གོམས་སྲོལ་སོགས་ཀྱི་ཐུན་མིན་མཛེས་པ་འབུལ་རྒྱུ་རེད།

       འཛམ་ཐང་རྫོང་ཞེས་པའི་མིང་ནི་དེའི་མངའ་ཁོངས་སུ་གྱུར་པའི་འཛམ་ཐང་བར་མ་ཡུལ་ཚོའི་འཛམ་ཐང་དགོན་གྱི་རྒྱབ་རི་ནི་ཛམ་བྷ་ལའི་སྐུ་དང་འདྲ་བར་མ་ཟད། རི་མདུན་དུ་ཐང་ཆེན་ཞིག་ཀྱང་ཡོད་པས་དེ་ལྟར་ཐོགས་པ་ཡིན་ལ། ལོ་རེའི་ཟླ་8པའི་ཚེས་18ཉིན་ལ་ཛམ་བྷ་ལའི་དུས་ཆེན་རོལ་བའི་སྲོལ་གནའ་ནས་ཡོད། ཉིན་དེར། མི་རྣམས་ཀྱིས་བསྟར་ཕྲེང་བསྒྲིགས་ནས་མཛེས་ཤིང་སྡུག་པའི་ནགས་འདབས་དང་ཆུ་འགྲམ། གོས་ལྗང་བཏིང་འདྲའི་ཐང་ཐོག་ཏུ་སོང་སྟེ། བཀྲ་ཤིས་རྫས་བརྒྱད་ཀྱི་རླུང་རྟ་མཆོད་པར་མ་ཟད། དུས་ཆེན་གྱི་རྒྱན་གོས་གོན་ནས་འདོ་རིགས་རྟ་ཡི་སྐྱ་རྩལ་འགྲན་པ། གསར་དུ་འཐག་པའི་རྩམ་པ། གསར་དུ་དཀྲིགས་པའི་དཀྲིགས་ཇ། གསར་དུ་བསྙལ་བའི་ནས་ཆང་སོགས་སྲོལ་རྒྱུན་ཟས་རིགས་ཁ་ཟས་སུ་འདྲེན་པ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་སྒོ་ཕྱུགས་འཕེལ་ཁ་དར་བར་སྨོན་ལམ་འདེབས་པ་སོགས་ཀྱིས་ཛམ་བྷ་ལའི་དུས་ཆེན་རོལ་བའི་སྲོལ་ཡོད་པ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1