མཐོ་སྒང་ཡུལ་གྲུར་ལྗང་ མདོག་གི་གསོན་ཤུགས་བརྟས།

དབང་ཆེན། རྒྱལ་མོ་འབྲུག་པས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-18


        རྣམ་དཔྱོད་གོམ་སྟབས་ཀྱི་འདེགས་འཇོག་ཤེས་བྱ་ཡངས་པའི་ཐང་ཆེན་ལ་དབང་བསྒྱུར་ཞིང་། དངོས་སྟོབས་རིག་པའི་གཤོག་ཟུང་དྲང་བདེན་གྱི་མཁའ་ལ་གཡོ་སྟེ། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་རྡོ་རྗེའི་ལྗགས་དང་ལྡན་པའི་བློ་བཟང་ལྷུན་གྲུབ་རྡོ་རྗེ་མཆོག་ནི་1948ལོའི་ཟླ་12པར་མཚོ་སྔོན་འབའ་རྫོང་དུ་ལང་ཚོའི་མེ་ཏོག་གསར་པའི་མྱུ་གུ་འབུས། ཆུང་དུས་ནས་གཞན་དང་མི་འདྲ་བའི་ཡ་རབས་མཛད་སྤྱོད་ཀྱི་དྲི་བསུང་ལྷན་སྐྱེས་སུ་མངའ་ཞིང་། ཀུན་གྱིས་བསྔགས་བརྗོད་བྱ་བའི་གནས་སུ་གྱུར། ཕྱིས་སུ་ཅི་ལིན་སློབ་ཆེན་འགྲིམས་ནས་རིག་གནས་ཀྱི་རྩ་ཁམས་ན་ཟུངས་ཁྲག་གསར་པའི་འཚོ་བཅུད་རྒྱུ་ནས་མི་འཕྲོག་པའི་ཤེས་རབ་ལ་མངའ་བརྙེས་ཏེ། དཔལ་འབྱོར་རིག་པའི་འབུམ་རམས་པའི་མཚན་སྙན་ཐོབ། ཁོང་གིས་རིག་པའི་གནས་མཐའ་དག་ལ་གཞན་དྲིང་མི་འཇོག་བའི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས། ཕྱི་དངོས་དཔལ་ཡོན་ལ་རིག་པས་དཔྱད་བཟོད་ཀྱི་གདེང་དང་ལྡན་པའི་བློ་གྲོས་ཀྱི་རྩལ་རྫོགས་པའི་རིག་ཤེས་ཚད་མས་སྐྱེ་ཁམས་དཔལ་ཡོན་དང་། ཁོར་ཡུག་སྲུང་སྐྱོབ། དཔལ་འབྱོར་རིག་པའི་ཐད་སོགས་དངོས་པོའི་སྟོབས་ཤུགས་ཀྱི་རིག་པའི་རྩལ་ཐེབས་པའི་གཞུང་ལུགས་ལ་བྱང་ཆུབ་པའི་རང་དོན་མངོན་དུ་གྱུར་ནས། ལྷག་བསམ་ཟོལ་མེད་ངང་གཞན་དོན་ཡལ་བར་མི་འདོར་པའི་དཔལ་ངར་དང་སྙིང་སྟོབས་རྒྱུད་ལ་འཁྲུངས་བའི་སྤོབས་པ་སྐྱེས་ཏེ་ལས་གནས་ཀྱི་ཐུགས་བཞེས་གནང་། 1978ལོ་ནས་བཟུང་སྔ་རྗེས་སུ་ཁོང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོའི་བྲག་དཀར་རྫོང་ཨུའི་ཧྲུའུ་ཅི་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི། མཚོ་ལྷོ་ཁུལ་དཔོན་བཅས་ཀྱི་འགན་བཞེས། 1985ལོ་ནས་བཟུང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་ཀྱི་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བཅས་ཀྱི་འགན་བཞེས། 1995ལོའི་ཟླ་བ་9པ་ནས་བཟུང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུང་རིན་གཞོན་པ་སོགས་ཀྱི་འགན་བཞེས། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་ཆེན་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས། ད་ལྟ་ཀྲུང་གོའི་མདོ་དབུས་མཐོ་སྒང་ཞིབ་འཇུག་ཚོགས་པ་དང་། རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་བཞེས་ཡོད་པར་མ་ཟད། ལན་ཀྲུའུ་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་གདན་ཞུའི་དགེ་རྒན་ཆེན་མོ་བཅས་ཀྱི་ཐུགས་འགན་བཞེས། བགྲང་བྱ་བཅུ་ཕྲག་རིང་ལ་ཁོང་གིས་རྣམ་དཔྱོད་གྱི་པད་དཀར་གངས་ལྗོངས་སུ་བཞད་དེ་ལྷག་བསམ་གྱི་མཛད་རྗེས་ཟུངས་ཁྲག་གིས་བསྐྲུན་པའི་རིག་པའི་འོད་ཟེར་ལན་སྟོང་འཁྱིལ་བའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་། ཁོར་ཡུག་སྲུང་སྐྱོབ་ལ་དཔྱད་གསུམ་དག་པའི་ལམ་ནས་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ནས་དཔྱད་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་པ་སྟེ། ཁོང་གིས་དཀའ་སྡུག་དང་སྐུ་ཚེགས་ལ་འཛེམ་དོགས་མེད་པར་གངས་ཅན་རིག་གསར་རྣམས་ཀྱི་བགོ་སྐལ་དུ་འཇོག་པའི་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས།》ཞེས་པའི་དཔེ་ཚོགས་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཚན་རིག་ཞིབ་འཇུག་གི་དཔྱད་གཞི་གཙོ་ཤས་སུ་བཞག དེར་མ་ཟད་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས་བསྡུས་བཤད།》དང་། 《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་མི་གྲངས།》 《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་མཚོ་མཚེའུ།》《མདོ་དབུས་མཐོ་སྒང་གི་རྩྭ་སའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག》 《མདོ་དབུས་མཐོ་སྒང་གི་ཆུའི་ཐོན་ཁུངས།》《མདོ་དབུས་མཐོ་སྒང་གི་འཁྱགས་རོམ་དང་སྐྱེ་ཁམས་ཁོར་ཡུག》 《མདོ་དབུས་མཐོ་སྒང་གི་བྱེ་འགྱུར་གནད་དོན་དང་རྒྱུན་མཐུད་འཕེལ་རྒྱས།》 《མདོ་དབུས་མཐོ་སྒང་གི་འགྲིམ་འགྲུལ་དང་འཕེལ་རྒྱས།》《མདོ་དབུས་མཐོ་སྒང་གི་ཐོན་ལས་སྒྲིག་གཞི།》 《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཞིབ་འཇུག》 《མདོ་དབུས་མཐོ་སྒང་གི་ཚན་རྩལ་ཡིག་ཆའི་དཀར་ཆག་ཕྱོགས་ཆེན་མོ།》 《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་འཕེལ་》སོགས་ཆེད་རྩོམ་མང་པོ་བརྩམས་ཡོད་ཅིང་། དེ་ལས་གཞན《རྒྱལ་སྤྱིའི་ཚོང་རར་བསྐྱོད་པ་》དང་།《ཀན་ལྷོའི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ས་ཁུལ་གྱི་ཞིབ་འཇུག》སོགས་གཙོ་སྒྲིག་གནང་། ཁོང་ཉིད་ཀྱིས་ཀྲུང་ཧྭའི་ཆུ་ཡི་གཏེར་མཛོད་དང་ཁུངས་ལྔ་སོགས་ཀྱི་རིག་གཞུང་ལྟ་བ་གསར་བ་བཏོན་མྱོང་ལ། 《མདོ་དབུས་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད།》དང་《ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྤོར་དམངས་འཆམ་མཐུན་གྱིས་འཕེལ་རྒྱས་འབྱུང་བའི་གནད་འགག》སོགས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རིག་པའི་ཟེར་ཕྲེང་འཐོར་བའི་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ་ཡོད།


        2011ལོའི་ཟླ་3པར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་བཞེས་རྗེས་མུ་མཐུད་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་བོད་ཀྱི་རི་ཆུའི་རིག་གནས་ལ་ཞིབ་འཇུག་བྱེད་འགོ་བརྩམས་ཤིང་། ད་ལྟ་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས།》ཞེས་པའི་དཔྱད་གཞི་གལ་ཆེན་དེར་འགོ་འཛིན་བྱས་ནས་མི་བརྒྱ་ལྷག་གི་གྲུབ་པའི་ཚོགས་པ་དང་མཉམ་དུ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་ཟད། ཚེ་སྲོག་ལ་གསོན་ཤུགས་བརྟས་པའི་ཁོང་གིས་མི་ཚེའི་རིན་ཐང་དང་དོན་སྙིང་ལྡན་པའི་ལས་ལ་ཞུགས་ཏེ་རིག་པའི་འཆར་སྒོ་རུ་རིག་གནས་ཀྱི་འོད་སྣང་འཕྲོ་བའི་ཁ་ཕྱོགས་དང་མདུན་ལམ་གསལ་པོར་སྟོན་ནས། བསྐལ་པ་ཇི་སྲིད་ཀྱི་བར་དུ་མི་ནུབ་པའི་མཛད་རྗེས་འཛམ་གླིང་ཡོངས་ལ་མིག་གི་དགའ་སྟོན་དུ་སྤེལ་ཡོད་པ་དང་། ལྷག་པར་དུ་ཁོང་གིས་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས་ལ་དམིགས་ཏེ་མི་རིགས་ཀྱི་རིག་གནས་ལ་ཚེ་སྲོག་གི་རྒྱུན་མཐུད་དེ། བསམ་གཞིག་དང་དཔྱད་བརྗོད་ཀྱི་གཏན་ལ་ཕབ་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། དཔལ་འབྱོར་རིག་གནས་ཐོན་ལས་སྒྲིག་གཞི་སོགས་གསོན་ཉམས་ལྡན་པའི་མཛད་རྗེས་བླ་ན་མེད་པར་མངོན་ཡོད། ཁོང་གིས་དུང་སེམས་ཀྱི་མི་རིགས་འདི་ལ་བཅངས་པའི་མཛའ་བཤེས་དང་། སྤུན་ཟླའི་གྲོགས་སུ་བཟུང་ནས་རིག་གནས་དང་སློབ་གསོའི་འཚོ་བ་ལ་དགྱེས་པར་རོལ་བའི་བདེ་སྐྱིད་ཀྱི་ལམ་ཆེན་གསར་པ་ཞིག་བསྐྲུན་ཡོད་པར་མ་ཟད། ཁོང་གིས་ཡིད་མཚོར་ནས་རྣམ་དཔྱོད་དང་ཤེས་རབ་ཀྱིས་རྩལ་རང་བྱུང་དུ་རྡོལ་བའི་རླབས་ཕྲེང་འཛིན་མའི་ཁྱོན་འདིར་འཐོར་བའི་ཕྱོགས་ཀྱི་ཐོས་འཛིན་བུ་མོའི་བདུད་རྩིའི་གསོས་སུ་སྨིན་པ་དང་། རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ཡོངས་སུ་རྫོགས་པའི་གངས་ཅན་རིག་པའི་དཔའ་བོ་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བར། རང་འདོད་དང་ཕྱོགས་ལྷུང་གི་རིས་སུ་མ་སོང་བར་དཔྱད་གསུམ་དག་པའི་ལམ་ལས་དྲངས་བའི་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་རང་བྱན་དུ་ཚུད་པའི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་། བརྗོད་བྱེད་དག་ཅིང་སྒྲོས་གཙང་བའི་དཔྱད་རྩོམ་བགྲང་ལས་འདས་པ་གངས་ཅན་རིགས་པ་སྨྲ་བའི་སྤྱན་ལམ་དུ་ལེགས་སྐྱེས་སུ་ཕུལ་ཡོད། མདོར་ན་ཁོང་གིས་ཞི་དུལ་དང་བག་ཡོད་ལྡན་པའི་ཐུགས་ཀྱི་བང་མཛོད་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ལེགས་པར་གཏམས་པའི་མི་ཚེའི་རིན་ཐང་མཚོན་ཡོད། །  



རྩོམ་ཡིག་སྔོན་མ།
གནས་ཆེན་ཤར་དུང་རི།
རྩོམ་ཡིག་རྗེས་མ།
རི་རབ་ཀྱི་རྒྱལ་ཁབ་བལ་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1