བལ་བོ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་བལ་བོའམ་བལ་ཡུལ་ཞེས་འབོད་པ་ནི་ཡ་གླིང་ལྷོ་མའི་རི་ཁུལ་གྱི་སྐམ་སའི་རྒྱལ་ཁབ་ཅིག་ཡིན་ཞིང་། འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཡུལ་རེད། དེ་ནི་གོ་ལའི་ཡང་རྩེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་ཤིང་། བྱང་དུ་ ཀྲུང་གོ་དང་ཤར་དུ་འབྲས་ལྗོངས། ལྷོ་དང་ནུབ་ཏུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་བཅས་ལ་འབྲེལ་ནས་ཡོད། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་བཟུང་བལ་བོའི་མི་དག་ཀ་ཏ་མན་ཏུ་ལུང་པའི་ཁུལ་དུ་གཞིས་ཆགས་ཤིང་། དེ་རྗེས་ཧིན་རྡུའི་གནས་སྤོས་ཡུལ་མི་དང་མཉམ་གཅིག་དུ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་བལ་བོའི་ལོ་རྒྱུས་ཀྱི་གླེགས་བམ་མཐུག་པོ་དེ་འབྲི་བཞེངས་གནང་།
བལ་བོ་ནི་འཛམ་གླིང་གི་གླིང་སྣེ་གསུམ་པ་རུ་གྲགས་པའི་མཚོ་བོད་མཐོ་སྒང་དང་སྦྲེལ་ཞིང་། གོ་ལ་ཟླུམ་པོ་འདིའི་སྟེང་ནམ་ཟླའི་འགྱུར་ལྡོག་ཆེས་སྣ་མང་ཅན་གྱི་རྒྱལ་ཁབ་དེ་ཡིན། བལ་བོ་རུ་དུས་ཚོད་འདྲ་འདྲའི་ནང་དུ་ས་ཁུལ་མི་འདྲ་བ་ནས་དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླའི་རྣམ་པ་གསར་པོར་མངོན་ཐུབ། གཞན་ཡང་རྒྱལ་ཁབ་འདིའི་ས་གཞིའི་རྒྱ་ཁྱོན་གྱི་ངོས་ནས་བཤད་ན། དེའི་ས་དབྱིབས་ཀྱི་རྙོག་འཛིང་རང་བཞིན་ཡང་འཛམ་གླིང་གི་རྩེ་གྲས་ཡིན། བོད་ལྗོངས་དང་འབྲེལ་བའི་ནུབ་རྒྱུད་ཀྱི་ཡུལ་དག་ཏུ་ས་བབ་མཐོ་ལ་ནམ་གཤིས་གྲང་ངར་ཆེ་ཞིང་འཛམ་གླིང་ན་མིང་དུ་གྲགས་པའི་མཚོ་འཕགས་སྨི་8000ཡན་ལ་ཟིན་པའི་གངས་རི་8ཡོད། དབུས་སུ་རྒྱལ་ས་ཀ་ཏ་མན་ཏུ་ཆགས་ཤིང་དེ་རུ་མཚོ་འཕགས་སྨི་1350ཡིན་ཞིང་གནམ་གཤིས་དྲོད་གྲང་སྙོམས་པོ་ཡོད། ལྷོ་རྒྱུད་ཐི་ལེ་ཁུལ་གྱི་མཚོ་འཕགས་ལ་སྨི་70ལས་མེད་ཅིང་གནམ་གཤིས་ཀྱང་ཚ་པོ་ཡོད་དེ་དབྱར་ཁར་ཚ་བ་ཆེ་དུས་དྲོད་ཚད་45℃ལ་སླེབས་ཐུབ།
བལ་བོ་ནི་འཛམ་གླིང་སྟེང་ཧིན་རྡུའི་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་ཁེལ་བྱས་པའི་རྒྱལ་ཁབ་གཅིག་པུ་ཡིན་ཡང་། ཧིན་རྡུའི་ཆོས་ལུགས་ཡུལ་འདིར་མ་དར་གོང་སྟེ། སྤྱི་ལོ་སྔོན་གྱི་563ལོར། བལ་བོའི་ལྷོ་ཕྱོགས་ཀྱི་ལུམྦི་ནིའི་ཚལ་དུ་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་བལྟམས་ཤིང་། དེ་རྗེས་ཡུལ་འདིར་སངས་རྒྱས་བསྟན་པ་ཧ་ཅང་དར་ཁྱབ་བྱུང་ཡོད་པ་ད་ལྟའང་ཀ་ཏ་མན་ཏུ་ལུང་པ་སོགས་སུ་བཟོ་བཀོད་ཁྱད་དུ་འཕགས་ཤིང་། བརྗིད་ཆགས་ལྟ་ན་སྡུག་པའི་ནང་ཆོས་ཀྱི་བཟོ་སྐྲུན་བགྲང་གིས་མི་ལོང་བ་ཡོད་པ་དག་གིས་ར་སྤྲོད་བྱ་ཐུབ། དེ་ལས་སྙན་གྲགས་ཀྱི་བ་དན་དགོང་དུ་འཕྱོ་བ་ནི་ནང་རྟེན་གཙོ་བོ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་ཡིན་པའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཡིན། དེ་ནི་བོད་པ་ཚོ་བལ་ཡུལ་དུ་ཕྱིན་དུས་མཆོད་མཇལ་བྱ་ཡུལ་གཙོ་བོའང་ཡིན་ལ་དེའི་མིང་གི་བྱུང་ཚུལ་ལ་གཏམ་རྒྱུད་ཡག་པོ་རེ་ཡོད་པ་གངས་ཅན་བོད་ཀྱི་རི་ལུང་ནགས་གསུམ་ན་ས་ཁྱབ་རྡོ་ཁྱབ་ཏུ་ཡོད།
བལ་བོ་ནི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཡུལ་འདི་ལ་ཡང་རང་ཉིད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་གོམས་གཤིས་མང་པོ་ཡོད་དེ། ཁོང་ཚོས་མི་གཞན་དང་ཐུག་ཕྲད་བྱེད་སྐབས་སོར་བཅུའི་ཐལ་མོ་སྙིམ་པར་སྦྱར་ཏེ་ཕན་ཚུན་ལ་གུས་འདུད་དང་འཚམས་འདྲི་ཞུ་བ་ལས་ཕྱག་འཇུ་བྱ་སྲོལ་ཆེར་མེད་པ་དང་། གཞན་དང་གྲོས་མོལ་བྱེད་པ་སོགས་སུ་མགོ་ཅོག་ལྡེམ་པ་ནི་མོས་མཐུན་མེད་པ་དང་མགོ་བོ་འཕྲེད་དུ་གཡུག་པ་ནི་མོས་མཐུན་ཡོད་པའི་རྣམ་འགྱུར་ཡིན། ད་དུང་ཁྱིམ་བདག་གིས་མགྲོན་པོ་ཚོ་རང་ཁྱིམ་དང་ཁ་འབྲལ་སྐབས་བལ་བོའི་ཞྭ་མོ་གཅིག་དང་། གྲི་གུག་གཅིག རས་ལྷམ་ཆ་གཅིག་བཅས་གནང་སྲིད་ལ། དེ་དག་གིས་གཞན་ལ་ཐུགས་ཁུར་དང་གུས་ཞེན། སྲུང་སྐྱོབ་དང་སེམས་ཁྲལ། བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་མཚོན།
སྤྱི་ལོ་632ལོར་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བོད་དུ་བཙུན་མོར་བསུས་ཤིང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས་བ་ནས་བཟུང་། བོད་དང་བལ་བོའི་བར་ལ་ཆོས་སྲིད་ཀྱི་འབྲེལ་བ་ཟབ་མོ་ཆགས་པ་མ་ཟད་ད་དུང་ཚོང་ལས་ཀྱི་འབྲེལ་བའང་ཟབ་མོ་ཆགས་ཡོད་དེ། དེང་གི་དུས་ལ་ཡང་བོད་ཀྱི་ཚོང་པ་ཚོས་བལ་ཡུལ་ནས་སྐུ་འདྲ་དང་མཆོད་ཆ། ས་གདན་དང་རྒྱན་ཆ་སོགས་ནང་འདྲེན་བྱེད་བཞིན་ཡོད་པ་མ་ཟད། ཚོང་ཟོག་དེ་དག་ལ་བོད་རིགས་མི་དམངས་ཚོས་བརྩི་མཐོང་དང་དགའ་བསུ་ཆེན་པོ་གནང་གི་ཡོད། བོད་དང་བལ་བོའི་ས་མཚམས་སུ་གནས་པའི་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་འགྲམ་གྲོང་རྡལ་ནི་ད་ལྟ་ཚོང་འགྲུལ་གྱི་གྲུ་ཁ་ཆེན་པོ་ཞིག་ཏུ་ཆགས་ཡོད།
བལ་བོ་ལ་སྔོན་ནས་བཟུང་རི་རབ་ཀྱི་རྒྱལ་ཁབ་ཅེས་པའི་སྙན་འཇེབས་ཀྱི་མིང་མཚན་ཞིག་འབོད་སྲོལ་ཡོད་དེ། ཤེལ་དཀར་གྱི་མཆོད་རྟེན་བསྟར་འདྲའི་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་གནའ་བོའི་རྒྱལ་ཁབ་འདིའི་ལོ་རྒྱུས་ཀྱི་གཟི་འོད་འགྱེད་ལ། ཡུལ་འདིའི་ཆོས་ལུགས་ཀྱི་གསང་བ་དང་། བརྗིད་ཆགས་ཀྱི་བཟོ་སྐྲུན། མཛེས་སྡུག་གི་ཡུལ་ལྗོངས་སོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ལ་མིག་གི་དགའ་སྟོན་ཞིག་བཤམས་ནས་ཡོད་ལ་སེམས་ཀྱི་བསྟི་གནས་ཤིག་ཀྱང་བཞེངས་ནས་ཡོད་དོ།།