ཤོ་ནི་བོད་ཀྱི་དམངས་ཁྲོད་རོལ་རྩེད་ནང་གི་ཆ་ཤས་ཤིག་ཡིན་ལ།ཤོ་རྩེད་ནི་བོད་མིའི་ནང་དར་ཁྱབ་ཆེ་ཤོས་ཀྱི་རིག་རྩེད་ཅིག་ཡིན། དེ་ན་ཤོ་ཆས་ཆ་ཚང་ཞིག་ལ་ཤོ་ཆ་གཅིག་དང་ཤོ་གདན་ཤོ་ཕོར་ལག་རྒྱུ་མི་འདྲ་བ་གཉིས་སམ་གསུམ་རྡེའུ་དྲུག་བཅུ་རེ་བཞི་བཅས་ཡོད་དགོས། ཤོ་རྩེད་དེར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཤོ་རྩེད་ལ་རོལ་སྐབས་ལྐུག་ཤོ་མིན་པར་བརྗོད་བྱ་ལོ་རྒྱུས་དང་བཞད་གད། ཟུར་ཟ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཤོ་བཤད་ཤོད་རྒྱུ་ཡོད་དགོས་པ་ནི་རོལ་རྩེད་གཞན་དང་མི་མཚུམས་པ་ཞིག་ཡིན།
སྤྱིར་བཏང་ཤོ་ཡི་རྩེད་སྟངས་ལ་གཉིས་འཛིང་དང་གསུམ་འཛིང་གཉིས་སུ་འདོད་ དེ་མིན་ད་དུང་མི་གཉིས་གཉིས་ཆ་བྱེད་པའི་ཆ་འཛིང་ཡང་ཡོད། ཤོ་འཛིང་རྒྱག་མཁན་ཕྱོགས་རེར་ལག་རྒྱུ་དགུ་རེ་ཡོད་པ་དང་ཤོ་མིག་གཞིར་བཟུང་རྡེའུ་གྲངས་རྩིས་ནས་ལག་རྒྱུ་བཙུགས་པའམ་གཏོང་སྟངས་བྱེད་ཀྱི་ཡོད།
ཤོ་སྐོར་རེའི་ཤོ་ཐེངས་དང་པོ་རྒྱག་དུས་ལག་རྒྱུ་གཉིས་རེ་བཙུགས་ནས་ཤོ་མོ་ཟེར་རུང་ཤོ་པ་རྗེས་མའི་ཤོ་མིག་ཤོ་པ་སྔོན་མ་དང་གཅིག་མཚུངས་ཡིན་ཚེ་ཤོ་མོ་བསད་པ་ཞེས་ཤོ་པ་སྔོན་མའི་ལག་རྒྱུ་གཉིས་བཙུགས་ཤུལ་དུ་ལག་ཁྱི་གསུམ་སྟེ་གཅིག་གིས་མང་བ་བཙུགས་ཆོག་གི་ཡོད་པ་དང་དེ་རྗེས་སླར་ཡང་ཁ་གཏད་ཀྱིས་ཤོ་རྒྱབ་སྟེ་ཤོ་མོ་བསྐྱར་དུ་འཛུགས་པ་ཞེས་རེ་མོས་སུ་རྒྱག་དགོས་ཀྱི་ཡོད། གལ་ཏེ་ཤོ་དང་པོ་དེ་ཤོ་མིག་གཉིས་སམ་པ་ར་ལངས་ན་གཉིས་འཛིང་དང་གསུམ་འཛིང་གང་ཡིན་མ་ལྟོས་པར་ཐད་ཀར་ལག་རྒྱུ་གསུམ་འཛུགས་ཀྱི་ཡོད་པ་དང་། གསུམ་འཛིང་སྐབས་ཤོ་མིག་གསུམ་ལངས་ཚེ་དེ་དང་འདྲ་བར་ལག་ཁྱི་གསུམ་འཛུགས་སྲོལ་ཡོད། དེ་ལྟར་སོ་སོའི་ཤོ་མོ་གཏན་འཁེལ་བྱུང་རྗེས་ཀྱི་ཤོ་རྒྱབ་ཚད་ལ་ལག་རྒྱུ་གཅིག་རེ་ལས་འཛུགས་སྲོལ་མེད། བརྒྱུད་རིམ་དེའི་ནང་ཤོ་མིག་ཐེབས་ན་རང་གི་ལག་རྒྱུ་ཕན་ཚུན་རྩེག་ཆོག་པ་དང་ཁ་གཏད་ཀྱི་ལག་རྒྱུ་བསད་ཆོག དེ་ལྟར་རང་གི་ལག་རྒྱུ་རྩེག་པའམ་ཁ་གཏད་ཀྱི་ལག་རྒྱུ་བསད་ཚེ་རང་ལ་མུ་མཐུད་ཤོ་བརྡབ་རྒྱུའི་དབང་ཆ་རག་པ་ཡིན།
ལག་རྒྱུ་བསོད་སྐབས་གཅིག་རྒྱུས་གཅིག་རྒྱུ་བསོད་པ་དང་གཉིས་རྒྱུས་གཉིས་རྒྱུ་དང་གཅིག་རྒྱུ་བསོད་པ་ལྟར་མང་རྒྱུས་ཉུང་རྒྱུ་བསོད་པ་ལས་ཉུང་རྒྱུས་མང་རྒྱུ་བསོད་ཐབས་མེད་པར་ཁ་བརྡབ་ཞེས་བརྗོད་ཀྱི་ཡོད། རང་གི་ལག་པའི་ནང་ལག་རྒྱུ་ཡོད་རུང་འཛུགས་ས་མེད་པར་ཁ་བརྡབ་ན་བཙུགས་ཟིན་པའི་ལག་རྒྱུ་གང་རུང་གཏོང་དགོས་པ་དང་ལག་རྒྱུ་དེ་དག་ཡང་སོ་སོར་ཁ་བརྡབ་ཀྱི་ཡོད་ཚེ་རང་སོར་བཞག་སྟེ་ཤོ་མུ་མཐུད་ཁ་གཏད་ཀྱིས་རྒྱག་པ་ཡིན། ལག་རྒྱུ་དགུ་ཚང་མ་མཉམ་དུ་རྩེག་ཐུབ་ན་དགུ་མོ་འམ་ཡང་ན་རྩི་མོའོ་ཞེས་ཡག་ཤོས་སུ་བརྩི་བ་དང་། སུའི་ལག་རྒྱུ་དགུ་ཚང་མ་ཤོ་མིག་གཞིར་བཟུང་སྔོན་ལ་རྡེའུ་གང་ཡོད་འགྲོལ་ཚར་ན་དེར་རྒྱལ་ཁ་ཐོབ་པར་བརྩི་བཞིན་ཡོད། །