༄༅། །<<གླིང་གེ་སར་རྒྱལ་བོའི་སྒྲུང>>གི་གཏམ་དཔེའི་ཁྱད་ཆོས་དང་མཚོན་སྟངས་སྐོར་གྱི་བསྣོན་དཔྱད།
ཀླུ་ཐར་སྐྱིད། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ེངེད་དྲ་བ། སྤེལ་དུས། 07-18
སྒྲུང་དཔེའི་ནང་གི་གཏམ་དཔེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བགྲང་ལས་འདས་པ་དང་སྤྱད་པས་མི་རྫོགས་པ་སོགས་སྒྱུ་རྩལ་གྱི་རྣམ་པ་གང་མང་མཆིས་ཏེ། <<གླིང་གེ་སེར་རྒྱལ་པོའི་སྒྲུང་།>>ནང་གི་གཏམ་དཔེས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་དང་ཐོན་སྐྱེད། གྲལ་རིམ་བཅས་འཐབ་རྩོད་བྱས་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་། དེ་བཞིན་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ། འཇིག་རྟེན་ཁམས་ཀྱི་རི་ར་བ་ཁང་ཁྱིམ་དང་རང་བྱུང་ཁམས་ཀྱི་འཐབ་རྩོད་ལས་མིའི་རིགས་ཀྱི་འཚོ་བ་རོལ་ཚུལ་ལ་དཔྱད་གཞི་ཡང་དག་པ་ཞིག་དྲངས་ཡོད་པས། འདིར་གཏམ་དཔེ་དག་བརྗོད་བྱའི་སྟེང་རིགས་བཞིར་བཀར་ཏེ་དེའི་སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་ཁུལ་བྱའོ། །
གཅིག ཁ་ཏ་བསླབ་བྱ་མཚོན་པའི་གཏམ་དཔེའི་ཁྱད་ཆོས།
སྤྱིར་ཁ་ཏ་བསླབ་བྱ་ཞེས་པ་ནི་མི་རྣམས་དམན་པའི་སྤྱོད་པ་ལས་བཟློག་ཅིང་ལས་དགེ་བའི་ཕྱོགས་ལ་འཇུག་པར་བྱེད་པའི་གདམས་པ་ཞིག་ལ་བྱ་ཞིང་། དེའི་དམིགས་ཡུལ་ནི་མི་རྣམས་ལ་དྲན་པ་སློང་བ། གོ་བ་སྟེར་བ། གནས་ལུགས་བསླབ་པ། སྤྱོད་ལམ་སྟོན་པ་བཅས་ཡིན་པ་ཚད་མས་གྲུབ་པ་ཡིན་ལ། དེ་ཡང་རྒྱུན་མཐོང་གི་བྱ་དངོས་དག་དཔེར་དྲངས་ནས་རྟོགས་པར་དཀའ་བའི་གནས་ལུགས་དག་གསལ་བོར་སྟོན་པ། གནད་དོན་ལྐོག་གྱུང་བ་མངོན་སུམ་དུ་སྟོན་པའམ་རྒྱུ་མཚན་གོ་དཀའ་བ་སླ་བར་བཏང་ནས་གཏམ་དཔེའི་རོ་ཉམས་ཕུན་སུམ་ཚོགས་པར་བཏང་ཡོད། ཁ་ཏ་བསླབ་བྱ་མཚོན་པའི་གཏམ་དཔེའི་ནུས་པ་གཙོ་བོ་ནི། ཡིག་ཐོག་དང་ངག་ཐོག་རྩོམ་རིག་ལ་བརྟེན་ནས། མི་རྣམས་ལ་བསམ་བློ་གོ་རྟོགས་མཐོར་འདེགས་བྱེད་པ་དང་། ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཅོས་བྱ་བ་ལ་སྐུལ་འདེད་གཏོང་བ། གྲ་རྒྱས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཤིག་བསྐྲུན་པར་འབད་འབུངས་བྱེད་འདོད་པའི་བསམ་བློ་ཞིག་སྟེར་རྒྱུ་དེ་རེད། དེ་ལའང་གཏམ་དཔེ་དེ་དག་ནི་བཤད་ཕྱོགས་མི་འདྲ་བ་དང་། དཔྱོད་ཡུལ་མི་འདྲ་བའི་སྒོ་ནས་རང་གི་བརྗོད་གཞི་དེ་མཚོན་པར་བྱེད་པ་ཞིག་རེད། དཔེར་ན།<<གླིང་རྗེས་ཁ་ཆེའི་ཡུལ་རྫོང་ཕབ་པའི་རྟོགས་བརྗོད>>ལས། རྗེ་རྒྱལ་པོས་བཙན་ཚོན་མ་ཟིན་ན།། དུས་མཐའ་མ་རང་ཡུལ་མི་ལ་ཤོར། ། 〖1〗ཞེས་པ་འདིའི་ནང་དོན་ནི་རྗེ་རྒྱལ་པོ་ཁྱོད་ནི་འཇིག་རྟེན་མི་ཡུལ་འདི་ནས་སྐྱེས་ཤིང་། འཚོ་བའི་སྐྱེས་བུ་དམ་པ་ཞིག་ཡིན་མོད་ཀྱང་། འཇིག་རྟེན་གནས་ལུགས་དང་མི་མཐུན་པའི་ཁྲིམས་དང་མི་དམངས་ལ་གཉའ་གནོན་བཤུ་གཞོག་ལོག་སྤྱོད་བྱེད་དྲག་ན། ནམ་ཞིག་གི་མཐའ་མར་རང་གི་རྒྱལ་སྲིད་མི་བརྟན་པར་གཞན་ལག་ཏུ་ཤོར་འགྲོའོ་ཞེས་ཚིག་སྦྱོར་བསྡུས་ཤིང་ཉམས་ཆེ་བ། བརྗོད་བདེ་ཞིང་དབྱངས་འགྲོས་གསལ་ལ་རྣ་བར་སྙན་པའི་ཡོན་ཏན་ཕྱོགས་དུ་མའི་སྒོ་ནས་བརྗོད་ཡོད་དོ། །དེ་བས་<<གླིང་སྒྲུང>>གི་གཏམ་དཔེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། རྩོམ་རིག་གི་ཉིང་བཅུད་ལེན་པའི་ཆུ་འགོ་ལྟ་བུ་ཞིག་ཡིན་ལ། ཀུན་གྱིས་ཡི་རངས་བྱེད་པའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན་པ་སྨོས་མ་དགོས། དེ་མིན<<འཇམ་གླིང་གཡུལ་འགྱེད>>ལས། རྒན་ཟེར་ཁ་ལ་མ་ཉན་ན། གཞོན་ཟེར་རླུང་ལ་ཁྱེར་བ་མང་། །རྐང་བའི་གཏད་སོ་མ་ཟིན་ན། །ལུས་ཕུང་ཐང་ལ་འགྱེལ་ལེ་མང་། ། 〖2〗ཞེས་དང་། ཡང་<<ཧོར་སྟོད>>ལས། སྐྱིད་ན་མགོ་འཕང་མར་ལ་སྨོད། །སྡུག་ན་སེམས་འཕང་ཡར་ལ་བསྟོད། ། 〖4〗ཅེས་པ་སོགས་ལ་སྒྲོ་བཏགས་འུད་བརྗོད་ཅི་ཡང་མ་འདུས་ཤིང་། ཚིག་གི་བརྗོད་སྟངས་དང་། ངག་གི་ལེན་སྟངས། མིང་གི་བཀོལ་སྟངས་ལ་སོགས་པ་འབེན་ལ་མདའ་ཕོག་པ་ལྟ་བུའི་དྲང་བདེན་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ལ། གཏམ་དཔེ་ཁ་ཤས་ནི་དམངས་གླུ་ལས་འཕོ་འགྱུར་གྱིས་བྱུང་བ་ཞིག་ཡིན་པས། དེ་དག་ལ་གླུ་གཞས་ཀྱི་ཉམས་བག་ཡོད་ཀྱང་གླུ་གཞས་ཤ་སྟག་མ་ཡིན་པ་དང་། སྙན་ངག་དང་འདྲ་ཡང་སྙན་ངག་མ་ཡིན་པར། དེ་ནི་གཏམ་བཤད་མཁན་གྱི་སྔོན་ལ་རིགས་འདྲ་བའམ་དོན་ཉེ་བའི་གཏམ་དཔེ་དུ་མ་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། དེ་ནས་རང་ཉིད་ཀྱི་བརྗོད་བྱའི་སྐབས་དོན་དང་བསྟུན་ནས་བརྗོད་བྱ་མངོན་སུམ་གསལ་རྗེན་དུ་སྟོན་ཐབས་ལ། ནང་དོན་སྔ་ཕྱི་འབྲེལ་ཆགས་ཤིང་དོན་ཚང་བའི་གཏམ་དཔེ་གང་འོས་རེ་སྤྱོད་པ་ཞིག་ཡིན། དེ་ལྟར་གཟི་འོད་རབ་ཏུ་འགྲོ་བའི་མུ་ཏིག་གི་ཕྲེང་བ་ལྟ་བུའི་གཏམ་དཔེ་དེ་དག་གིས་སྒྲུང་ཡིག་གི་འགོ་ནས་མཇུག་པར་བརྒྱན་ཡོད་པས། གླིང་སྒྲུང་དེ་ལ་སྔ་ན་མེད་པའི་གཟི་བརྗིད་དང་བཀྲག་མདངས་ཆེ་ཆེར་བསྒྲོན་ཡོད་དོ།
གཉིས། མཐུན་སྒྲིལ་མཛའ་གཅུགས་བྱེད་པར་བསྐུལ་བའི་གཏམ་དཔེའི་ཁྱད་ཆོས།
<<གླིང་གེ་སར་རྒྱལ་པོའི་སྒྲུང>>གི་གཏམ་རྒྱུད་འདི་གནའ་རབས་བོད་བཙན་པོས་སིལ་བུར་གནས་པའི་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་མཐའ་དག་གོང་བུ་གཅིག་གྱུར་ཡོང་ཆེད་བྱང་འཐབ་ལྷོ་འདུལ་བྱེད་སྐབས་དང་། སྐབས་དེའི་བོད་དང་འབྲེལ་ནས་གནས་པའི་རྒྱལ་ཁབ་དང་མི་རིགས་རྣམས་དང་དམག་འཁྲུག་རྒྱུན་ཆད་མེད་པར་བྱེད་སྐབས་ཀྱི་གནས་ཚུལ་བྲིས་ཡོད་པས། རྒྱལ་ཁབ་ལ་དགའ་ཞེན་དང་། བཙན་འཛུལ་ལ་ངོ་རྒོལ། རང་དབང་དང་བདེ་སྐྱིད་འཐོབ་པར་འབད་བརྩོན་ལྷུར་ལེན་བྱས་པ་དེ་དམིགས་སུ་བཀར་ནས་བརྗོད་ཡོད་ལ། གཞན་ལས་རྣམ་པར་གྱལ་འདོད་ན་ངེས་པར་དུ་མཐུན་སྒྲིལ་མཛའ་གཅུགས་བྱེད་རྒྱུ་ནི་དེ་དག་གི་རྩ་བ་ཡིན་པ་བསྟན་ཡོད། དེ་ལའང་<<སྟག་གླིང་གཡུལ་འགྱེད>>ལས། དཔེར་ན། སྐྱིད་ན་རྟ་ཁ་མཉམ་གཤིབ་བྱེད། སྡུག་ན་ཁུར་པོ་མཉམ་ཁུར་བྱེད། ཤི་ན་སྲོག་དམར་མཉམ་ཆད་བྱེད། ། 〖4〗ཅེས་པ་དང་ཡང་ན།<<འཁྲུངས་གླིང་>>ལས། བུ་སྤུན་ཉིས་འགྲིག་དགྲ་ཡི་ཐོ་བ། རྒོད་མ་ཉིས་འགྲིག་ཕྱུགས་ཀྱི་རུ་མ། ། 〖5〗ཞེས་པ་ལས་ཚིག་རྐང་སྔ་མ་དོན་དང་ཕྱི་མ་དཔེ་རུ་སྦྱར་ཡོད་ལ། སྔ་ཕྱི་སྦྱོར་ཚུལ་ལ་རང་དབང་ཤིན་ཏུ་ཆེ། བརྗོད་དོན་གསལ་ཞིང་ཚིག་མཛེས་ལ། ཕ་རོལ་བའི་ཡིད་དབང་འཕྲོག་པར་བྱེད་པའི་ནུས་པ་ལྡན། མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ཆེན་པོ་ཡོང་ཚུལ་དང་། མཐུན་སྒྲིལ་བྱས་ན་དགྲ་བོ་ཀུན་ལས་རྣམ་པར་རྒྱལ་ཐུབ་ཚུལ་ལེགས་པར་བསྟན་ནས། མི་རྣམས་ལ་གྲོགས་བརྒྱ་ཡོད་ཀྱང་ཉུང་སྐྱོན་དང་། །དགྲ་གཅིག་ཡོད་ཀྱང་མང་སྐྱོན། མི་སེམས་གཅིག་ཏུ་བསྒྲིལ་ན་རི་རྒྱལ་ལྷུན་པོ་སྤོ་ཐུབ་པ་བཅས་ཀྱི་གནས་ལུགས་བརྗོད་ཡོད། དེ་ལ་རྒྱལ་ནང་གི་མཁས་ཆེན་དམ་པ་སྐུ་ཞབས་མའོ་ཏུང་གིས ང་ཚོ་ཚང་མར་འདི་ལྟ་བུའི་ཉམས་མྱོངས་ཞིག་མཆིས་ཏེ། རང་བྱུང་གི་དངོས་པོའམ་རྩོལ་བྱུང་གི་སྒྱུ་རྩལ་གང་རུང་ཞིག་མཐོང་བ་ན། རྟག་པར་ང་ཚོའི་ཡོད་སེམས་དྲག་ཏུ་གཡོ་བར་བྱེད་པ་དེ་དགའ་ཚོར་ཆེན་པོ་ཡིན་རུང་། སྐྱོ་སེམས་སྐྱེས་པ་ཡིན་ནའང་འདྲ། གང་ཡིན་རུང་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་དང་། མཐོང་ལམ་དུ་མངོན་པའི་དངོས་པོས་མཛེས་དཔྱོད་བསྐྱེད་པ་རེད། ཅེས་པ་བཞིན<<གླིང་སྒྲུང་>>གི་གཏམ་དཔེའང་དེ་ལྟར་ལགས། <<འཛམ་གླིང་སྤྱི་བསང>>ལས། “མདའ་མེད་ན་གཞུ་ཡིས་ཅི་ཞིག་འཕེན། །གཞུ་མེད་ན་མདའ་མོ་འཕེན་ཐབས་མེད། །གཉིས་འཛོམས་ན་གར་གཏད་ས་ལ་འགྲོ། །”ཞེས་དངོས་པོ་ཀུན་ཕན་ཚུན་མཐུན་རྐྱེན་དང་ཕན་ཚན་རྟེན་འབྲེལ་ཏུ་གྱུར་པའི་ཚུལ་བསྟན་ཡོད། ཡང་གཏམ་དཔེ་འགའ་ཞིག་གིས་དམག་འཐབ་བྱེད་སྐབས་ཀྱི་འཐབ་ཇུས་དང་འཐབ་རྩོད་དངོས་སུ་སྟོན་པར་མ་ཟད། མི་དང་གོ་མཚོན་བར་གྱི་རྩོད་སྒྲུབ་རིག་པའི་ཐད་ཀྱི་འབྲེལ་བ་དངོས་སུ་བསྟན་པའང་མང་པོ་འདུག །དཔེར་ན། <<ཧོར་གླིང་གཡུལ་འགྱེད>>ལས། ཤིང་སྡོང་པོ་ཕྲ་དུས་བཅད་ན་དགའ། །མེ་འབར་བ་ཆུང་དུས་བསད་ན་དགའ། སྟག་ལྤགས་མགོ་ནས་མཉེས་ན་ལེགས། །སྡང་དགྲ་བོ་རྨང་ནས་བཅོམ་ན་དགའ། །〖6〗ཞེས་པ་དང་། གླིང་སྒྲུང་གི་གཏམ་དཔེའི་ནང་དོན་ཕུན་སུམ་ཚོགས་པ་ཡིན་པ་དང་། མཛེས་རྟོག་གི་སློབ་གསོས་མི་རྣམས་ཀྱི་བསམ་པའི་ཀུན་སྤྱོད་དང་རྟོགས་པ་མཐོ་རུ་གཏོང་བ་དང་། ཡིད་སེམས་ཀྱི་སྤྱངས་པ་ཐོབ་པ་དང་ནང་སེམས་ཀྱི་ཕུགས་བསམ་གྱི་སྒྲོན་མེ་སྦར་བ། མི་རྣམས་ཀྱི་ཤེས་འདོད་ཀྱི་སེམས་ཤུགས་སྐུལ་ཐུབ་ལ། རྣམ་དཔྱོད་ཀྱི་རིག་སྟོབས་ཀྱང་སྤྱངས་ཐུབ། ད་དུང་གཏམ་དཔེ་འདི་དང་འདི་ལྟ་བུས་བློ་གསལ་གཞོན་ནུའི་རྣམ་དཔྱོད་ཀྱི་རིགས་པ་སྦྱོང་བར་མཐུན་རྐྱེན་ཕུན་སུམ་ཚོགས་པར་བསྐྲུན་ཡོད།
གསུམ། ཆོས་ཉིད་གསུམ་ལུགས་བརྗོད་པའི་གཏམ་དཔེའི་ཁྱད་ཆོས།
སྤྱིར་འཇིག་རྟེན་གྱི་བྱ་དངོས་སོ་སོར་རང་ལ་མངའ་བའི་ཆོས་ཉིད་རེ་ཡོད་དེ། ཆོས་ཉིད་དེ་དག་ལ་བསྔོག་འདོན་དང་བདེ་སྤྱོད་བྱ་རྒྱུ་ནི་ཚན་རིག་གི་རིག་པའི་ལས་ཀ་བླ་ན་མེད་པ་ཞིག་ཡིན། རིགས་གཞུང་ཚན་ཁག་ཡོངས་ཀྱིས་ཐུན་མོང་དུ་ལྐོག་ཏུ་གྱུར་བའི་ཆོས་ཉིད་དེ་འདྲ་གསལ་འདོན་བྱ་རྒྱུ་ནི། རང་གི་འཚོལ་ཞིབ་ཀྱི་བྱ་བའི་ཡུལ་དང་འགན་དུ་འཛིན་པ་ཡིན་ལ། དེ་ནི་རིག་པའི་གཞུང་ལུགས་ཐུན་མོང་གི་དམིགས་བྱ་ཉག་གཅིག་ཀྱང་ཡིན་ནོ། །<<གླིང་གེ་སར་རྒྱལ་པོའི་སྒྲུང་>>གིས་དམག་འཁྲུག་བརྗོད་གཞི་གཙོ་བོར་བཟུང་སྟེ་བརྗོད་སྐབས་སུ། དཔའ་རྟུལ་རྣམས་ཀྱིས་མ་རུང་དགྲ་བདུད་རྣམས་ལ་མདུང་རྩེ་ཁ་སྤྲོད་ཀྱིས་དམར་འཛིང་མ་བྱས་གོང་ལ། ཕྱོགས་གཉིས་ཀས་སྔོན་ལ་བདེན་པ་རང་ལ་ཡོད་ལུགས་རྒྱས་པར་བཤད་ནས་ཁ་རྕོད་རྒྱག་གི་ཡོད་པ་སྟེ། དཔའ་བོ་རྣམས་ཀྱིས་དུས་ནམ་ཡང་དྲང་བདེན་གྱི་དོན་དུ་དཔའ་ངར་རྟུལ་ཕོད་ཀྱིས་སྡང་དགྲ་བོའི་ཉེས་མཚང་བརྟོལ་བ་སྟེ། ཁ་རྡུང་གཏོང་བ་དང་སྤོབས་གཏམ་གང་ཆེ་རེ་བཤད་ནས། ནག་ཉེས་ངོས་མི་ལེན་པའམ། མ་ཉེས་ཁ་གཡོགས། ཧམ་རྩོད་བཅས་ལ་ཟུར་ཟའི་ཚིག་མཚོན་བཏབ་ནས། རང་ལ་བདེན་དོན་ཡོད་པར་བྱེད་པ་དང་། མཐར་མཚོན་ངོམ་མདའ་འདྲེན་དང་མདུང་རྩེ་ཁ་སྤྲོད་ཀྱིས་དམར་འཛིང་བྱེད་པའི་དབང་གིས། གནས་ལུགས་རྒྱུ་མཚན་བརྗོད་པར་ནུས་པ་ཆེ་ཞིང་མཚན་ཉིད་རིག་པས་ཕྱུག་པའི་གཏམ་དཔེ་འབོར་ཆེན་ཞིག་བྱུང་སྟེ། སོ་སོར་ལྟ་ཚུལ་ལམ་གནས་ལུགས་ཤིག་དང་། ཡང་ན་དོན་དངོས་ཀྱི་ཆོས་ཉིད་དམ་ངོ་བོ་གང་རུང་ཞིག་གསལ་བོར་སྟོན་གྱི་ཡོད་པ་རེད། འདི་ནི་གླིང་སྒྲུང་གི་གཏམ་དཔེའི་ཁྱད་ཆོས་ཤིག་ཡིན་པ་འདི་ལྟ་སྟེ། རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་པའི་གཏམ་དཔེ་ལ་དཔེར་ན། <<ལྷ་གླིང>>ལས། “ཕུ་ནས་སྨུག་པ་མ་དྭངས་ན། མདའ་ནས་ལམ་ངོ་ཕྱེད་ལེ་མིན། །དགུང་ནས་སྦྲང་ཆར་མ་བབས་ན། རྒྱ་ཤོད་འབྲས་དྲུག་སྨིན་ལེ་མིན། མང་པོས་བློ་རྩེ་མ་བཀྲམ་ན། མཁས་པས་བློ་ཐག་ཆོད་ལེ་མིན། ། བྱང་མས་བང་ཁ་མ་གཤིབས་ན། ཁེར་རྒྱུག་ངོ་སོ་ལོན་ལེ་མིན། ། 〖8〗ཅེས་པ་དང་། མི་ཆེ་བ་དང་ཆུང་བའི་བར་དང་། མགོ་འཛིན་དང་མང་ཚོགས་བར་གྱི་འབྲེལ་བ་སྟོན་པའི་གཏམ་དཔེ་དཔེར་ན། <<སྟག་གླིང་ལས། རྡོ་ཆེ་བ་རྩིག་པར་ཆུང་ཆུང་དགོས། ཆུང་ཆུང་མེད་ན་རྩིག་ཐབས་མེད། །ཅེས་པ་སོགས་ལས་གདོད་མའི་རྩོད་སྒྲུ་ཀྱི་རིག་པ་དང་ལྡན་པས། དེ་དག་ནི་གླིང་སྒྲུང་གི་གཏམ་དཔེའི་གཏེར་མཛོད་ནང་གི་སྙིང་ནོར་དང་སྒོ་ངའི་ནང་གི་སེར་ཐིགས་ལྟ་བུ་རེད། ཡང་གཅིག་བཤད་ན། གཏམ་དཔེ་དེ་དག་གི་ཐོག་ནས་བོད་རིགས་མི་དམངས་དེ་རྣམ་དཔྱོད་ཆེ་བ་དང་བློ་གྲོས་ཀྱི་རྩལ་དང་ལྡན་པ་ཡིན་པའང་མེ་ལོང་ལ་གཟུགས་བརྙན་བཞིན་གསལ་པོར་མཐོང་ཐུབ་ཀྱི་རེད། གླིང་སྒྲུང་གི་གཏམ་དཔེ་ནི་ཕལ་ཆེར་གནའ་རབས་བོད་རིགས་མི་དམངས་ཀྱི་ལོ་རྒྱུས་དེབ་ཐེར་དང་། རིག་གནས་སྒྱུ་རྩལ། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས། བསམ་པའི་འཁྱེར་སོ་བཅས་དང་། བོད་རིགས་མི་དམངས་ཀྱི་མིག་སྔ་རུ་མངོན་པའི་མཐོ་སྒང་སྤང་ལྗོངས་དང་། གངས་རི་དཀར་པོ། ཆབ་དང་ཆུ་བོ། སྟག་གཟིག་གཅན་གཟན། རྟ་ནོར་ལུག་སོགས་དང་། དེ་མིན་དུས་རབས་ནས་དུས་རབས་དང་མི་རབས་ནས་མི་རབས་བར་མི་དམངས་ལ་གཉའ་གནོན་གཤུ་གཞོག་བྱེད་མཁན་གྱི་བླ་ཆེན་དང་དཔོན་ཆེན། ཕྱུག་བདག་དང་མགོ་བ་སོགས་དང་འབྲེལ་བ་བཟ་མོ་ཡོད་པ་རེད། གཏམ་དཔེ་དེ་དག་ལས་ལ་ལས་བསྟོད་པ་དང་། ལ་ལས་སྨད་པ། ལ་ལས་མཐུན་སྒྲིལ་སྟོན་པ། ལ་ལས་ཆོས་ཉིད་སྟོན་པ་ཅི་རིགས་ཡོད་པ་དེ་ཡང་། གླིང་སྒྲུང་གི་གཏམ་དཔེའི་ཁྱད་ཆོས་ཐུན་མོང་མ་ཡིན་ཞིག་ཡིན་པས། འདི་ལ་ཞིབ་ཏུ་བརྟག་ན་ལེགས་པའི་ཆ་མཐའ་ཡས་པ་ཞིག་འདུག་གོ།
བཞི། གཏམ་གླེང་སྣ་ཚོགས་བརྗོད་པའི་གཏམ་དཔེའི་ཁྱད་ཆོས།
<<སྒྲིང་སྒྲུང>>དུ་དམངས་ཁྲོད་དུ་དུས་ཡུན་རིང་བོར་དར་ཁྱབ་བྱུང་བ་དང་འབྱུང་བཞིན་འདུག་པའི་དམངས་ཁྲོད་ཀྱི་གཏམ་དཔེ་འབོར་ཆེན་ཞིག་བསྡུས་ཡོད་ལ། དེ་དག་ཚིག་བསྡུས་ཤིང་སྤྱོད་བདེ་བ། རིགས་པའི་དཔལ་གྱིས་ཕྱུག་པ། ངོ་མཚར་ཆེ་བ། དོན་གསལ་ཞིང་གོ་སླ་བ། བོད་རིགས་སྡོད་ཡུལ་མཐོ་སྒང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་བཅས་ས་ལེར་མངོན་པས་བཤད་ན་བརྗོད་བདེ་ཞིང་ཉན་ན་རྣར་སྙན་ཞིང་འཇེབས་པ་སོགས་བརྗོད་བྱའོ་དོན་རྣམས་དངོས་སུ་མིག་སྒོར་མངོན་ཡོང་བ་ལྟར་སྣང་ཕྱིར། གཏམ་དཔེ་མེད་བཤད་དཀའ། །ཇ་ཚྭ་མེད་འཐུང་དཀའ། །ཟེར་བ་དང་། ཡང་། ཆང་ཁ་ལ་ཞིམ་པོ་བདུད་རྩི་ཡིན། ཚིག་རྣ་ལ་སྙན་པོ་གཏམ་དཔེ་ཡིན། །ཞེས་པ་བཞིན་ནོ། གཞན་ཡང་རྒྱ་བོད་བར་གྱི་འབྲེལ་རྒྱུན་དུས་ཡུན་ཧ་ཅང་རིང་བོ་ཕྱིན་ཡོད་ཅིང་། སྒོས་སུ་ཐང་རྒྱལ་རབས་སུ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་སྔ་ཕྱིར་བོད་དུ་བསུས་ནས། སོ་སོར་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲེ་ལྡེ་གཙུག་བརྟན་གཉིས་ཀྱི་བཙུན་མོར་བཞེས་རྗེས། རྒྱ་བོད་ཀྱི་མཐུན་སྒྲིལ་སྔར་ལས་ཇེ་ཟབ་ཏུ་ཕྱིན་ལ། དེ་བཞིན་དུ་<<གླིང་སྒྲུང>>དུ་རྒྱ་བོད་བར་གྱི་འབྲེལ་བར་ཧ་ཅང་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དཔེར་ན། གླིང་གེ་སར་རྒྱལ་པོའི་གཅེན་པོ་འབུམ་པའི་ཞལ་ལུ་དཀར་པོ་རྒྱ་ཚ་ཡིན་ཞིང་། ཁོང་ནི་དཔའ་མཛངས་བློ་གྲོས་དང་ལྡན་པ་ཞིག་ཡིན་པས།གེ་སར་རྒྱལ་པོ་བྱེས་སུ་ཕེབས་ནས་མ་རུང་བདུད་དཔུང་འདུལ་སྐབས།གེ་སར་རྒྱལ་པོའི་ཚབ་གོ་ཆོད་ཅིག་བྱས་ནས། གཡུལ་སར་མཛད་རྗེས་ཉམས་པ་མེད་པ་བཞག་ཡོད་པ་རེད། དེའི་ཕྱིར<<གླིང་སྒྲུང>>དུ་རྒྱ་བོད་གཉིས་ཀྱི་མཛའ་བརྩེའི་མཐུན་ལམ་མཚོན་པར་བྱེད་པའི་གཏམ་དཔེ་ཡང་མི་ཉུང་བ་ཞིག་ཡོད་པ་དཔེར་ན། རྒྱ་ནག་པོའི་ཟོང་དེ་དབུས་ལ་འགྲིམ། དབུས་ས་སྟོང་རྒྱ་མེད་མ་རེད་དེ། །རྒྱ་བོད་སེམས་ཐག་སྦྲེལ་ཟས་རེད། །ཅེས་པ་དང་། ཡང་རྒྱ་ཚོང་བོད་ལ་འགྲིམ་ལེ་གཅིག །བོད་ཚོང་རྒྱ་ལ་འགྲིམ་ལེ་གཉིས། ཚོང་ར་ཕན་ཚུན་འབྲེལ་ལེ་རེད། དེ་ལ་བརྙས་བརྐོ་སུ་ཡིས་བྱེད། ཅེས་པ་ལྟ་བུ་སོགས་མང་ངོ་།གླིང་སྒྲུང་གི་གཏམ་དཔེའི་རྣམ་པ་ཡང་ཐུན་མོང་མ་ཡིན་པ་ཞིག་རེད།གཏམ་དཔེ་དཀྱུས་མ་ཡིན་ན་མང་ཆེ་བ་ཚིག་རྐང་གཅིག་གམ་གཉིས་ལས་མེད་མོད། འོན་ཀྱང་གླིང་སྒྲུང་གི་གཏམ་དཔེ་ནི་དེ་ལས་ལྡོག་སྟེ། ཚིག་རྐང་གཅིག་གམ་གཉིས་ལས་གྲུབ་པ་ཅུང་ཙམ་ལས་མེད་ཅིང་།གཏམ་དཔེ་མང་ཆེ་བ་ནི་ཚིག་རྐང་གཉིས་ཡན་ཆད་ཡིན།ཚན་པ་མང་ཞིང་ཚིག་རྐང་མང་པོ་ལས་གྲུབ་པ་དེ་བས་ཀྱང་མང་།གཏམ་དཔེ་རིང་ཤོས་ནི་ཚན་པ་བཞི་དང་ཚིག་རྐང་ཉེར་ལྔ་ཅན་ཡང་ཡོད།དེའི་དཔེ་དོན་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚན་པ་དང་།ཚིག་རྐང་མང་པོའི་གཏམ་དཔེ་ནི་གླིང་སྒྲུང་གི་གཏམ་དཔེའི་ཁྱད་ཆོས་གཅོ་ཆེ་ཤོས་ཤིག་ཡིན་ལ།གླིང་སྒྲུང་གི་གཏམ་དཔེའི་ཉིང་བཅུད་ལྟ་བུ་ཡང་རེད། དཔེར་ན། <<ཧོར་སྟོད>>ལས། རི་ཆེན་པོ་ཆུ་ཁྱེར་བ་མིན། །ཐང་ཆེན་པོ་རླུང་གིས་ཁྱེར་བ་མིན། །འབྲོང་བྲེ་སེར་ཁལ་འགེལ་ཡོང་བ་མིན། སྟག་དམར་ཡག་སྒོ་ཁྱི་ཉན་པ་མིན། 〖10〗ཞེས་པ་དང་། ཡང་<<སྟག་གླིང་།>>ལས། བརྙས་ཆེ་ན་ཞེ་ནག་གཏིང་ནས་འཁྲུག །ཟ་ཆེ་ན་སྦྲང་དཀར་མཆིན་ཁ་ན། ཡུན་རིང་ན་བུ་མོ་མ་ལ་འཁོན། 〖11〗ཞེས་པ་སོགས་ཀྱིས་<<གླིང་སྒྲུང་།>>གི་གཏམ་དཔེའི་ནང་དོན་ཕུན་སུམ་ཚོགས་པ་དང་།རྣམ་པའང་འདྲ་མིན་རིགས་སྣ་ཚོགས་ཡོད་པས།དེ་ལ་བོད་རིགས་ཀྱི་གཏམ་དཔེའི་གཏེར་མཛོད་ཡིན་ཞེས་བརྗོད་ན་ངོ་ཅུང་ཙམ་ཡང་གནོང་མོ་དགོས་པ་ཞིག་རེད། <<གླིང་སྒྲུང་།>>ནང་གི་གཏམ་དཔེའི་འབྱུང་ཁུངས་དམངས་ཁྲོད་ཡིན་པ་བསྙོན་དུ་མེད་མོད། དེ་ཡང་གཏམ་དཔེ་རང་ག་བ་དག་བསགས་པ་མ་ཡིན་པར་ལེགས་ཆ་འབའ་ཞིག་བཅུད་ཕྱུང་གི་ཚུལ་ཏུ་བསྡུས་ཤིང་།བོད་ཀྱི་གཏམ་དཔེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པོར་བཏང་བ་ཞིག་ཡིན།དེ་བས་དགེ་ཆོས་ཀྱིས་གནའ་རབས་བོད་པའི་ཚུལ་ལུགས་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པོར་བཏང་བ་ཞིག་ཡིན།དེ་བས་དགེ་ཆོས་ཀྱིས་གནའ་རབས་བོད་པའི་ཚུལ་ལུགས་བཤད་དུས་མཁས་པར་བགྲང་བ་རྣམས་ནི། སྨྲ་བརྗོད་གཙང་ཞིང་། གཏམ་རིང་པོ་དཔེ་སྣ་ཚོགས་དང་སྤྲེལ་ཏེ་ལབ་ནུས་པ་དག་ཡིན།བརྡ་ཐབས་ཡིན་ཁུལ་མང་པོ་ཞིག་སྨྲ་བ་ལ་དགའ་བར་བྱེད། བློན་ཆེན་ལྟ་བུ་ཞིག་གིས། འདི་བྱས་ན་ཤར་གྱི་རི་ནུར་ཏེ། (རིང་དུ་སོང་བའི་དོན་)ནུབ་ཀྱི་མཚོ་ཁ་བཅད་ཡོང་ཞེས་སྨྲས་པ་ལ། རྒད་མོ་རིག་པ་ཅན་རྣམས་ཀྱིས་དེའི་དོན་ཅི་ཡིན་ཞེས་ཉིན་མང་པོར་བསམ་མནོ་གཏོང་བ་སོགས་བྱེད། 〖2〗གཏམ་དཔེ་ནི་མི་གཅིག་གིས་གཞི་མེད་པར་རྟོག་བཟོ་བྱས་པ་མ་ཡིན་པར། སྤྱི་ཚོགས་འཚོ་བའི་སྟེང་དངོས་སུ་བྱུང་མྱོང་བའི་དོན་དངོས་ཀྱི་བྱ་བ་ཞིག་གི་ས་བོན་ལ་བརྟེན་ནས། དེ་ཉིད་ཕྱོགས་བསྡོམས་ཀྱི་ཚུལ་དུ་ཉར་ཚགས་བྱས་པ་ཡིན་ཕྱིར། འདི་ཉིད་ད་ལྟའི་དུས་འདིའི་སྐད་ཆ་རེའི་དོན་མཚོན་བྱེད་དུ་སྤྱད་དང་སྤྱོད་བཞིན་པའི་གྲངས་འབོར་འདི་འདྲ་ཞིག་ལ་སླེབས་པའི་བར།ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་ཞིག་བརྒྱུད་ཡོད་པ་སྨོས་པ་དགོས།
མདོར་ན །གླིང་སྒྲུང་གི་གཏམ་དཔེ་ནི་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་འཚོ་བ་དངོས་དང་འབྲེལ་བ་དམ་པོ་ཡོད་པའི་དམངས་ཁྲོད་རིག་གནས་ཀྱི་ཡ་གྱལ་ཞིག་ཡིན་ཕྱིར།དེའི་ནང་དུ་མི་རིགས་ཤིག་གི་སྤྱི་ཚོགས་འཕེལ་རྒྱས་དང་། དངོས་པོའི་ཐོན་སྐྱེད། སེམས་ཁམས་ཀུན་སྤྱོད། སློབ་གསོ་གོམས་གཤིས་སོགས་ཀྱི་སྣང་ཚུལ་ཡོད་དེ། འདི་དག་མང་བ་ཉུང་བ་དང་། ཉུང་བ་བསྡུ་མ་བྱས་ཏེ།བྱ་དངོས་སྣ་ཚོགས་ཀྱི་ངོ་བོ་གཅིག་དྲིལ་གྱིས་མཚོན་པའི་ངག་གི་སྦྱོར་བ་ཞིག་ཡིན་པར་མ་ཟད།འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཧ་ཅང་མཐོང་དཀའ་ཞིང་རྙེད་པར་དཀའ་བའི་དམངས་ཁྲོད་ཀྱི་རྩོམ་རིག་རླབས་པོ་ཆེ་ཞིག་ཀྱང་ཡིན། དེ་བས་དཔྱོད་ལྡན་དག་གིས་གླིང་སྒྲུང་གི་གཏམ་དཔེ་འཚོལ་སྡུད་དང་ཞིབ་འཇུག་ཕྱོགས་ལ་ད་དུང་མུ་མཐུད་དུ་འབད་པ་ལྷོད་མེད་བྱ་རྒྱུ་ནི། གཞན་ལ་ཁག་འགེལ་མི་རིང་བའི་ལས་འགན་གཙོ་བོ་ཞིག་ཏུ་འཇོག་དགོས་སོ། །