མཛེས་པའི་སྤང་ལྗོངས་སྔོན་མོ། ཡུས་ལིན་པིང་གིས་པར་བླངས།
ཁོ་བོའི་བློ་ཡུལ་དུ་དུས་ཡུན་རིང་པོར་ཉལ་བའི་ཐང་སྟོང་སྐྱ་མོའི་སྐོར་གྱི་གསང་གནད་དེ། ཡིད་ཤེས་ཐེ་ཚོམ་གྱི་ལྕགས་སྒྲོག་དམ་པོ་ཉིད་དུ་གྱུར་པ་ཉིན་དེར་བྱ་བྲལ་སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་ནས་རང་སར་གྲོལ་སོང་།
ཁོ་བོ་གཞོན་ནུའི་དུས་སུ་གྲོགས་ཁྱེའུ་རྣམས་དང་འགྲོགས་ཏེ་རྩེད་མོ་ལ་རོལ་བའི་སྐབས་ན། རྟག་ཏུ་འགྲོ་བར་དགའ་བའི་གནས་ཤིག་ཡོད་དེ། དེ་ནི་ཕ་ཡུལ་གྱི་གྲོང་པའི་ཉེ་འདབས་ན་མཆིས་པའི་ཐང་སྟོང་སྐྱ་མོའོ། །ཡུལ་མི་རྒན་པ་རྣམས་ཀྱིས་ཐང་སྟོང་སྐྱ་མོ་འདིར་འདྲེ་དང་བཙན་མང་པོ་ཚོགས་པའི་ཡུལ་ཡིན་ཞེས། ཐང་དེ་མ་རུང་བ་ཞིག་ཏུ་བརྩིས་ནས་རྣམ་རྟོག་ཡང་ཡང་ལངས་བཞིན་ཡོད། ཁོ་བོ་ཅག་དེར་རྩེད་མོས་གཡེང་ནས་དུས་ཚོད་ཕྱིས་དྲགས་ན། ཁྱིམ་དུ་ལོག་ཟིན་རྗེས་ཕ་མ་རྒན་མི་རྣམས་ཀྱིས་གཤེ་གཤེ་ཡང་ནས་ཡང་དུ་བཏང་དང་གཏོང་མུས་ཡིན། རྒྱུ་མཚན་ནི་གོང་བཤད་ལྟར་ཐང་སྟོང་སྐྱ་མོ་ན་ཕྱི་དྲོར་འདྲེ་བཙན་མང་པོ་ལྷན་དུ་འཛོམས་བཞིན་ཡོད་པས། ཁོ་བོ་ཅག་ལ་སྲོག་འཚེ་འབྱུང་སྲིད་པའི་རྐྱེན་གྱིས་རེད། དེ་ཡང་ཕ་མ་དང་ཡུལ་མི་རྒན་རབས་རྣམས་ཀྱི་བཤད་སྲོལ་ལྟར་ན། དེ་གའི་འདྲེ་བཙན་ཕལ་ཆེར་གཞོན་ནུའི་སྲོག་སྙིང་བཟའ་བ་ལ་དགའ་བ་འདྲ། ཡུལ་མི་ཁ་ཅིག་གིས། མཚན་མོར་ཐང་སྟོང་སྐྱ་མོ་ནས་འདྲེ་བཙན་གདུག་པ་ཅན་འཇིགས་སུ་རུང་བ་མང་པོ་སྒར་བཏབ་པ་མཐོང་ཞེས་ལབ་པའང་ཐོས་མྱངས།
ཁོ་བོ་རིག་གནས་སློབ་པའི་ཆེད་དུ་སློབ་གྲྭ་ཆུང་བ་ལ་ཞུགས་རྗེས། རྟག་ཏུ་ཐང་སྟོང་སྐྱ་མོའི་ཐོག་ཏུ་རྩེད་མོ་ལ་རོལ་བའི་གོ་སྐབས་དབུལ་ཡང་། ཐང་དེ་ལ་ཞེན་ཆགས་ཤིག་ཡོད་པ་ནི། དོག་མོ་ས་གཞིའི་གཏིང་ལ་ཟུག་པའི་ཤིང་སྡོང་གི་རྩ་བ་ལྟར་བསམ་པའི་ནང་ནས་འབོར་ཐབས་གཏན་ནས་མི་འདུག སྐབས་འགར་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ། ཁོ་བོའི་བསམ་པ་ཐང་སྟོང་སྐྱ་མོའི་སྟེང་དུ་ཤོར་ནས་སློབ་ཁྲིད་ཀྱི་ནང་དོན་ཡིད་ལ་རྩ་བ་ནས་འཁོར་གྱི་མེད། དེ་ལྟ་བུ་ཁོ་བོ་མིག་ཅེ་རེ་ཡིད་སེམས་གཡེང་ནས་ཡོད་པའི་སྐབས་སུ། དགེ་རྒན་གྱིས་གློ་བུར་དུ་ཁོ་བོ་ཡར་ལངས་སུ་བཅུག་སྟེ། སློབ་ཁྲིད་བྱས་ཟིན་པ་ལས་དྲི་བ་འགའ་བཏོན་པས། ཁོ་བོས་ལན་བཏབ་མ་ནུས་པར་འགྲམ་པའི་རྩ་ལ་ཐལ་ལྕག་གཞུས་པའི་རོ་དང་བྲོ་བ་ཐེངས་འགར་ཚོར་མྱངས།
ལྷིང་འཇགས་ཀྱི་མཚོ་འགྲམ། ནིའུ་ལིན་ལུང་གིས་པར་བླངས།
ཐང་སྟོང་སྐྱ་མོ་ནི་ངོ་མ་ཡ་མཚན་དགོས་པའི་གནས་ཤིག་རེད། ཁོ་བོ་ལོ་ན་རིམ་གྱིས་སོན་པ་ལས་བྱ་དངོས་མཐའ་དག་ལ་ངེས་ཤེས་གསར་པ་ཞིག་རྙེད་ནས། བྱིས་པའི་དུས་ཀྱི་འཆར་སྒོ་ངོ་མཚར་བ་རྣམས་རིམ་པ་ལྟར་འགག་བཞིན་ཡོད་མོད། ཐང་སྟོང་སྐྱ་མོ་ལ་ངོས་འཛིན་ནི་སྔ་མ་ལྟར་ཐེ་ཚོམ་ཆེན་པོ་དང་བཅས་ཧ་ལས་པ་ཉིད་ལས་འདས་མི་འདུག། ཁོ་བོས་གསང་བ་ཆེན་པོའི་གནད་འདི་བཀྲོལ་འདོད་ཀྱི་དམ་བཅའ་བརྟན་པོ་ཡིད་ལ་བཞག་ནས། མི་རྒན་སྒྲུང་གཏམ་མཁན་པོ་དང་། ཨ་ཁུ་འབེལ་གཏམ་མཁས་པ་རྣམས་ལ་དྲི་བ་ཡང་ནས་ཡང་དུ་བཏོན་མྱོང་། ཁོ་ཚོ་ཕལ་ཆེར་བ་ཞིག་གིས། ལན་མགྲིན་གཅིག་ནས་བརྒྱུད་པ་ལྟ་བུ་ཞིག་བཏབ་བྱུང་བ་ནི་འདི་ལྟ་སྟེ། ལམ་མང་བ་ནི་བཙན་གྱི་འགྲོ་ལམ་ཡིན། རྩྭ་མི་སྐྱེ་བ་ནི་འདྲེ་བཙན་མང་པོ་རྟག་ཏུ་སྒར་བཏབ་ནས་ཡོད་པས་སྐྱེ་མི་ཐུབ་པ་ཡིན་ཟེར། ལ་ལ་ཞིག་གིས་ཁོ་བོར་སློབ་གྲྭའི་ནང་དུ་སློབ་གསོ་མ་རུང་བ་ཐེབས་ནས། ལྷ་བླ་མ་དང་འདྲེ་བཙན་སོགས་ལ་ཟུར་ཟ་བྱེད་པ་ཡིན་ཞེས་ཁྲེལ་དགོད་དང་སྡིགས་མོ་ཡང་བྱས་བྱུང་།གཏད་སོ་མེད་པ་ནི་དུས་ཀྱི་རང་བཞིན་ཏེ། དེ་ལྟར་འདི་ཡིན་འདི་མིན་བཤད་པར་དཀའ་བ་ཞིག་གི་ནང་དུ་ལོ་དུ་མ་འདས་རྗེས། ཁོ་བོ་སློབ་གྲྭ་ཆུང་བ་གཉིས་ལས་སློབ་མཐར་ཕྱིན་ནས། ཕ་ཡུལ་དང་ས་ཐག་རིང་བའི་ཡུལ་ན་རིག་གནས་ཀྱི་མཐུ་རྩལ་སྦྱོང་དུ་སོང་པ་ཡིན། དེ་ཡང་སློབ་གྲྭའི་དབྱར་གནང་གི་སྐབས་ཞིག་ལ་ཁོ་བོ་ཕ་ཡུལ་དུ་ལོག་པ་ལས། ཐང་སྟོང་སྐྱ་མོའི་ཐོག་ཏུ་ས་མཁར་སྐྱ་བོ་ཐང་དེ་ཉིད་ཀྱི་མདོག་ལྟ་བུ་ཆུང་ཆུང་ཞིག་བརྩིགས་ཡོད་པར་མཐོང་། རྒྱུ་མཚན་དྲིས་པས་དེ་ནི་བྱ་བྲལ་སྐྱབས་རྗེ་རིན་པོ་ཆེའི་གཟིམ་ཁང་རེད་གདའ། བྱ་བྲལ་སྐྱབས་རྗེ་ནི་ངེད་ཅག་གི་བླ་མ་མཚམས་པ་ཞིག་ཏེ། ཁོ་རང་ནང་དོན་རིག་པ་དང་རིག་གནས་ལོ་རྒྱུས་སོགས་ལ་ཤིན་ཏུ་མཁས་ཀྱང་། རིག་གནས་གསར་བརྗེའི་ལྷ་འདྲེ་གདོན་བགེགས་གཙང་ཕྱགས་བྱེད་པའི་སྐབས་སུ། ཁོ་ནི་གཙང་ཕྱགས་བྱ་བའི་ཡུལ་དུ་གྱུར་ནས་རྡུང་རྡེག་གི་མནར་གཅོད་ཚད་མེད་མྱངས་ཡོད་པར་གྲགས། རྒྱུ་མཚན་དེར་བྱ་བྲལ་སྐྱབས་རྗེས་གསུང་འབྱོན་པ་ལ་རྒྱུན་དུ་དོགས་ཟོན་ཆེན་པོ་གནང་བཞིན་ཡོད། ཁོས་དོན་མེད་དུ་གསུང་བཤད་གང་ཡང་མི་མཛད། གསུང་འབྱོན་པའི་ཚེའང་ཕ་ཡུལ་གྱི་མི་དཀྱུས་མ་ལྟར་སྐད་ཆ་ཕལ་པ་ཙམ་ལས་གཞན་པ་གང་ཡང་མི་གསུང། རྒྱལ་ཁབ་ཀྱིས་ཆོས་སྒོ་ཕྱེས་པའི་རྗེས་སུ། ཁོ་ནི་འདུ་འཛི་ལ་མི་སྤྲོ་བས་ཤར་རིའི་སྟོད་ཀྱི་བྲག་ཁུང་ཞིག་གི་ནང་དུ་མཚམས་ནག་སྒོ་བཅད་བྱས་ནས་བཞུགས་ཡོད། ད་ལྟ་གློ་བུར་དུ་ཐང་སྟོང་སྐྱ་མོ་ན་གཟིམ་ཁང་ཆུང་ངུ་ཞིག་བརྩིགས་ནས་བཞུགས་པ་ནི་དེ་གའི་འདྲེ་བཙན་གདུག་པ་ཅན་རྣམས་དམ་ལ་བཏགས་པའི་ཆེད་དུ་ཡིན་ཟེར།
བྱ་བྲལ་སྐྱབས་རྗེ་རིན་པོ་ཆེ་ནི་ཐུགས་སྒམ་ཞིང་གསུང་ཉུང་བ། ཞལ་གནག་ལ་ཚུལ་བཙུན་པ་ཀུན་གྱིས་གུས་ཞབས་བྱས་དང་བྱེད་མུས་ཅན་ཞིག་ཡིན། ཁོ་རང་དཔེ་ཆ་གཟིགས་རྒྱུ་ལ་ཐུགས་དགྱེས་པ་བདག་གིས་ཐོས་མྱོང་སྟེ། ངས་ཁོ་རང་དང་གླེང་མོལ་ཞིག་བྱ་འདོད་ཀྱི་རེ་བ་ཆེན་པོ་འཆང་ནས། ཉིན་ཞིག་བོད་ཀྱི་སྙན་འགྲེལ་དེབ་མཐུག་པོ་ཞིག་སློབ་གྲྭ་ནས་ཁྱེར་འོངས་བ་དེ་བཟུང་སྟེ། ཐང་སྟོང་སྐྱ་མོ་ན་སྤྲོ་གསེང་དུ་སོང་བ་ཡིན། ཁོ་རང་གཟིམ་ཁང་མདུན་གྱི་ཐང་སྟེང་དུ་ཕྲེང་བ་ནག་པོ་ཞིག་བགྲང་ནས་བཞུགས་པ་མཐོང་བས། བདག་ལ་སྤྲོ་སྣང་ཞིག་ངང་གིས་སྐྱེས་བྱུང་། དེར་ཁོ་བོས་དཔེ་ཆར་ལྟ་ཁུལ་གྱིས་ཐང་ཐོག་ལ་གཡས་སྐོར་གཡོན་སྐོར་དུ་རྒྱུ་བཞིན་སྐྱབས་རྗེའི་སྐུ་མདུན་དང་རིམ་གྱིས་ཉེ་བ་ན། སྐྱབས་རྗེས་ཡུན་རིང་ཞིག་ཁོ་བོ་ཕར་འགྲོ་ཚུར་འོང་བྱེད་པ་ལ་གཟིགས་ཡོད་ཚོད་འདུག་སྟེ། སྔ་མོ་ནས་ཞལ་རས་ཀྱི་འཛུམ་མདངས་གསལ་བར་བསྟན་ནས་ཕྱག་བརྡ་མཛད་བཞིན་ཁོ་བོ་མདུན་དུ་བོས་སོང།
འདས་པའི་སྔ་རོལ་གྱི་གནའ་བོའི་དུས་ཤིག་ན། ཐང་སྟོང་སྐྱ་མོ་འདི་ད་ལྟའི་རྣམ་པ་ལྟ་བུ་དབེན་འཇམ་ཁུ་སིམ་མེ་བ་ཞིག་མ་ཡིན་ཏེ། བྱ་བྲལ་སྐྱབས་རྗེའི་ཕྱག་ན་དཔེ་རྙིང་ཞིག་ཡོད་པ་དེའི་ནང་དུ་འཁོད་གསལ་ལྟར་ན། དམག་དཔུང་དེས་ཐང་འདིར་སྦྲ་གུར་ཆེན་པོ་མང་པོ་ཕུབ་ནས་སྒར་ཆེན་པོ་བཏབ་ཡོད་ཅིང་། རུ་སྡེའི་མཐའ་ཟུར་ཀུན་ཏུ་མདའ་མདུང་སོགས་མཚོན་ཆ་ཐམས་ཅད་ཀྱི་སོ་རྩེ་གནམ་ལ་གཟེངས་ནས་བཙུགས་ཡོད་སྐད། གཡུལ་འགྱེད་པ་རེ་ཞིག་རྫོགས་ནས་རུ་འདྲེན་གྱི་དཔུང་དམག་རྣམས་ཐང་སྟོང་སྐྱ་མོ་ན་འདུ་རར་འདུས་ཚེ། མཐུ་རྩལ་སྦྱོང་བ་དང་གྱད་སྟོབས་འགྲན་པ་སོགས་ཀི་ཀི་བསྭོ་བསྭོ་ཡི་སྒྲ་དྲག་པོས་ལུང་པ་འགས་ལ་ཉེ་བར་བྱེད་ཟེར། དེ་ལྟ་བུའི་དྲག་སྟོབས་དང་འཇིགས་སྣང་གིས་ཕས་རྒོལ་ཀླད་ཆུང་ཕལ་ཆེར་སྐྲག་ནས་བརྒྱལ་བར་འགྱུར་ངེས་མོད། བོད་ཀྱི་བཙན་པོའི་རྒྱལ་སྲིད་སིལ་བུར་འཐོར་བའི་རྗེས་སུ། དམག་དཔུང་དེ་ཇེ་ཉུང་དང་ཇེ་རྒུད་དུ་སོང་ནས། མཐར་ཐུག་ཐང་སྟོང་སྐྱ་མོ་འདི་སྐྱ་སེང་ངེར་དང་འཇམ་ལྷིང་ངེར་ལུས་པ་ཡིན་ཟེར།
མེ་ཏོག་གི་འཛུམ་མདངས། ནིའུ་ལིན་ལུང་གིས་པར་བླངས།
བཤད་སྲོལ་ལྟར་ན་དམག་དཔུང་དེའི་ལྷག་མ་ཕལ་ཆེར་དབུས་གཙང་གི་ས་ཆ་ག་ཤེད་ན་དྲངས་སོང་སྐད་དེ། ཐང་སྟོང་སྐྱ་མོ་འདིའི་ཐོག་ཏུ་དམག་དཔུང་ཆེན་པོ་ཕན་ཚུན་རྒྱུ་དྲག་པས་རེ་ཞིག་ས་རྒོད་དུ་གྱུར་པ་ལས། ཕྱིས་སུ་ཐང་སྟོང་དུ་ལུས་ནས་ཡུན་རིང་པོར་སོང་བས་རྩྭ་ཉག་མ་འགའ་རེ་ཐར་ཐོར་དུ་སྐྱེས་བྱུང་མོད། ཀྱག་ཀྱོག་གི་ལམ་བུའི་དྲ་བ་དང་ཐང་རྒོད་ཀྱི་རྣམ་པ་ད་ལྟའང་གསོན་པོར་ལུས་པ་ཡིན་ཟེར། བྱ་བྲལ་སྐྱབས་རྗེས་མུ་མཐུད་ནས་གསུངས་དོན། ཐང་སྟོང་སྐྱ་མོ་འདིར་འདྲེ་དང་བཙན་རྣམས་ལྷན་དུ་འཚོགས་པའི་ཡུལ་ཡིན་ཞེས་གྲགས་པ་ནི། བསྟན་པ་ཕྱི་དར་གྱི་སྨད་དུ་ཁོ་བོའི་ཕ་ཡུལ་ལ་བསྟན་འཛིན་གྱི་སྐྱེས་བུ་རབ་དང་རིམ་པ་ཞིག་བྱོན་ནས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ལ་དབང་འབྱོར་བའི་དམ་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་ཁོ་ན་དར་ཞིང་རྒྱས་པར་མཛད་མོད། འདོད་ཡོན་ལ་སྲེད་པའི་ཆགས་སྡང་ཅན་གྱི་བླ་སྤྲུལ་ཁ་ཕོ་ཆེ་བ་འགའ་ཞིག་གིས། ཆེ་གེ་མོའི་སྤྲུལ་པ་དང་ཡང་སྲིད་སོགས་ཀྱི་གོ་ས་ཆེན་པོ་བཟུང་ཞིང་། གྲུབ་ཐོབ་བཅོས་མ་དང་མངོན་ཤེས་རྫུན་མས་གཞན་མགོ་གདུགས་ལྟར་བསྐོར་ཏེ། དེ་དག་གིས་ཐང་འདིར་འདྲེ་དང་བཙན་མང་པོ་མཆིས་ཞེས་བྱུང་རྒྱལ་དུ་སྨྲས་ནས་ཀུན་གྱི་མགོ་བོ་རྨོངས་སུ་བཅུག་པ་ཡིན་ཟེར། དོན་དུ་སྔོན་བྱོན་ཡབ་མེས་ཀྱི་བཀའ་དྲིན་གྱི་གཟི་བྱིན་དང་དཔའ་བོ་བགྲང་ལས་འདས་པའི་བྱས་རྗེས་རླབས་ཆེན་སོགས་རྨེག་མེད་དུ་བཏང་བ་ཡིན་པས། དེ་ལྟ་བུ་མི་ཆོས་བླ་མའི་རྫུན་གྱི་ཐ་ཤལ་དང་། འཇིག་རྟེན་དུ་དངོས་སུ་བྱུང་བའི་ལོ་རྒྱུས་ཉིད་འཇིག་རྟེན་ལས་འདས་པའི་ལྷ་འདྲེ་སོགས་ལ་ཁ་བསྒྱུར་ནས། བདེན་བདེན་ངེས་ངེས་སུ་བཤད་པ་རྣམས་ལ་ཡིད་ཆེས་གཏན་ནས་བྱ་མི་རུང་གསུངས།ཁོ་བོའི་བློ་ཡུལ་དུ་དུས་ཡུན་རིང་པོར་ཉལ་བའི་ཐང་སྟོང་སྐྱ་མོའི་སྐོར་གྱི་གསང་གནད་དེ། ཡིད་ཤེས་ཐེ་ཚོམ་གྱི་ལྕགས་སྒྲོག་དམ་པོ་ཉིད་དུ་གྱུར་པ་ཉིན་དེར་བྱ་བྲལ་སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་ནས་རང་སར་གྲོལ་སོང་། དགེ་རྒན་ཆེན་མོ་དང་བླ་མ་གྲགས་ཅན། སྤྲུལ་སྐུ་རྫིག་པོ་རྣམས་ཀྱིས་ལན་མི་འབྱུང་བའི་ཐང་སྟོང་སྐྱ་མོའི་གསང་བ་འདི། ཉམ་ཆུང་རི་ཁྲོད་འགྲིམ་པའི་བྱ་བྲལ་སྐྱབས་རྗེའི་ཐུགས་ན་གསལ་བར་གསུང་རྒྱུ་ཡོད་ཕྱིན། ཁོ་བོར་ངོ་མཚར་ཆེན་པོ་སྐྱེས་བྱུང་སྟེ། བོད་ཀྱི་ཤེས་རིག་རྒྱ་ཆེ་ཞིང་གཏིང་ཟབ་པ་འདི་ཉིད་མཐོ་སྒང་གངས་རིའི་ལྗོངས་ཀྱི་དམངས་ཁྲོད་ན་ཡོད་པ་ཡིད་ཆེས་བརྟན་པོ་རྙེད་སོང་། དེ་ཡང་སྔོན་ཆད་འཇིགས་སུ་རུང་བའི་ཐང་སྟོང་སྐྱ་མོ་ཡ་ང་བ་ཉིད། ཁོ་བོའི་མིག་གི་དབང་པོའི་ཡུལ་ན་གློ་བུར་དུ་ཡིད་འོང་ཉམས་དགའ་བའི་ཡུལ་ལྗོངས་སུ་གྱུར་པས། བདག་གི་ཡིད་ཀྱི་རྒྱ་མཚོའི་རྦ་རླབས་མཁའ་ལ་འཕྱོ་བ་ལྟར་ཞི་ཐབས་མི་འདུག དེ་ནི་ཐང་སྟོང་སྐྱ་མོའི་ཐོག་གི་འདས་པའི་དཔའ་བོ་རྣམས་རྗེས་སུ་དྲན་པའམ། དེ་དག་གི་བྱས་རྗེས་ལ་དམོད་བོར་བའི་རྐང་འདྲེན་རྣམས་ལ་ཁོང་ཁྲོ་བ། ཡང་ན་ཡུལ་མི་ཀུན་གྱིས་དེ་དག་བརྗེད་ཟིན་པས་ཡིད་ཕམ་པ་སོགས་རྒྱུ་མཚན་ནི་ཁོ་བོས་ཀྱང་བརྗོད་མ་ནུས་པར་ད་ལྟའི་བར་དུ་མཆིས་སོ། །
དག་གཙང་གི་དབྱར་ལྗོངས། ཧུ་ཀྲི་ཧྥུ་ཡིས་པར་བླངས།