མཁས་རློམ་དྲེགས་ལྡན་ཚོགས་ཀྱི་སྙན་དུ་གསོལ་བ།

གཟན་དཀར་ཐུབ་བསྟན་ཉི་མ། ﹝ཁྲེན་ཏུའུ། ﹞ རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-18


ཀ་ཁ་ཙམ་གྱི་སྦྱོར་ཀློག་མི་མཁྱེན་པར། །
ཁ་ནས་བོད་ཀྱི་རིག་གཞུང་འདིའོ་ཞེས། །
ག་ས་གང་ལ་ངར་སྐད་སྒྲོག་བྱེད་པའི། །
ང་རྒྱལ་སེང་གེའི་སྡེར་མོ་བགྲད་ལ་ལྟོས། །


ཅ་ཅོ་ཡིད་མཐུན་གཏམ་གྱིས་མི་མགོ་བསྐོར། །

ཆ་ལུགས་ཞི་དུལ་ཚུལ་གྱིས་གཞན་སྣང་བྲིད། །
ཇ་ཆང་དགྱེས་དགུའི་མཆོད་པས་མཉེས་བྱེད་པའི། །
ཉ་པའི་སྒྱུ་ཐབས་མཁན་རྣམས་བག་ཟོན་མཛོད། །


ཏ་ལའི་ལོ་མར་བྲིས་པའི་དཔེ་རྙིང་རྣམས། །

ཐ་ན་ཀློག་སྟངས་ཅི་ཡིན་མི་ཤེས་མོད། །
ད་དུང་ཁོ་བོས་ཞིབ་འཇུག་བྱེད་དོ་སྐད། །
ན་ཆུང་ཕོ་རྒོད་ཅན་རྣམས་ཡིད་རེ་འཁྲུལ། །


པ་ཏྲ་བསླས་པ་ལྟ་བུའི་གཡོ་སེམས་ཀྱིས། །

ཕ་རོལ་དབང་དུ་སྡུད་ལ་མཁས་མོད་ཀྱི། །
བ་གླང་ས་བརྐོས་རང་གཉར་བླུགས་པ་བཞིན། །
མ་བོས་སྡུག་བསྔལ་མགྲོན་དུ་ཁུག་ལ་གཟིགས། །


ཙ་མ་ར་ལྟར་དྲེགས་ལྡན་ཁུ་བོ་ཡིས། །

ཚ་བོ་ཉམ་ཐག་བརྩེ་བས་ཡལ་བོར་ནས། །
ཛ་ལང་དྲག་ཤུལ་སྤྱོད་པས་གཙེ་བྱེད་ན། །
ཝ་སྐྱེས་རྒྱལ་པོར་བསྐོས་དང་ཁྱད་པར་ཅི། །


ཞྭ་དཔེ་ལྷམ་འགེབ་བྱེད་ལ་རིག་པ་རྣོ། །

ཟ་འཚོལ་རྙེད་སྡུད་ལས་ལ་བློ་གྲོས་གསལ། །
འ་འོལ་གཡོ་སྒྱུའི་བྱ་བར་རྟག་བརྩོན་པའི། །
ཡ་མེད་ཅན་ལ་སུ་ཞིག་ཡིད་རྟོན་བྱེད། །


ར་མིན་ལུག་མིན་རྒྱ་མིན་བོད་མིན་གཞུང་། །

ལ་ལུང་མང་པོར་འགྲེམ་སྤེལ་བྱེད་པ་ལས། །
ཤ་ཚ་སྙིང་རྗེའི་སེམས་ཀྱིས་རང་རིགས་ལ། །
ས་སྟེང་ཚན་རིག་ནོར་གྱིས་བཀང་ན་ལེགས། །


ཧ་ཅང་བདེན་གཏམ་བཤད་ན་ཀུན་ཡིད་དཀྲུགས། །

ཨ་གསར་ལྕེ་གཉིས་རྐྱོང་ལ་འཛུམ་ཡིད་འཕྲོག། །
ཧ་ཅང་སྙིགས་མར་གྱུར་པའི་ཚུལ་འདི་ལ། །
ཨ་ཁ་ཐེ་ལེ་བརྡུང་བས་ཅི་ལ་ཕན། །  


རྩོམ་ཡིག་སྔོན་མ།
最近的雪域高原

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1