མཛའ་མཐུན། ཞི་ཤའོ་ཁང་གིས་པར་བླངས།
དུས་ཆེན་གྱི་ཉིན་མོ་འདི། རླུང་བུ་ལྡོམ་པོ་ཞིག་དང་འགྲོགས་ཏེ། དགུན་དུས་ཀྱི་གྲང་ངར་ཁྲིད་དེ། མཐོ་སྒང་གི་ལྟེབ་ཁུགས་ཤིག་ཏུ་གནས་པའི་སྔོ་ལྡུམ་ཚོང་ཁང་དུ་སླེབས་བྱུང་།
ལུག་ཟླའི་ཚེས་བཅོ་ལྔའི་ཉིན་ནི་ཟླ་འཛིན་ཡིན་པས། རྒན་གསོ་ཁང་གི་ཨ་ཡེ་བཀྲ་མཚོ་དང་། སྲོག་བསླུ་བྱེད་མཁན་གྲྭ་བ་རིག་ལྡན། སྔོ་ལྡུམ་ཚོང་ཁང་གི་ཤ་འཚོང་མཁན་ལིས་ཚོང་དཔོན་སོགས་ཀྱིས་ལྷག་ཏུ་དུས་ཆེན་གྱི་ཉིན་མོ་འདི་སླེབས་པར་རེ་སྒུག་བྱས་ཡོད།
གྲྭ་པ་རིག་ལྡན་གཞུང་ལམ་ཐོག་ནས་བྲེལ་བྲེལ་ངང་ཡོང་བཞིན་འདུག ཁོང་རྒན་གསོ་ཁང་གི་སྒོ་འགྲམ་དུ་སླེབས་དུས། ཨ་ཡེ་བཀྲ་མཚོས་སེར་ག་གས་པའི་ལག་པར་སྒོར་བཅུ་ཤོག་སྣེ་རལ་ཞིག་བཟུང་ནས། གྲྭ་བ་རིག་ལྡན་གྱི་མདུན་དུ་བསྡད།
ཁྱོད་ཁྲོམ་དུ། སྲོག་བསླུ་སར་འགྲོ་བ་ཡིན་ནམ།
ཡིན་ལགས། གྲྭ་བ་རིག་ལྡན་གྱིས་མ་ཎི་འཁོར་ལོ་སྐོར་བཞིན་དེ་ལྟར་བཤད།
ངའི་སྒོར་བཅུ་བོ་འདིས་སྲོག་བསླུ་བྱེད་རོགས། བླ་མ་འཕགས་ལོས་ངའི་ཁྱོ་ག་མཐོ་རིས་བོར་བདེ་འགྲོ་ཐོབ་མེད་པས། སྲོག་བསླུས་ན་ཤིན་ཏུ་བཟང་བར་གསུངས།
ཁྱོད་ཀྱིས་ནམ་རྒྱུན་སྲོག་བསླུ་བཞིན་ཡོད་པས། དགེ་བ་བསམ་གྱིས་མི་ཁྱབ།
ཞལ་བྲོ། ཁྱེད་ལ་དཀའ་ལས་གཏད་སོང་།
ཁྱོད་སེམས་བདེ་མོ་བྱོས། ངས་སྲོག་བསླུ་རྣམ་དག་ཅིག་བྱེད་ངེས།
ཨ་ནེ་བཀྲ་མཚོ་ཐུགས་སེམས་བདེ་བའི་ངང་རྒན་གསོ་ཁང་དུ་ལོག་པ་ན། གྲྭ་བ་རིག་ལྡན་ཡང་བྲེལ་བྲེལ་ངང་སྔོ་ལྡུམ་ཚོང་ཁང་གི་ཕྱོགས་སུ་སོང་།
གྲྭ་པ་རིག་ལྡན་ནི་གྲོང་ནང་དུ་སྡོད་པའི་གྲྭ་བ་ཞིག་ཡིན། ཁོས་རྒྱུན་དུ་སྔོ་ལྡུམ་ཚོང་ཁང་ནས་སྲོག་བསླུ་བྱེད་བཞིན་ཡོད། སྔོ་ལྡུམ་ཚོང་ཁང་ནི་ས་གནས་འདིའི་མི་དམངས་ཀྱིས་ཚལ་རིགས་དང་ཤ་སོགས་ཉོ་ཚོང་བྱེད་སའི་ལྟེ་གནས་ཤིག་རེད། སྔོ་ལྡུམ་ཚོང་ཁང་གི་ཟོག་ཤ་དང་ལུག་ཤ་འཚོང་མཁན་གཙོ་བོ་ནི་ཧེ་རིགས་དང་རྒྱ་རིགས་ཡིན་ལ། བོད་པ་རེ་གཉིས་ཀྱང་ཡོད་མོད། ཉེ་བའི་ལོ་ཤས་རིང་ས་ཁུལ་འདིའི་དགོན་པ་དང་ཚོ་བ་སོ་སོས། མིང་ལ་དགེ་བཅུའི་ཁྲིམས་ཞེས་པ། དོན་དུ་སྲོག་མི་གཅོད་པ། ཆང་མི་འཐུང་བ། སྨད་འཚོང་མ་མི་བརྟེན་པ་སོགས་དོན་ཚན་བཅུས་མི་ཚད་པའི་ཆོས་ཁྲིམས་ཤིག་བསྡམས་པས། ནོར་བཤས་རར་ཕབ་མཁན་དང་ཤ་ཚོང་རྒྱག་མཁན་གྱི་བོད་པ་ལ། དགེ་བཅུའི་ཁྲིམས་ཀྱི་འབྲེལ་ཡོད་དོ་དམ་པས་ཆད་པ་ནན་མོ་གཅོད་བཞིིན་ཡོད་པ་དང་། ཁོ་ཚོའི་རང་གི་སྒོ་ནོར་བཤས་རར་ཕབ་ན། ཁོངས་གཏོགས་དགོན་པ་དང་ཚོ་བ་དེའི་ཁྲིམས་འགལ་བ་ཞིག་ཏུ་རྩི་བཞིན་ཡོད། དེ་བས་བྱ་བ་འདིའི་རིགས་བསྒྲུབ་མཁན་གྱི་བོད་པ་ཧ་ཅང་ཉུང་། ད་རུང་སྔོ་ལྡུམ་ཚོང་ཁང་དུ། ཤ་ཚོང་གཞན་པ་རྒྱག་མཁན་ཡོད་དེ། ཚོང་ལས་བ་ནི་རྒྱ་མི་ཤ་སྟག་ཡིན། ཁོ་ཚོས་ཉ་དང། བྱ། ཆུ་འབུའི་རིགས་ཀྱི་ཤ་འཚོང་བཞིན་ཡོད། གང་ལྟར། དགེ་བཅུའི་ཁྲིམས་བསྡམས་པ་ནས་བཟུང་། སྔོ་ལྡུམ་ཚོང་ཁང་གི་ཤ་ཚོང་རྒྱག་མཁན་གྱི་མི་དག་གི་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་།
དགུན་དུས་སུ་སླེབས་དུས། ལྡུམ་ཚོང་ཁང་ནང་ཧ་ཅང་འཁྱག ལྷག་ཏུ་དེ་རིང་གི་ལྷགས་རླུང་དེས་བསམ་གཟས་ནས་མི་རྣམས་ཀྱི་གདོང་པ་ལ་མནར་གཅོད་བྱེད་བཞིན་ཡོད་པ་འདྲ། འོན་ཀྱང་དུས་ཆེན་འདི་འདྲ་ཞིག་ལ་སླེབ་དུས། གྲྭ་བ་རིག་ལྡན་གྱིས་ལྷགས་རླུང་དེ་འདྲ་མིག་ལམ་དུ་འཇོག་མི་སྲིད།
གྲྭ་པ་རིག་ལྡན་གྱིས་ལོ་ཐོ་ལ་བལྟས་ནས། སངས་རྒྱས་ཆོས་ལུགས་ཀྱི་དུས་ཆེན་ཡོད་དོ་ཅོག་གཅིག་ཀྱང་མ་ལུས་པར་བློ་ལ་ཁྲིག་སེ་ངེས་ཡོད། དུས་ཆེན་དེ་དག་གི་དུས་སུ། ཁོང་སྔ་མོ་ནས་ཡར་བཞེངས་ཏེ་སྔོ་ལྡུམ་ཚོང་ཁང་གི་སྒོ་ཆེན་འགྲམ་དུ་སྲོག་བསླུ་བར་ཡོང་བཞིན་ཡོད། སྔོ་ལྡུམ་ཚོང་ཁང་དུ་ཡོང་བའི་མི་སུ་ཞིག་ཡིན་རུང་། གྲྭ་བ་རིག་ལྡན་ཟེར་ན། ཚང་མའི་མིག་ལམ་དུ་གྲྭ་རྒན་གོན་པ་རལ་པོ་གྱོན་ལ། གདོང་པ་ཧ་ཅང་ནག་པའི་སྲོག་བསླུ་བྱེད་མཁན་དེ་ཤར་ཡོང་། གྲྭ་བ་རིག་ལྡན་སྔོ་ལྡུམ་ཚོང་ཁང་གི་སྒོ་ཆེན་གྱི་གྱང་ལ་ཁེན་ནས། མདུན་དུ་ཤོག་སྒམ་ཞིག་བཞག་ལ། དེའི་ནང་དུ་སྒོར་མོ་གཅིག་དང་། བཅུ། ལྔ་བཅུ། བརྒྱ་སོགས་གོ་རིམ་མེད་པར་གསོག་ཡོད། གཡས་ཕྱོགས་སུ་སྒྲ་དུང་ཞིག་ལས། དད་ལྡན་ཕོ་མོ་རྣམ་པ། དེ་རིང་ནི་ཟླ་ནག་གི་དུས་ཆེན་ཡིན་པས། དགེ་སྡིག་བྱེ་བ་འབུམ་འགྱུར་རེད། ཚང་མས་སྲོག་བསླུ་བར་ཞུ་ཞེས་སྐད་མཐོན་པོས་ཡང་ནས་བསྐྱར་དུ་གཏོང་བཞིན་འདུག
སྔོ་ལྡུམ་ཚོང་ཁང་དུ། ཡར་མར་ལ་འགྲོ་བཞིན་པའི་མི་ཚོས་ནམ་རྒྱུན་ལྟར། སྒོར་མོ་ལྔ་དང་བཅུ་བྱས་ནས་གྲྭ་བ་རིག་ལྡན་གྱི་ཤོག་སྒམ་ནང་དུ་འཕེན་བཞིན་འདུག གྲྭ་བ་རིག་ལྡན་སྐྱིལ་ཀྲུང་ལ་བཞུགས་ཏེ་མ་ཎི་འདོན་ཞོར། ཆ་ཡོད་མེད་ཀྱི་མི་དེ་དག་ལ་བཀའ་དྲིན་ཞུ་བའི་མགོ་བོ་ནང་དུ་ལྡེམ་བཞིན་མཆིས།
ལྷགས་རླུང་གི་ངར་ཁ་བཟོད་དཀའ་བས། གྲྭ་བ་རིག་ལྡན་ས་ནས་སྡོད་མི་ཚུགས་ཏེ། སྐབས་རེ་ཡར་ལངས་ཏེ་རྐང་པས་ས་རྡུང་ནས་དྲོས་ཐབས་བྱས་མོད། ཁོང་གི་ཁ་བྱང་ལ་སོང་བའི་ཁ་ནས་མ་ཎི་ཆད་མེད་དུ་འདོན་ཞོར། སྲོག་བསླུ་ཆེད་སྒོར་མོ་སྦྱིན་པའི་མི་ཚོར་འཛུམ་པའི་སོ་ཕྲེང་སྟོན་བཞིན་གདའ།
སྐབས་དེར། སྔོ་ལྡུམ་ཚོང་ཁང་གི་ཉ་འཚོང་མཁན་ལིས་ཚོང་དཔོན་གྱིས་ཀྱང་དེ་རིང་དུས་ཆེན་ཞིག་ཡིན་པ་སྔ་མོ་ནས་ཤེས་ཡོད་པས། ཁོ་མོས་ཐོག་མར་གྲྭ་པ་རིག་ལྡན་གྱི་ཕྱོགས་སུ་ལྟ་ཙམ་བྱས་ལ། དེ་ནས་ཉིན་དེར་ལྡུམ་ཚོང་ཁང་དུ། སྲོག་བསླུ་བར་ཡོང་བའི་གྲྭ་པ་དང་། སྲོག་བསླུ་བྱེད་མཁན་གྱི་མི་གཞན་དག་གི་རིག་ས་ནས། བསམ་གཟས་ནས་ཉ་གསོན་པོ་གང་ཆེ་ཆུ་སྒམ་ལས་བླངས་ཏེ། མགོ་རྡོ་ལ་རྡེབ་པ་དང་། ཧ་ཅང་གདུག་རྩུབ་ལྡན་པས་གསོད་པ་དང་། རྡུང་བ། གཏུབ་པ་སོགས་བྱེད་པའི་དུས། སྔོ་ལྡུམ་ཚོང་ཁང་དུ་ཡོང་བའི་བོད་པ་མང་པོ་ཞིག་གིས་ལྟ་མི་བཟོད་པར། ཨུ་ཚུགས་ཀྱིས་ལིས་ཚོང་དཔོན་གྱི་ཉ་ཚང་མའི་སྲོག་བསླུ་ཐུབ་པར་འབད་པ་བྱེད་བཞིན་ཡོད།
ད་རུང་། ལིས་ཚོང་དཔོན་ཟེར་བའི་ཉ་འཚོང་མཁན་དེས། བོད་ཀྱི་དུས་ཆེན་དག་ལ་ཐོད་གཏུགས་ཏེ། ཉ་དང་བྱ་མང་པོ་ཕྱི་ལོགས་ཀྱི་ཚོང་ར་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད། དེ་ནི་ཁོ་མོའི་ཚོང་ལས་ཉམས་མྱོང་གི་ཁེ་སྤོག་རག་ཐབས་གསར་པ་ཞིག་རེད། ནམ་རྒྱུན་གྲྭ་པ་རིག་ལྡན་གཙོ་བྱས་པའི་སྲོག་བསླུ་མཁན་ཚོས། དུས་ཆེན་དག་གི་སྐབས་སུ། ཉ་དང་བྱ་སོགས་ཚང་མ་ཉོས་ཚར་འགྲོ་བས། ད་ལྟ་ཁོ་མོའི་མཛོད་ཕུག་ཏུ། ཉ་དང་བྱ་སོགས་ཅི་ཙམ་ཉོ་ཐུབ་ན་དེ་ཙམ་བཙོང་རྒྱུ་ཡོད་པའི་གྲ་སྒྲིག་བྱས་ཏེ། གྲྭ་པ་རིག་ལྡན་གཙོ་བྱས་པའི་སྲོག་བསླུ་མཁན་ཚོ་བསྒུག་ཡོད།
སྔོ་ལྡུམ་ཚོང་ཁང་གི་དགུན་དུས་ཇི་ལྟར་འཁྱག་ཀྱང་།
ལྷགས་རླུང་གི་ངར་ཁ་ཇི་ལྟར་རྒོད་ཀྱང་། ལིས་ཚོང་དཔོན་གྱིས་ནམ་རྒྱུན་གྲྭ་པ་རིག་ལྡན་སྲོག་བསླུ་བར་ཡོང་དུས། སྤྲོ་བའི་འཛུམ་དང་འཇམ་པོའི་ངག་གིས་བསུ་བ་བྱེད་བཞིན་ཡོད།
ཉིན་དེར། གྲྭ་པ་རིག་ལྡན་ལྷགས་རླུང་དང་འགྲོགས་ནས་སླེབས་བྱུང་། ཁོང་གི་ནག་ཅིང་ཚི་དྲེག་གིས་ཟིན་པའི་ཕྱག་ཏུ། སྲོག་བསླུ་བྱེད་ཀྱི་སྒོར་མང་པོ་བཟུང་ནས་ཕེབས་བྱུང་།
གྲྭ་པ་རིག་ལྡན་གྱིས་སྔར་བཞིན། བྱམས་བརྩེའི་ཐུགས་དང་ལྷག་བསམ་གྱི་ཕྱག་གིས་ཉ་དང་བྱ་སོགས་ཀྱི་སྲོག་བསམ་གྱིས་མི་ཁྱབ་པ་ཞིག་བསླུས་ཏེ་ཕེབས་སོང་། ཐུགས་སེམས་བདེ་བཞིན་ཕེབས་སོང་། སྤྲོ་བའི་ངང་ནས་ཕེབས་སོང་།
ཨ་ཤུ། ལྷགས་རླུང་བཙན་པོ་དེ་ད་རུང་ལྡང་གིན་འདུག སྔོ་ལྡུམ་ཚོང་ཁང་གི་ཉི་འོད་ཀྱི་དྲོད་ཁོལ་སྔར་ནས་ཡལ་ཟིན།
ཉིན་དེའི་ཕྱི་དྲོ། ལིས་ཚོང་དཔོན་གྱིས་ཀྱང་དགའ་བ་ཆེན་པོ་དང་། དུངས་བ་ཟབ་མོས་ཉིན་གཅིག་གི་དུས་ཆེན་དེའི་ཡོང་སྒོ་རྩིས་ལ་འདེབས་བཞིན་འདུག ཨ་ཙི། ཉིན་དེའི་ཡོང་སྒོ་ཐེངས་སྔོན་མ་ལས་ཀྱང་བཟང་། ཁོ་མོ་དགའ་དྲགས་པས་ཁ་ཡང་ཟུམ་ཐུབ་ཀྱིན་མི་འདུག ཁོ་མོས་མིག་འཁྲུལ་བ་གཏན་ནས་མ་རེད། ཁོ་མོའི་དུང་ལྟར་དཀར་བའི་ལག་ཟུང་གི་ནང་དུ། ཁོ་མོའི་ཁྲག་ལྟར་དམར་བའི་སེན་མོ་ཡི་མདོག་ལ་འགྲན་པའི་ཤོག་བུ་གྲུ་བཞི་མ་དེ་དག སྒོར་མོ་བརྒྱ་ཤོག་དག་དག་རེད། དེ་ནི་གྲྭ་པ་རིག་ལྡན་གྱིས་ལག་པ་ནག་པོས་ཁྱེར་ཡོང་བའི་སྒོར་མོ། ཨ་ནེ་བཀྲ་མཚོའི་ལག་པ་སེར་ག་ཅན་གྱིས་བསྐུར་ཡོང་བའི་སྒོར་མོ། ད་རུང་སྐམ་ཅིང་ཉམ་ཐག་པའི་ངལ་རྩོལ་གྱི་ལག་པ་མང་པོས་སྦྱིན་པའི་སྒོར་མོ་དག་རེད། ཁོ་མོས་སྒོར་མོའི་འབྱུང་ཁུངས་མི་ཤེས་ལ། ཤེས་དགོས་དོན་ཡང་མེད།
སླར་ཡང་ཆོས་ལུགས་ཀྱིས་དུས་ཆེན་ཞིག་སླེབས་ལ་ཉེ། ཁོ་མོས་ཕྱི་ལོག་གི་ཚོང་ར་དེའི་སྦྱིན་བདག་ལ་ཁ་པར་བཏང་།
ཝེ། ཁྱོད་བདེ་མོ་ཡིན་ནམ། ཡིན།
ང་ལ་ཚོང་ཟོག(ཐེངས་སྔོན་མ་ལས་ལྡབ་འགྱུར་གྱིས་མང་བའི་ཉ་དང་བྱ་སོགས)དགོས་འདུག ཨོ་ཡ། མགྱོགས་པོར་ཐོན་དགོས། ཁྱོད་ཀྱི་ཚོང་ངོ་མ་བཟང་གི ཆོག་གི
ལིས་ཚོང་དཔོན། ཁྱོད་དེ་འདྲའི་བྲེལ་བ་མ་ལངས།
ང་བྲེལ་བ་མ་ལངས་རང་ལངས་རེད། དུས་ཆེན་ཞིག་སླེབས་ལ་ཉེ་བས། གོ་སྐབས་དམ་འཛིན་དགོས།
ཁྱོད་ཀྱི་ཀླད་པ་དེར་སུས་ཀྱང་དོ་ཟླ་མི་ཡོང་།
ཧ་ཧ། ཁ་ཡག་མ་བཤད།
ངོ་མ་ཡིན། ངས་ཁྱོད་ཀྱི་ཚོང་ཟོག་དུས་ལྟར་ཐོན་ངེས་བྱ།
བདེ་མོ།
བདེ་མོ།
མཆན་འགྲེལ། སྤྱིར་བཏང་སྲོག་བླུ་ཞེས་འབྲི་དགོས་ཀྱང་ངས་འདིར་རྩོམ་གྱི་ནང་དོན་གྱི་དགོས་མཁོའི་དབང་གིས་སྲོག་བསླུ་ཞེས་བྲིས་ཡོད།