འཕགས་པའི་གནས་བརྟན་བཟང་པོ། ཀརྨ་རྒྱལ་མཚན་གྱིས་མཁོ་འདོན་བྱས།
བོད་རིས་གཞུང་ལུགས་སྲོལ་འབྱེད་སྨན་བླ་དོན་གྲུབ་ཉིད་ཀྱིས་གསར་གཏོད་མཛད་པའི་སྨན་རྙིང་ལུགས་ཀྱི་རི་མོའི་ཁྱད་ཆོས་ནི། ཚོན་མཐུག་ཅིང་མདངས་ཤུགས་ཆེ་བ། སྐྱ་ཚོན་རིགས་ཉུང་བས་རི་མོ་གཞན་ལས་སྣུམ་མདངས་ཆེ་བ། རྒྱང་ལ་རྔམ་ཞིང་བཅར་ན་ཞིབ་པ། སྤང་དང་མཐིང་གི་ཚོན་གར་བ་སྟེ་སྤང་སྐྱ་དང་མཐིང་སྐྱའི་རིགས་ཉུང་བ། སྐུ་གཟུགས་ཀྱི་མགྲིན་པ་དང་ཕྲག་པ་མཐོ་ལ་གོས་འཁྱུད་རིང་ཞིང་མདངས་དང་ལྡན་པ། བཅད་རིས་ཉུང་ལ་རྒྱ་ནག་ཞིབ་བྲིས་རི་མོའི་ལུགས་ལྟར་ཤིན་ཏུ་བཟང་བ། ལྷ་རྣམས་ཚོམ་བུར་མ་བཀོད་པས་བཀྲམ་པ་སྟེ་ས་བཅད་ཀྱི་བཀོད་པ་ཅུང་མི་མཛེས་ཤིང་མཆོད་རྫས་དང་ཡུལ་བཀོད་མཚོན་ཙམ་ལས་རྒྱས་སྤྲོས་མེད་པ་བཅས་སོ། །
སྤྲུལ་སྐུ་རི་མཁར་བའམ་བྱེའུས་སྲོལ་གཏོད་གནང་བའི་བྱེའུ་ལུགས་ཀྱི་རི་མོའི་ཁྱད་ཆོས་ནི། ཁྲི་དང་རྒྱབ་ཡོལ་ཅུང་ཟད་ཆུང་བ། ཡུལ་ལྗོངས་དང་མཆོད་རྫས་སོགས་ཀྱི་བཀོད་པ་མང་ཞིང་མཛེས་པ། ཚོན་དང་མདངས་སྨན་རྙིང་ལས་དྭངས་ཤིང་ཚོན་གྱི་སྡེབ་སྦྱོར་རྒྱས་པ། ལི་ཁྲི་ཤས་ཆེ་བ། མདངས་ཤིན་ཏུ་ལེགས་པ། གོས་འཁྱུད་དག་ལ་མདངས་མེད་པ། ཁྲོ་བོ་རྣམས་ཀྱི་བོངས་ཐུང་ཞིང་གསུས་པ་དང་དབུ་ཆེ་བ། སྐུ་མདོག་མཐིང་ནག་ལ་བཅད་རིས་དཀར་པོའམ་ཡང་ན་མཐིང་གསལ་གྱིས་དྲངས་པ། གཙོ་བོའི་སྐུ་རྣམས་ཆེ་ཞིང་འཁོར་དག་རེའུ་མིག་གམ་སྒོ་ཁྱིམ་ཆུང་ངུའི་ནང་དུ་བྲིས་ནས་བལ་པོའི་ལུགས་དང་ཕྱོགས་མཚུངས་བྱས་པ་རེ་འགའ་ཡང་ཡོད་པར་བཅས་སོ། །གཙང་པ་ཆོས་དབྱིངས་རྡོ་རྗེས་གསར་གཏོད་དང་གྲུ་པ་ཕུར་བུ་ཚེ་རིང་གིས་དར་ཞིང་རྒྱས་པར་མཛད་པའི་སྨན་གསར་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི། ལྷའི་སྐུ་གཟུགས་ཐམས་ཅད་ཡང་དག་གཞུང་ལས་ཇི་ལྟར་གསུངས་ལུགས་དང་ཆ་ཚད་ལ་ཡོངས་སུ་མཐུན་པར་བྲིས་ཀྱང་། ཐིག་གི་དྲྭ་རྒྱ་ལས་གྲོལ་བས། རུས་ཚུགས་དང་ཤ་ཚུགས་བཟང་ཞིང་གཞན་གྱིས་བསྒྲུབ་པར་དཀའ་བའི་ཉམས་འགྱུར་ཕུན་སུམ་ཚོགས་པ། ཞི་བའི་ལྷ་རྣམས་གཞོན་ཤ་ཆགས་ཤིང་སྐུ་སྟོད་ཅུང་ཞུམ་པ། ཁྲོ་བོ་རྣམས་ཤིན་ཏུ་གཏུམ་ཞིང་རྔམ་པའི་ཉམས་ཅན། སྤྲིན་རིས་འཕྱུར་ཞིང་གཡོ་བ་དང་། མེ་རི་ལ་འབར་ཞིང་མཆེད་པའི་རྣམ་པ་མངའ་བ། མཆོད་རྫས་དང། འཇའ་སྤྲིན། མེ་ཏོག་པ་ཏྲའི་རིགས། ཆུ་བྲག་ཚོགས་ཀྱིས་རི་མོ་ཤིན་ཏུ་སྟུག་ཀྱང་ཆ་སྙོམས་པར་མ་བཀྲམ་པས། སྟུག་པོ་དང་ས་སྟོང་གཉིས་ཀ་ཡོད་ཅིང་ས་བཅད་ཀྱི་བཀོད་པ་བཟོ་རྒྱུན་གཞན་ལས་ཁྱད་དུ་འཕགས་པ། གཙོ་ལྷ་ཅུང་ཆེ་བ། ཚོན་མདངས་བཅད་རིས་ཐམས་ཅད་ཤིན་ཏུ་ལེགས་པས་རྒྱང་ཐག་རིང་ཐུང་གང་ནས་བལྟས་ཀྱང་མཛེས་ཆ་ཆེ་བ་བཅས་ཏེ་དེའང་ཐིག་དངོས་སུ་འདེབས་མིན་ཀྱི་ཁྱད་པར་ཙམ་དང་། སྔར་ཡོད་ཀྱི་རི་མོ་ལ་ཉམས་འགྱུར་གསར་དུ་བཏོན་པ་ཙམ་ལས་གཞི་རྩ་སྨན་ལུགས་ལས་མ་འདས་པས་སྨན་ལུགས་དང་། དུས་སྔ་ཕྱིའི་དབང་གིས་གསར་མ་སྟེ་སྨན་གསར་ཞེས་པའི་ཐ་སྙད་ཆགས་པ་ལ། ཕྱི་གླིང་པའི་མཁས་པ་འགའ་ཞིག་གིས། བྲིས་རྒྱུན་འདི་ཁམས་ཕྱོགས་སུ་དར་ཁྱབ་ཆེ་བས་ཁམས་རིས་ཞེས་པའི་ཐ་སྙད་ཀྱང་འདོགས་པར་བྱེད་དོ། །
ཐང་ག་འབྲི་བཞིན་པ།
བོད་བཟོའི་སློབ་དཔོན་ཆེན་མོ་སྨན་མཁྱེན་རྣམ་གཉིས་ཞེས་གངས་རིའི་ཁྲོད་ན་ཉི་ཟླ་ལྟར་གྲགས་པའི་མཁྱེན་བརྩེ་ཆེན་མོའི་ལུགས་ཀྱི་ཁྱད་ཆོས་གཙོ་བོར། རྒྱལ་དབང་ལྔ་པ་ཆེན་པོས་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་བཞེངས་སྐབས། ཞི་བའི་རིགས་ཀྱི་ལྷ་སྨན་ལུགས་པའི་ལག་རྒྱུན་བཟང་ཚུལ་དང་། ཁྲོ་བོའི་རིགས་མཁྱེན་ལུགས་པའི་ལག་རྒྱུན་བཟང་ཚུལ་གསུངས་ཤིང་། ལྷ་བཟོ་བ་རྣམས་ལ་དེ་ལྟར་བྱ་དགོས་པའི་བཀའ་བསྩལ་ཞེས་འཁོད་པ་ལས་རྟོགས་ལ། ཁོང་གི་ཕྱག་རྒྱུན་བསྙོན་མེད་གོང་དཀར་ཆོས་སྡེའི་ལྡེབས་རིས་འཇིགས་བྱེད་སོགས་ནི། ལུས་ཚད་ཐུང་ལ་རགས་པ། འགྱིང་སྟབས་ཆེ་ཞིང་དྲག་ཤུལ་སྟོབས་ཤུགས་ཅན། གཏུམ་ཞིང་ཤིན་ཏུ་ཁྲོས་པའི་རྣམ་པ་མངའ་བ། ཞལ་ཁྱིམ་དང་ཕྱག་ཞབས་ཀྱི་ཤ་གནད་རྣམས་ལ་འབུར་ཚུགས་མངོན་པའི་མདངས་རྒྱག་པ། མི་མགོ་རློན་པའི་དོ་ཤལ་དང་ཞབས་མནན་སོགས་མིའི་གཟུགས་ལ་དངོས་སུ་བལྟས་ནས་བྲིས་པ་ལྟ་བུའི་ཉམས་དང་ལྡན་པ། པ་ཏྲའི་རི་མོ་རྒྱས་སྤྲོས་ཞི་དྲག་ཀུན་གྱི་ཁྲི་ཡོལ་ཐམས་ཅད་ལ་ཡོད་པ། ཞི་བའི་རིགས་ཀྱི་ལོངས་སྐུ་བྱང་སེམས་ཀྱི་འགྱིང་དང་རྣམ་འགྱུར་མཛེས་ཤིང་བདེ་བ། ལོངས་སྐུའི་རྒྱན་གོས་བཅུ་གསུམ་སོགས་ཀྱི་རི་མོ་རྒྱས་ཤིང་དར་དཔྱང་དང་གོས་འཁྱུད་སྡུག་ཆ་ཆེ་བ། མཁའ་འགྲོ་དང་མཆོད་པའི་ལྷ་མོ་སོགས་མོ་རྒྱུད་རིགས་ལ་ལུས་ཕྲ་མཛེས་པའི་མཚན་སྙན་ལྡན་ཅིང་།ལར་འཇིག་རྟེན་སྤྱི་མཐུན་གྱི་ལུགས་ལྟར་ན། བཟོ་རྒྱུན་ཞེས་པ་དེ་ལ་རི་མོའི་བཟོ་ཁྱད་དང་། དེའི་ལུགས་ཀྱི་བསྟན་བཅོས་བཅས་རང་ལུགས་ཆ་ཚང་བ་རེ་ཡོད་དགོས་པ་མ་ཟད་དེའི་རྒྱུན་སྤེལ་དུ་ཡོད་པ་ཞིག་ལ་ཟེར་ཞིང་། དེ་ལུགས་སྒྲུབ་བྱེད་དང་བཅས་ཆ་ཚང་བ་ཞིག་མེད་པའི་རི་མོ་དང་ཚོན་མདངས་ཙམ་གྱི་ཆོས་ཅན་ལ་ནི་བཟོ་ཁྱད་ལས་བཟོ་རྒྱུན་གྱི་ཐ་སྙད་འཇུག་དཀའ་བ་ལྟར་སྣང་མོད་ཀྱང་། བོད་ཀྱི་བཟོ་རིག་སྨྲ་བ་རྣམས་ཀྱིས་ནི་གཅིག་གི་རྗེས་སུ་གཅིག་འཇུག་པར་ཡོད་པ་ལ་བཟོ་རྒྱུན་ཞེས་པའི་ཐ་སྙད་བཏགས་པར་མཛད་པ་བཞིན་གོང་སྨྲོས་བོད་ཀྱི་བཟོ་རྒྱུན་འགའ་ཞིག་གི་བཟོ་ཁྱད་རོབ་ཙམ་བྲིས་པ་ལགས་ལ། གཞན་ཡང་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྒྱ་དཀར་ནག་སོགས་མི་རིགས་དུ་མའི་བཟོ་རྒྱུན་སྤེལ་མྱངས་བ་དང་། བོད་དུའང་བཟོ་ཁྱད་མི་འདྲ་བ་དུ་མ་ཞིག་བྱུང་ཡང་འདིར་ཡོངས་གྲགས་ཀྱི་བཟོ་རྒྱུན་འགའ་ལས་ཐམས་ཅད་བྲིས་པའི་ངལ་བ་ནི་མ་བྱས་སོ། །
མཐུན་པ་སྤུན་བཞི། ཀརྨ་རྒྱལ་མཚན་གྱིས་མཁོ་འདོན་བྱས།