གངས་རིའི་མདངས་སུ་འཁུ་བའི་བརྩེ་བ་ཟབ་མོ།

ངེད་གསར་འགོད་པ་འོད་ཟེར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


        དགོན་སྡེ་ཁག་གི་ལྷག་བསམ་རྣམ་དག་གིས་ཏང་གི་དབུ་ཁྲིད་ལ་བརྩི་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། འཆམ་མཐུན་གྱི་ཆོས་སྲིད་འབྲེལ་བ་གསར་པ་ཞིག་འཛུགས་ཆེད། དཀར་མཛེས་ཁུལ་གྱིས་གོང་རིམ་གྱི་ཐུགས་ཁུར་དང་དགོན་སྡེ་ཁག་གིས་རྒྱབ་སྐྱོར་འོག དཀའ་ངལ་མང་པོ་ཁྱད་དུ་བསད་དེ་མང་ཚོགས་ལམ་ཕྱོགས་སློབ་གསོའི་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་ནས་བགྲང་བྱ་གཉིས་འདས་ཤིང་འབྲས་བུའང་གཡུར་དུ་ཟ་བ་ཐོབ།

        ཁུལ་དང་རྫོང་གི་ལས་ཁུངས་སོ་སོའི་ལས་དོན་ཚོ་ཆུང་གིས་ཐེངས་དང་པོར་དགོན་སྡེ་ཁག་ལ་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་དུས་དཀའ་ཁག་གང་མང་དང་འཕྲད། དཀར་མཛེས་ཁུལ་རྟའུ་རྫོང་དབུལ་སྐྱོར་ཅུས་ཀྱི་ལས་དོན་ཚོ་ཆུང་ཐེངས་དང་པོར་མཁར་ཐོག་དགོན་པར་བསྐྱོད་དེ་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་དུས། ལས་བྱེད་མི་སྣས་དགོན་པའི་སྒོ་འགྲམ་ནས་བོས་ཏེ་བསྒུགས་ཀྱང་ཡུན་རིང་དུ་ཨ་ལན་འདེབས་མཁན་མ་བྱུང་། ནང་དུ་སླེབས་རྗེས་སྡོད་སའང་མེད་པར་ཡར་འགྲེང་ནས་དགོན་པའི་དོ་དམ་ཁང་གི་ཀྲུའུ་རེན་ལ་གླེང་མོལ་བྱས། ཕར་ལ་དྲི་བ་རེ་བཏོན་ན་ཚུར་ལ་ལན་རེ་འདེབས་པ་ལས་གཞན་རང་འགུལ་གྱིས་སྐད་ཆ་གང་ཡང་མི་བཤད་པས་ལས་དོན་ཚོ་ཆུང་གི་ཚོ་མི་རྣམས་ཀྱིས་དགོན་པའི་གྲྭ་བཙུན་དང་ཁོ་ཚོའི་བར་གྱི་རྒྱང་རིང་བའི་བར་ཐག་དེ་ཚོར་བྱུང་། ཡིན་ནའང་། ཁོ་ཚོས་སེམས་མ་ཕམ་པར་ཡང་ཡང་བརྟག་ཞིབ་རྒྱུས་ལོན་བྱས་རྗེས། ཉམས་གསོའི་རྣམ་གྲངས་དང་གྲོན་དངུལ་ཁྱེར་ཡོང་བ་མ་ཟད། ད་དུང་ལག་རྩལ་མི་སྣ་དང་ལས་བཟོ་བ་སོགས་ཁྲིད་ཡོང་ནས་མཉམ་དུ་དགོན་པ་ཞིག་གསོ་དང་ལམ། ཆུ། གློག་འཐེན་པ་སོགས་ཀྱི་བྱ་བར་ནུས་ཤུགས་ཡོད་དགུས་འབད་བརྩོན་བྱས་མཐར་མཁར་ཐོག་དགོན་པའི་རྣམ་པ་ཇེ་གསར་དང་ཆ་རྐྱེན་ཇེ་བཟང་དུ་གྱུར་པས། གྲྭ་བཙུན་ཚོ་དང་ལས་བྱེད་མི་སྣའི་བར་གྱི་འབྲེལ་བའང་ཆ་རྒྱུས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གང་དྲན་ལྷུག་བརྗོད་བྱ་ཆོག་པའི་སེམས་འདྲེས་བློ་འདྲེས་ཀྱི་གྲོགས་པོ་རུ་གྱུར།

        2014ལོའི་བོད་ཀྱི་ལོ་སར་གྱི་ཚེས་བཅོ་ལྔའི་ཉིན། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་འཚམས་འདྲི་ཚོགས་པ་དཔལ་ཡུལ་རྫོང་གི་མདའ་མཁོ་དགོན་ལ་ལོ་སར་ལ་འཚམས་འདྲི་ཞུ་བར་སླེབས་དུས། དགོན་པའི་ལས་འཛིན་མི་སྣས་དྲི་མེད་ཁ་བཏགས་ཀྱི་བཀྲ་ཤིས་སྨོན་འདུན་བཏེགས་ནས་ཁོང་ཚོར་བསུ་བ་བྱས། གླེང་མོལ་བྱེད་སྐབས་གྲྭ་བཙུན་ཚོས་མཐེ་བོང་ཡར་ཀེར་གྱིས་གོང་རིམ་ལ་བཀའ་དྲིན་ཞུ་བ་ལས་གཞན། ལོ་གཅིག་གི་རིང་དགོན་པས་མང་ཚོགས་ལ་སྲི་ཞུ་བསྒྲུབས་པའི་སྐོར་དང་ནང་མི་གཉེན་ཉེའི་བར་གྱི་འཆམ་མཐུན་འབྲེལ་བའི་སྐོར། ད་དུང་ཆོས་ཁྲིམས་ལྟར་ཆོས་ཀྱི་སྙིང་པོ་གཙུག་ཏུ་བཀུར་ནས་འགྲོ་རྣམས་དགེ་བའི་ལས་སུ་བསྐུལ་ཚུལ། གཞན་ཆོས་དད་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱིས་མི་ཚེ་དང་འཚོ་བ་ལ་གཅེས་འཛིན་བདག་སྐྱོང་བྱ་དགོས་པའི་སློབ་གསོ་སྤེལ་ཚུལ་སོགས་མང་པོ་གླེང་།

        རོང་བྲག་རྫོང་ཨུ་དང་སྲིད་གཞུང་གིས་གནས་འགོ་དགོན་ལ་ཆུ་དང་གློག་སོགས་ལྔ་ཡོད་ལས་གཞི་བསྐྲུན་པ་དང་། དཀའ་ཁག་ཡོད་པའི་གྲྭ་བཙུན་དག་ཞིང་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་གི་གྲས་སུ་བཞག། དགོན་པའི་དོ་དམ་ལྷན་ཁང་གི་ཁོངས་མི་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱེད་ལ། གནད་དོན་ཐག་གཅོད་བྱས་པས། ང་ཚོ་བློ་ཐག་ཆོད་པོས་ཏང་དང་འགྲོགས་ནས་མི་འགྲོ་བའི་རྒྱུ་མཚན་ཅི་ལ་ཡོད་ཟེར།
        སེར་ཤུར་རྫོང་འབའ་ག་ཡུལ་ཚོའི་རྣམ་རྒྱལ་གླིང་གི་མཁན་པོ་ཨུ་རྒྱན་གྱིས་མང་ཚོགས་ལས་ཀའི་སེམས་མཐུན་ཕྱོགས་མཐུན་བྱ་འགུལ་སྤེལ་བ་དེས། དགོན་པའི་གྲྭ་བཙུན་དང་ལས་བྱེད་མི་སྣའི་བར་ལ་མཛའ་བརྩེའི་འབྲེལ་བ་ཟབ་མོ་བཙུགས་པས་དགོན་པ་དཀའ་ཁག་ལ་ཐུག་ཚེ་ཐོག་མར་དྲན་ཡོང་བ་ནི་ཏང་ཨུ་དང་སྲིད་གཞུང་ཡིན་ཟེར།
        ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་སྙིང་གཏམ་ཚོགས་འདུར་ཞུགས་ཐེངས་རེ་རེར་གྲྭ་བཙུན་ཕལ་ཆེར་གྱིས་ལག་འཁྱེར་ཁ་པར་བླངས་ནས་སྒྲ་ཕབ་སྲིད། ཁོང་ཚོས་ཁུལ་ཨུའི་ཧྲུའུ་ཅིའི་གསུང་བཤད་ཧ་ཅང་ཡག་པོ་འདུག ང་ཚོའི་ཡི་གར་སིམ་པའི་སྐད་ཆ་རེད། ང་ཚོས་ངེས་པར་དུ་འདི་དག་ཆད་ལྷག་མེད་པར་སྒྲ་བླངས་ནས་ཕྱིར་ཁྱེར་ཏེ་གྲྭ་བཙུན་གཞན་དག་ལ་ཉན་དུ་འཇུག་དགོས་ཟེར།
        བདེན་ཐུབ་ཀྱི་དཔེ་མཚོན་དང་མི་སེམས་འགུལ་བའི་པར་རིས་འདི་དག་ནི། དཀར་མཛེས་ཁུལ་གྱིས་སེམས་མཐུན་ཕྱོགས་མཐུན་བྱེད་སྒོ་སྤེལ་བའི་གྲུབ་འབྲས་མང་པོའི་བསྡུས་གཟུགས་ཤིག་རེད། བྱེད་སྒོ་འདི་སྤེལ་ནས་བགྲང་བྱ་གཉིས་ཀྱི་དུས་ཡུན་ལ་ཁུལ་དང་རྫོང་གི་འགོ་ཁྲིད་1577གྱིས་ཐད་ཀར་དགོན་པ་(ཆོས་ཁང)532དང་། ཆོས་ལུགས་པའི་སྡེ་ཡི་འཐུས་ཚབ་མི་སྣ་5243ལ་འབྲེལ་བ་བྱས་ཏེ། སྙིང་གཏམ་ཚོགས་འདུ་དང་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་སོགས་ཐེངས་6187བྱས། དཀའ་ཁག་ཅན་གྱི་གྲྭ་བཙུན་11500ཞིང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་ཞིང་གྲོང་གི་འགན་ལེན་ལྔ་སོགས་ཀྱི་གྲས་སུ་བཞག་པ་དང་། གྲྭ་བཙུན་14969ལ་རྒྱུ་དངོས་རོགས་རམ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་སྲུང་དང་རྣམ་པ་གསར་པའི་ཞིང་སྡེའི་སྨན་བཅོས་འགན་སྲུང་དུ་ཞུགས། ད་དུང་སྒོར་ཁྲི་5000ལྷག་གི་འགྲོ་སོང་བཏང་སྟེ་དགོན་པ་51ལ་ལྔ་ཡོད་ལས་གཞི་འཛུགས་སྐྲུན་དང་དགོན་པ་33གྱི་ཁང་རྙིང་བསྒྱུར་བཀོད་བྱས། སྒོར་ཁྲི་1105བཏང་སྟེ་དགོན་པ་221ལ་དཔེ་མཛོད་ཁང་གསར་འཛུགས་བྱས། གཞན་ལས་བྱེད་མི་སྣ་དགོན་པའི་དོ་དམ་ལས་ཀར་ཞུགས་པའི་བྱེད་ཐབས་སྤྱད་དེ་དགོན་པའི་དོ་དམ་རྣམ་པ་གསར་བཅོས་བྱས་ཤིང་། ལས་བྱེད་པའི་ལྷག་བསམ་ལ་རྒྱ་ཆེ་བའི་གྲྭ་བཙུན་གྱི་ཡིད་ཆེས་ཐོབ་པས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་གོམ་སྟབས་ཇེ་བརྟན་དུ་བཏང་། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1